མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་འབྲོག་ཁུལ་གྱིས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྣམ་པ་སྤྱད་དེ་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཁ་ཕྱོགས་གསར་བ་འཚོལ་ཞིབ་བྱས།

རྩོམ་པ་པོ། ཤ་བོ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-11 16:06

ལོ་གཉིས་ཀྱི་སྔོན་ལ་འབྲོག་པ་ཀུན་བཟང་རྒྱལ་གྱིས་མ་རྐང་འཇོག་པའི་བྱེད་ཐབས་སྤྱད་དེ། རང་ཁྱིམ་གྱི250དང་རྩྭ་ས་མུའུ་སྟོང་འགའ་སྡེ་བར་སྤྲད་དེ་ཆེད་ལས་མཉམ་ལས་ཁང་དུ་ཞུགས་སྐབས། དོན་དངོས་སྟེང་ཁོའི་སེམས་དེ་འདྲའི་བདེ་མོ་ཞིག་མིན་ལ། ད་ལྟ་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བར་གྱུར་ཡོད་པའི་ཀུན་བཟང་རྒྱལ་ལ་མཚོན་ན། དང་ཐོག་རང་ཉིད་ཀྱིས་བདམས་པའི་དོན་དེ་ནི་སེམས་གཏིང་ནས་དགའ་སྤྲོ་སྐྱེ་པ་ཞིག་དང་གཟི་བརྗིད་ཞིག་དུའང་འདོད་ཡོད།

ན་ནིང་ཀུན་བཟང་རྒྱལ་གྱིས་ལོ་གཅིག་གི་རིང་ལ་གླ་གཏོང་རླངས་འཁོར་གྱིས་སྒོར་མོ8000བླངས་པ་དང་། ཁོའི་བཟའ་ཟླས་རྫོང་མཁར་དུ་གཉེར་ཡོད་པའི་ཚོང་ཁང་ནས་སྒོར་མོ་ཁྲི1.2བླངས་ཤིང་། དེའི་ཁར་ཆེད་ལས་མཉམ་ལས་ཁང་གི་ཡོང་སྒོ་སྒོར་མོ་ཁྲི1.2ཡོད་པས། ཁོ་ཚང་གི་ལོ་གཅིག་གི་ཡོང་སྒོ་སྒོར་མོ་ཁྲི3རེད། ཀུན་བཟང་རྒྱལ་གྱིས་ད་ལྟའི་ཡོང་སྒོ་ནི་སྔོན་ཆད་ཕྱུགས་ལས་ཁོ་ན་གཉེར་བའི་སྐབས་དང་བསྡུར་ན་ཡོང་སྒོ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར།

ཀུན་བཟང་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་བརྡལ་མེ་ལོང་སྡེ་བ་རུ་ཁག་དང་པོའི་མི་ཡིན་ལ། ཁོ་བསྡད་ཡོད་པའི་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་སྡེ་བ་བདུན་ནང་གི་གཅིག་རེད།

ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་མི་དང་རྩྭ་ས། ཕྱུགས་ཟོག་བཅས་ཀྱི་འགལ་བ་འབུར་ཐོན་ཡིན་པ་དང་། རྩྭ་ས་མཉམ་ཞན་དུ་གྱུར་བ་ཚབས་ཆེ་བ། འབྲོག་པའི་རྒྱུན་མཐུད་ཡོང་སྒོ་ལ་གནོད་པ་ཆེ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ཆེད། ཉིས་སྟོང་བརྒྱད་ལོ་ནས་བཟུང་རང་བྱུང་རྩྭ་ས་མུའུ་དུང་ཕྱུར5.47གྱི་ཐོན་ཁུངས་ཡོད་པའི་མཚོ་སྔོན་ཞིང་ཆེན་ནས། འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་གཞི་གཅིག་ཏུ་གྲུབ་པའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་སྟངས་འཚོལ་ཞིབ་བྱེད་མགོ་བརྩམས་ཏེ། འབྲོག་པ་མང་ཚོགས་ལ་རྩ་འཛུགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་འབྲོག་ཁུལ་གྱི་ཐོན་སྐྱེད་རྒྱུ་ཆ་ལེགས་བཅོས་དང་ལེགས་སྒྲིག་བྱེད་པར་ཚོད་ལྟ་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ཕྱུགས་ལས་ཐོན་སྐྱེད་གཉེར་བའི་རྣམ་པ་བསྒྱུར་ཏེ། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བའི་དེང་རབས་ཀྱི་ཕྱུགས་ར་གསར་བ་འཛུགས་མགོ་བརྩམས།

2008ལོའི་ཟླ7པར་ཚོད་ལྟ་བྱེད་པའི་སྡེ་བ་བདུན་གྱི་གྲས་ཀྱི་གཅིག་ཡིན་པའི་མེ་ལོང་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་བཙུགས་རྗེས། ཀུན་བཟང་རྒྱལ་ཚང་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་ཐོག་མ་རུ་གྱུར་བར་མ་ཟད། རྩྭ་ཆུ་བསྙེག་ནས་ཕྱུགས་འཚོ་བའི་ཐོན་སྐྱེད་བྱེད་སྟངས་དང་ཁ་བྲལ་ནས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་འཛིན་མཁན་དུ་གྱུར།

ཞིན་ཡོན་གྲོང་རྡལ་གྱི་མགོ་གཙོ་ལིས་ཡིས་ཏུང་གིས་བཤད་རྒྱུར། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་སྟངས་དེ་ནི་འབྲོག་པ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་། མ་རྐང་ལམ་ལུགས་ཀྱི་བདག་གཉེར་འདུ་ཤེས་ནང་འདྲེན་བྱས་པ་བརྒྱུད་ནས། ཁྱིམ་ཚང་བདག་གཉེར་ལས་ཁུངས་ཡིན་པའི་ཕྱུགས་ཟོག་དང་རྩྭ་ས་ཕྱོགས་གཅིག་ཏུ་བསྡུ་བ་མངོན་འགྱུར་བྱེད་རྒྱུ་དེ་ཡིན།

ལོ་གཉིས་ལྷག་རིང་གི་འཚོལ་ཞིབ་དང་ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སྡེ་བ་རིམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་གྲུབ་པའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྣམ་པ་དེ། ཕྱུགས་ཟོག་ཁྱུ་བཀར་ནས་གསོ་སྤེལ་དང་རྩྭ་ས་དྲ་ཚིགས་ཅན་གྱི་དོ་དམ། ཆེད་ལས་འཚོ་གསོ་བྱེད་པ་སོགས་ཀྱི་སྔོན་ཐོན་ཐོན་སྐྱེད་ལག་རྩལ་མངོན་འགྱུར་བྱེད་རྒྱུ་མ་ཟད། ཕྱུགས་ལས་ཀྱིས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་ཐུབ་པར་ཡིད་ཆེས་འདོན་སྤྲོད་བྱས་བ་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་གྱིས་ངལ་རྩོལ་པ་ལྷག་མ་ཇེ་མང་དུ་སོང་ལ། འབྲོག་པ་མང་ཚོགས་དེ་དག་གིས་ལས་ཀ་གཞན་གཉེར་བར་ཆ་རྐྱེན་བཟོས་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཆོན་རྗེ་ཤང་ཉིན་ཞ་སྡེ་བའང་ཐོག་དང་པོར་ཕྱུགས་ལས་ཐད་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་པའི་ཚོད་ལྟའི་སྡེ་བར་ཞུགས་པའི་གྲས་ཡིན་པ་དང་། སྡེ་དཔོན་ཚེ་བྷོ་ཡིས་གསར་འགོད་པར་བཤད་རྒྱུར། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་བཙུགས་རྗེས་རྩྭ་སའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རྩྭ་སྐྱེས་ཚུལ་ཡང་སྔོན་ཆད་དང་བསྡུར་ན་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཡོད་ཟེར།

ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་དུ་སོང་ཡང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ཡོད།

ཆོན་རྗེ་ཤང་གི་ཤང་ཀྲང་ལིས་བན་ལུའུ་ཡིས་གསར་འགོད་པར། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་གི་བདག་གཉེར་བྱེད་སྟངས་བརྒྱུད་ནས། གསོ་སྤེལ་ལས་རིགས་ཀྱི་ཕྱོགས་ནས་མཚོ་སྔོན་འབྲོག་ཕྱོགས་ས་ཁུལ་དུ་ཕྱུགས་ཟོག་གི་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཕྱུགས་ཀྱི་འཕེལ་ཁའང་ཆེས་ཆེར་ཇེ་མཐོར་སོང་ཡོད་པ་ལས་གཞན་ཕྱོགས་བསྡུས་ཀྱིས་འཚོ་གསོ་དང་གཅིག་གྱུར་གྱིས་ཉོ་ཚོང་བྱེད་པ་སོགས་ཀྱི་དོ་དམ་བྱེད་སྟངས་ལ་བརྟེན་ནས། ཕྱུགས་ལས་ཐད་ཀྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར།

ཕྱུགས་ཟོག་ཇེ་ཉུང་དུ་སོང་ཡང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་ནི་ཕྱུགས་ལས་ཐད་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་སྟངས་བདེ་ལེགས་ངང་རྒྱ་ཆེ་རུ་བསྐྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ལིས་བན་ལུའུ་ཡིས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྣམ་པ་དེ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་དང་ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བར་བྱས་ཏེ། ཚན་རིག་ལྟར་རྩྭ་ས་བེད་སྤྱོད་བྱེད་པ་མངོན་འགྱུར་བྱས་ཏེ་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཟེར།

ལིས་བན་ལུའུ་ཡིས་བལྟས་ན། མིག་སྔར་བླངས་ཟིན་པའི་གྲུབ་འབྲས་ལས་མཚོ་སྔོན་འབྲོག་ཁུལ་གྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་སྟངས་ཀྱི་ཆ་ནས་ཚོད་ལྟ་བྱས་བ་དེས་བདག་གཉེར་བྱེད་སྟངས་དང་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕྱོགས་གཉིས་ཀྱི་ཐད་ནས་གྲུབ་འབྲས་བླངས་ཡོད་པར་འདོད།

2010ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚོད་ལྟ་བྱས་བའི་སྡེ་བ་དག་གི་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་དབྱེ་ཞིབ་བྱས་པ་ལྟར་ན། ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་འབྲོག་ཁུལ་གྱི་རྫོང་སུམ་ཅུའི་ཕྱུགས་ལས་སྲིད་འཛིན་སྡེ་བ883ནས། འབྲོག་དམངས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཞི་བྱས་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་སྒྲིག་གཞི་འཛུགས་རྒྱུའི་འཆར་གཞི་བཏོན།

ལིས་ཡུས་ཏུང་གིས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་རྣམ་པ་དེས་མཚོ་སྔོན་འབྲོག་ཁུལ་ལ་མཚོན་ན། ཐོན་སྐྱེད་རྣམ་པ་རྩ་སློག་རང་བཞིན་གྱི་བསྒྱུར་བཅོས་བྱས་བ་དང་། དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གསར་བ་ཞིག་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་ཕ་ཡག་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ། ཆེད་ལས་མཉམ་ལས་ཁང་གི་སྤྱིའི་བདག་གཉེར་བ་ལྷ་བརྟན་གྱིས། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱེད་སྟངས་ཀྱིས་རྩྭ་སར་བརྟེན་ནས་ཕྱུགས་གཏན་འཁེལ་བྱེད་པ་དང་། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བའི་དོ་དམ་སྒྲིག་གཞི་འདོན་སྤྲོད་བྱས་ཡོད་ཀྱང་། ཁྱིམ་ཚང་གཅིག་རེ་གཙོ་བོར་འཛིན་པའི་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་བ་དེ་གཞི་ཁྱོན་ཅན་གྱི་བདག་གཉེར་བྱས་ན། ཐོན་སྐྱེད་བདག་གཉེར་དོ་དམ་དང་ངལ་རྩོལ་པ་ལྷག་མ་ལས་ཀར་ཞུགས་པ་སོགས་འདུས་པའི་གནད་དོན་མི་ཉུང་བ་ཞིག་ཡོད་པས། དེའི་ཕྱོགས་ཀྱི་འབྲེལ་ཡོད་གནད་དོན་ཡོད་ཚད་ལ་མུ་མཐུད་དུ་དབྱེ་ཞིབ་བྱེད་དགོས་ཟེར། །