མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་གྱིས་ཁྱད་ལྡན་ཚན་རྩལ་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་བཏང་།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-11 16:07

རང་རྒྱལ་གྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས“འཚོ་རྩྭ་བཏབ་ནས་ཕྱུགས་གསོ་བ་དང་སྐྱེ་ལྡན་ཕྱུགས་ལས་ཀྱི་གནད་འགག་ལག་རྩལ་ཕྱོགས་བསྡུས་དང་དཔེ་སྟོན་ལས་གཞི”ལག་བསྟར་བྱས་པ་བརྒྱུད་དེ། ས་ཁོངས་མི་འདྲ་བའི་ལག་རྩལ་དཔེ་དབྱིབས་གོང་དུ་སྤེལ་བ་མ་ཟད་ད་ཡོད་ཀྱི་ཚད་ལྡན་ལག་རྩལ་མཉམ་སྒྲིག་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བའི་གནས་བབ་བཟང་བོ་བསྐྲུན།

དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་དེ་རགས་ལས་ཅན་ཡིན་ཞིང་། རྩྭ་སའི་ཐེག་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་ལས། རྩྭ་ས་ཉམས་ཞན་དང་བྱེ་ཐང་ཅན་ཏུ་འགྱུར་བ་ཚབས་ཆེ་ལ། རྩྭ་ས་དང་ཕྱུགས་ཟོག་བར་གྱི་འགལ་བ་ཉིན་རེ་བཞིན་མངོན་གསལ་དུ་གྱུར། ཉེ་བའི་ལོ་གསུམ་གྱི་རིང་ལ། བདག་གཉེར་བྱེད་སྟངས་བསྒྱུར་བ་དང་རྩྭ་ཕྱུགས་དོ་མཉམ་ཡོང་ཐབས་འཚོལ་ཞིབ་བྱེད་པ་དེ་དཀྱིལ་སྙིང་དུ་བརྩིས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དྲུག་གི་ཆ་རྐྱེན་མི་འདྲ་བའི་ཕྱུགས་ལས་ས་ཁུལ་དུ་ས་ཁོངས་ཀྱི་ལག་རྩལ་བཀོལ་སྤྱོད་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔར་རིགས་མི་འདྲ་ཞིང་རེ་རེར་ཁྱད་ཆོས་རེ་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་ཀྱི་དཔེ་དབྱིབས་གསུམ་བཙུགས་ཡོད།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་ཞེ་ཡོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་དུ་བཙུགས་པའི་ཐོན་སྐྱེན་ལག་རྩལ་དཔེ་དབྱིབས་གསུམ་གྱིས་སོ་སོར་ཕྱུགས་ར་དང་སྡེ་བ། གྲོང་བརྡལ་བཅས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་དཀྱིལ་སྙིང་དུ་བརྩི་བ་དང་དེང་རབས་ཕྱུགས་ལས་ལག་རྩལ་དཀྱིལ་སྙིང་དུ་བརྩི་བ། སྐྱེ་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་པ་དཀྱིལ་སྙིང་དུ་བརྩིས། ལས་གཞི་ལག་བསྟར་བྱེད་སྐབས་ཚན་རྩལ་མི་སྣས་དེང་རབས་ལག་རྩལ་གྱིས་གཟན་རྩ་དང་གཟན་ཆས་ལས་སྣོན་བྱས་ཏེ་བཀོལ་སྤྱོད་བྱེད་པ་དང་། སྐྱེ་ལྡན་གསོ་ཐབས་དང་དོ་དམ་ལ་བརྟེན་ནས་འབྲི་གཡག་དང་བོད་ལུག་གསོ་བ་དང་། ལུ་གུ་འཚོ་གསོ་སོགས་ཀྱི་ལག་རྩལ་མ་ལག་གསར་བསྐྲུན་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་དེ་སྲོལ་རྒྱུན་གྱི་བྱེད་སྟངས་ནས“ཕྱུགས་འཚོ་བ་དང་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན། དུས་ཚིགས་ལྟར་ར་ནང་དུ་གསོ་བ”བཅས་ཀྱི་ཕྱོགས་སུ་བསྒྱུར་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་མངོན་གསལ་སྒོས་ཇེ་མཐོར་སོང་།

ཀྲུང་གོ་ཚན་རྩལ་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲའོ་ཞིན་ཆོན་གྱིས་བཤད་རྒྱུར། སྲིད་གཞུང་གིས་གཙོ་ཁྲིད་བྱས་ཏེ། ཐོན་སྐྱེད་དང་སློབ་སྦྱོང་ཞིབ་འཇུག དེ་མིན་མ་རྩ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྩ་འཛུགས་དོ་དམ་དཔེ་དབྱིབས་ཀྱིས་ཁྱད་སྟོབས་ཚན་རྩལ་ཐོན་ཁུངས་གཅིག་བསྡུས་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག་བྱས་བ་དང་། ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་བཏང་། ལས་གཞི་སྤེལ་སྐབས་ཐོག་མར་མཚོ་བོད་མཐོ་སྒང་ས་ཁུལ་གྱི“ས་ཁུལ་གསུམ་གྱི་བྱེད་ནུས་མཉམ་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་།”བཏོན་པ་དང་། “ཐོན་ཁུངས་བེད་སྤྱོད་བྱས་ཚད་ལྡབ་འགྱུར་གྱིས་འཕར་སྣོན་འབྱུང་བའི་དཔེ་དབྱིབས”གནད་སར་བཞག་ནས་ཁྱབ་སྤེལ་བྱས་བས། སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་དང་སྐྱེ་ཁམས་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་བྱུང་བ་རེད་ཟེར། །