མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་ལ་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཀ་བཙལ་བ་དང་རང་གིས་ལས་ཀ་གཉེར་བར“ཁ་གསབ་རོགས་དངུལ”སྟེར་རྒྱུ་གཏན་ལ་ཕབ།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-17 10:41

ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བསྡུས་པའི་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་ལ་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཀ་གཞན་པ་བཙལ་བར་ཁ་གསབ་བྱེད་པའི་སྲིད་ཇུས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་ནས་ཤེས་བ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཉམ་དུ་གཏན་ལ་ཕབ་པ་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་ལ་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཀ་གཞན་པ་བཙལ་བའི་ཁ་གསབ་ནང་རྐྱེན་གྱི་ལག་བསྟར་བྱེད་ཐབས།»འགྲེམ་སྤེལ་བྱས། «ལག་བསྟར་བྱེད་ཐབས»ཀྱི་ནང་གཙང་གསུམ་འབྱུང་ཡུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། རོང་འབྲོག་མང་ཚོགས་ཀྱི་ནུས་རྩལ་གསོ་སྦྱོང་དང་། ལས་ཀ་གཞན་པ་བཙལ་བ། རང་གིས་ལས་ཀ་གཉེར་བ་བཅས་ཀྱི་ཐད་གནས་པའི་དཀའ་ཁག་ཐག་གཅོད་རྒྱུ་གཏན་ལ་ཕབ་ཡོད།

«ལག་བསྟར་བྱེད་ཐབས»ཀྱི་ནང་ལས་ཞུགས་ནུས་རྩལ་གསོ་སྦྱོང་ལ་ཁ་་གསབ་བྱེད་པའི་ཐད་དུ། རྫོང་རིམ་པ་ཡན་གྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྣེ་ཁྲིད་དེ་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་པ་རྩ་འཛུགས་བྱས་ཏེ་ལས་ཞུགས་ནུས་རྩལ་གྱི་གསོ་སྦྱོང་སྣ་ཚོགས་བྱེད་པ་དང་། གསོ་སྦྱོང་སྐབས་ཀྱི་སློབ་མའི་འཚོ་བའི་གྲོན་དངུལ་དང་འགྲིམ་འགྲུལ་གྲོན་དངུལ། ཞག་སྡོད་གྲོན་དངུལ་བཅས་ལ་ཁ་གསབ་ངེས་ཅན་བྱེད་རྒྱུ་གཏན་ལ་ཕབ་ཡོད། གསོ་སྦྱོང་གི་ནང་དོན་གཙོ་བོར་རྩྭ་ས་དང་ནགས་ཚལ་སོགས་དོ་དམ་སྲུང་སྐྱོབ་དང་། ཨར་ལས་འཛུགས་སྐྲུན་དང་རྒྱུ་ཆ་ཐོན་སྐྱེད། རླངས་འཁོར། འདྲུལ་འཐེན་འཁོར་ལོ། འཕྲུལ་འཁོར་ཆེ་གྲས་བཅས་ཀྱི་ཁ་ལོ་བ་དང་ཞིག་གསོ། མི་རིགས་བཟོ་རྩལ་ཐོན་རྫས་ལས་སྣོན། དེ་མིན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་གིས་ལས་ཀ་བསྐྲུན་པ་དང་ནུས་རྩལ་ལ་བརྟེན་ནས་ལས་ཀ་བཙལ་བ། ཁེ་ལས་ཀྱིས་ཐད་ཀར་དུ་ངལ་རྩོལ་པ་བསྡུ་ལེན་བྱས་ཏེ་ལས་ཞུགས་ལས་རྐང་གི་ནུས་རྩལ་གསོ་སྦྱོང་བྱེད་པ་སོགས་འདུས་ཡོད། གསོ་སྦྱོང་སྐབས་ཀྱི་འཚོ་བའི་གྲོན་དངུལ་ཁ་གསབ་དེ་ཉིན་གྲངས་ལྟར་རྩིས་རྒྱག་པ་དང་། མི་རེར་ཉིན་རེར་འགྲིམ་འགྲུལ་དང་ཞག་སྡོད་གྲོན་དངུལ་སྒོར་མོ་ཉི་ཤུ་རེ་ཁ་གསབ་བྱེད་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་པ་ནས་གསོ་སྦྱོང་བྱེད་པའི་མི་རེར་ལོ་རེར་སྟེར་ཐེངས་གཅིག་གིས་འགྲིམ་འགྲུལ་དང་ཞག་སྡོད་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྒོར་མོ་སུམ་བརྒྱ་རེ་སྟེར་རྒྱུ། ཞིང་ཆེན་གཞན་པ་ནས་གསོ་སྦྱོང་བྱེད་པའི་མི་རེར་ལོ་རེར་སྟེར་ཐེངས་གཅིག་གིས་འགྲིམ་འགྲུལ་དང་ཞག་སྡོད་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྒོར་མོ་བརྒྱད་བརྒྱ་རེ་སྟེར་རྒྱུ་རེད།

ལས་ཀ་གཞན་པ་བཙལ་བར་ཁ་གསབ་རོགས་དངུལ་སྟེར་བའི་ཐད་ནས། ལས་ཞུགས་ཞབས་ཞུའི་སྒྲིག་གཞི་དང་ངལ་ལས་བར་ཁེ་བས་རྩ་འཛུགས་བྱས་ནས་རོང་འབྲོག་པའི་ངལ་རྩོལ་པ་ཕྱིར་གཏོང་བའི་བརྩོན་སེམས་སྐུལ་སྤེལ་གང་ལེགས་བྱེད་ཆེད། སྤྱི་པའི་ལས་ཞུགས་ཞབས་ཞུ་སྒྲིག་གཞི་དང་ལས་རིགས་མཚམས་སྦྱོར་སྒྲིག་གཞིའི་ལས་རིགས་མཚམས་སྦྱོར་གྲོན་དངུལ་ཁ་གསབ་ཀྱི་ཚད་གཞི་འོས་འཚམ་སྒོས་ཇེ་མཐོར་གཏོང་བ་མ་ཟད། ངལ་རྩོལ་པ་ཕྱིར་བཏང་བའི་ཁ་གྲངས་ལྟར་ངལ་ལས་བར་ཁེ་པར་ཁ་གསབ་རོགས་དངུལ་ངེས་ཅན་སྟེར་རྒྱུ། རོང་འབྲོག་མང་ཚོགས་ཀྱིས་ལས་ཀ་གཞན་པ་བཙལ་བར་སྐུལ་མ་གཏོང་ཆེད། ལས་ཀ་གཞན་པ་བཙལ་བའི་རོང་འབྲོག་པར་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་ངེས་ཅན་ཞིག་སྟེར་རྒྱུ། རོང་འབྲོག་པར་ལས་ཀ་གཞན་པ་ངོ་སྤྲོད་བྱས་ནས་ཟླ་དྲུག་ཡན་འགོར་བའི་སྤྱི་པའི་ལས་ཞུགས་ཞབས་ཞུ་སྒྲིག་གཞི་དང་ལས་རིགས་ངོ་སྤྲོད་སྒྲིག་གཞིར་ལས་ཀ་གཞན་པ་བཙལ་བའི་མི་གྲངས་ཀྱི་ཞིང་ཆེན་ནང་ཁུལ་གྱི་མི་རེར་སྒོར་མོ་སུམ་བརྒྱ་དང་། ཞིང་ཆེན་གཞན་པའི་མི་རེར་སྒོར་མོ་བཞི་བརྒྱ་རེའི་ཚད་གཞི་ལྟར་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ་དང་། རོང་འབྲོག་པ་ས་གཞན་དུ་ཞོར་ལས་ལ་འགྲོ་བར་རྩ་འཛུགས་བྱས་པ་མ་ཟད་ལོ་གཅིག་ཡན་གྱི་དུས་ཡུན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་ངལ་རྩོལ་བར་ཁེ་པར་ལས་ཀ་གཞན་པ་བཙལ་བའི་མི་གྲངས་མི་རེར་སྒོར་མོ་ཉིས་བརྒྱ་རེའི་ཚད་གཞི་ལྟར་སྟེར་ཐེངས་གཅིག་གིས་ཁ་གསབ་རོགས་དངུལ་སྟེར་རྒྱུ། ས་གཞན་དུ་ཞོར་ལས་ལ་སོང་བའི་རོང་འབྲོག་པ་མི་རེར་ལོ་རེར་སྟེར་ཐེངས་གཅིག་གིས་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་ཞིང་། དེའི་ནང་ཞིང་ཆེན་གཞན་པ་ནས་ལས་ཀ་གཉེར་བ་ལ་སྒོར་མོ་དྲུག་བརྒྱ་དང་། ཞིང་ཆེན་ནང་ཁུལ་གྱི་ཁུལ་གཞན་པ་ནས་ལས་ཀ་གཉེར་བ་ལ་སྒོར་མོ་ཉིས་བརྒྱ་ཡོད། རང་གིས་ལས་ཀ་བཙལ་བར་ཁ་གསབ་རོགས་དངུལ་སྟེར་བའི་ཐད་ནས། རོང་འབྲོག་པ་དང་དེ་མིན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་གིས་ལས་ཀ་འཚོལ་བའི་བརྩོན་སེམས་སྐུལ་སློང་བྱེད་ཆེད། ཐོག་མར་ལས་ཀ་བཙལ་བའི་མི་སྣར་སྟེར་ཐེངས་གཅིག་གིས་ལས་གཉེར་གྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ། ཁུལ་གཞན་པ་དང་ཞིང་ཆེན་གཞན་པ་ནས་ལས་ཀ་བཙལ་བའི་མི་སྣར་སྟེར་ཐེངས་གཅིག་གིས་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་པའི་དུས་མཚུངས་སུ། ལས་བསྐྲུན་གསོ་སྦྱོང་དང་ལས་གཞི་ངོ་སྤྲོད། ལས་གཉེར་མཛུབ་སྟོན། དངུལ་བུན་ཉུང་ཉུང་གཏོང་བ་སོགས་ཀྱི་ཐད་གཟིགས་སྐྱོང་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་རྒྱུ། ཐོག་མར་ལས་ཀ་གཉེར་བའི་མི་སྣར་ཞིབ་བཤེར་ནན་མོ་བྱས་རྗེས་རེ་བ་མཐུན་པ་ཡིན་ན། སྟེར་ཐེངས་གཅིག་གིས་སྒོར་མོ་སྟོང་ལྔའི་ལས་གཉེར་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་པ་མ་ཟད། སྟེར་ཐེངས་གཅིག་གིས་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་ལ། དེའི་ནང་ཞིང་ཆེན་གཞན་པ་ནས་ལས་ཀ་གཉེར་བ་ལ་སྒོར་མོ་དྲུག་བརྒྱ་དང་། ཞིང་ཆེན་ནང་ཁུལ་གྱི་ཁུལ་གཞན་པ་ནས་ལས་ཀ་གཉེར་བ་ལ་སྒོར་མོ་ཉིས་བརྒྱ་ཡོད། ས་གནས་སོ་སོས་ད་དུང་ས་གནས་ཀྱི་དོན་དངོས་ལྟར། རང་གིས་ལས་ཀ་འཚོལ་བའི་དངུལ་བུན་དང་ནོར་སྲིད་སྐྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ཟུར་དུ་གཏན་ཁེལ་བྱས་ཏེ། ལས་ཞུགས་དང་ལས་བསྐྲུན་ལ་དགོས་ངེས་ཀྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཆོག །