མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལ་བརྟན་འཇགས་ངང་ཡར་སྐུལ་ཐོབ་པ་དང་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཕྱི་དུས་མཉམ་དུ་ཆ་ཚང་དུ་བཏང་བ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-11 16:07

2009ལོར་མཚོ་སྔོན་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་བཏང་ཚར་བ་དང་། འབྲོག་པའི་གཏན་སྡོད་ཁང་བ་ཁྲི་ལྔ་ལྷག་ལས་པ་དང་། ད་སྔ་འབྲོག་པའི་ཁྱིམ་ཚང་ཁྲི་གསུམ་ལྷག་སྡོད་གནས་གསར་བར་གནས་སྤར། དམངས་ཕན་བཟོ་སྐྲུན་དེས་མཚོ་སྔོན་འབྲོག་ཁུལ་སྡོད་གནས་ཆ་རྐྱེན་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འབྲོག་པ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་བྱེད་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འོན་ཀྱང་། གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་རྗེས་འབྲོག་པ་མང་ཚོགས་འདུས་སྡོད་ཀྱི་ཚད་ཇེ་མཐོར་སོང་བ་དང་། དེའི་ཁར་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཐད་ལོ་རྒྱུས་ཀྱི་དོམ་ཆད་པ་ཧ་ཅང་མང་ལ། གཏན་སྡོད་བྱེད་སའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་གཉིས་ཀྱི་འགྲོས་མི་མཉམ་པ་དང་། སྒྲིག་ཆས་ཆ་མི་ཚང་བའི་གནད་དོན་རིམ་བཞིན་འབུར་ཏུ་ཐོན་ཡོད།

_གཏན་སྡོད་ཁང་བ་འཛུགས་སྐྲུན་བྱེད་པ་བརྟན་འཇགས་ངང་སྐུལ་འདེད་བྱས་ཤིང་། འབྲོག་ཁྱིམ་སུམ་ཁྲི་ཙམ་དགའ་སྤྲོའི་ངང་སྡོད་གནས་གསར་བར་སྤར།

གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་ཐོན་པ་ན། རྫོང་མཁར་མཐའ་སྐོར་དུ་ཧ་ཅང་གྲལ་དག་ལ། ཚོན་མདངས་རྣམ་པར་བཀྲ་བའི་ཁང་ལེབ་དེ་དག་གིས་མིག་དབང་ཅིག་ཅར་འཕྲོག དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ་འབྲོག་པ་རྣམས་འདུས་སྡོད་བྱེད་ས་ཆེས་ཆེ་བའི་དུད་ཁྱིམ་སྟོང་གི་སྡེ་གསར་རེད། སྡེ་གསར་དཀྱིལ་དབུས་ཀྱི་ཟེགས་ལམ་ནས་འགྲོ་སྐབས། སྡོད་ཁང་མང་ཆེ་བའི་ནང་མི་བསྡད་ཡོད་པ་མངོན་གསལ་སྒོས་མཐོང་ཐུབ།

སྡོད་གནས་གསར་བར་སྤར་བའི་ཐེམ་ཆེན་རྫོང་འབྲུག་ཁྱུང་ཤང་རུ་ཁག་ལྔ་བའི་དབང་རིས་ཡིས“ཁང་བ་ནི2009ལོའི་ཟླ་ལྔ་བ་དང་ཟླ་དྲུག་པའི་བར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། 2010ལོའི་ཟླ་བཅུ་བའི་ནང་ང་རང་གནས་འདིར་སྤར་བ་ཡིན། ” སྡེ་གསར་ནང་དུ་རང་འབབ་ཆུ་ད་དུང་འཐེན་མེད་ལ། མིག་སྔར་དོང་ཆུའི་ནང་ཆུ་ལེན་བཞིན་ཡོད། འོན་ཀྱང་། 89%ཁང་བའི་ནང་མི་བསྡད་ཡོད་ཟེར།

ཐེམ་ཆེན་རྫོང་གི་གཏན་སྡོད་འབྲོག་པའི་བཟོ་སྐྲུན་ལ་འགན་གཙོ་བོར་ཁུར་བའི་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དུད་ཁྱིམ་སྟོང་གི་སྡེ་གསར་ནི་ཐེམ་ཆེན་རྫོང་གིས 2009ལོར་ཐོག་དང་པོར་ལག་བསྟར་བྱས་པའི་འབྲོག་པའི་གཏན་སྡོད་ལས་གཞི་ཅིག་ཡིན་པ་དང་། འབྲོག་པ་མང་ཚོགས་ཀྱི་རེ་བ་བརྩི་འཇོག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། གཅིག་གྱུར་སྒོས་སུ་འཇོན་དེ་འགུག་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ནས། ལོ་མཇུག་ཏུ་ལས་མགོ་བརྩམས་པ་དང་། ལོ་གཉིས་པའི་ཟླ་དྲུག་པ་དང་བདུན་པའི་ནང་ཕལ་ཆེར་ཁང་བའི་ནང་སྡོད་ཆོག་པའི་ཆ་རྐྱེན་འཛོམས་ཡོད་ཟེར།

ཚེ་ལྷ་རྒྱལ་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་འབྲོག་པའི་གཏན་སྡོད་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས2009ལོ་དང2010ལོར་ཐེམ་ཆེན་རྫོང་གི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལས་འགན་སོ་སོར་ཁྱིམ་ཚང1010དང་ཁྱིམ་ཚང900ལས་དགོས་པའི་ལས་འགན་བགོས་བ་དང་། མིག་སྔར། ལོ་འདི་གཉིས་ཀྱི་གཏན་སྡོད་ཁང་བ་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། ད་ལོར་ཐེམ་ཆེན་རྫོང་གིས་ད་དུང་གཏན་སྡོད་ཁང་བ748ལས་མགོ་རྩོམ་རྒྱུ་ཡིན་ཟེར།

2009ལོར་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྒྲིག་པའི«མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ས་ཁུལ་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཆར་འགོད།»ལྟར་དུ། 2009ལོ་ནས2013ལོའི་བར། མཚོ་སྔོན་གྱིས་ལོ་ལྔའི་དུས་ཚོད་བེད་སྤྱད་ནས་གཏན་སྡོད་ཀྱི་ཁྱིམ་ཚང་ཁྲི11.3དང་མི་གྲངས་ཁྲི53གྱི་ཁང་བའི་གནད་དོན་དང་སྡོད་ཁང་གི་ཆ་རྐྱེན་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།

འདས་པའི་ལོ་གཉིས་ཀྱི་རིང་ལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ས་ཆ་སོ་སོས་འབྲོག་པའི་གཏན་སྡོད་ཁང་བ་འཛུགས་སྐྲུན་བྱེད་པ་བདེ་བླག་ཡིན་ལ། ལོ་སྔོན་མ་གཉིས་ཀྱི་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་ཡང་ན་ཚད་ཀྱིས་བརྒལ་ལེགས་འགྲུབ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་འབྲོག་པའི་གཏན་སྡོད་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པའི་བསྡོམས་རྩིས་ཆ་འཕྲིན་ལྟར་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལ་བསྡོམས་པས་སྒོར་དུང་ཕྱུར26བཏང་ཚར་བ་དང་། ལས་མགོ་བརྩམས་པའི་ཁང་བ་ཁྲི5.27ཡོད་པ་དང་། དེས་ལོ་ལྔའི་སྤྱིའི་འཆར་འགོད་ཀྱི47%ཟིན་ཡོད་པ་དང་། དེའི་ནང་ཁྱིམ་ཚང་ཁྲི2.07སྡོད་ཁང་གསར་བའི་ནང་གནས་སྤར། 2011ལོར། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར12བཏང་སྟེ། འབྲོག་ཁུལ་གྱི་རྫོང26ཏུ་གཏན་སྡོད་ཁང་བ་ཁྲི2.5ལས་པའི་འཆར་འགོད་ཡོད།