མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

འབྱོར་འབྲིང་ལམ་གྱི་འགྲུལ་བཞུད་པ།

_ཆི་ལན་རྫོང་རྫ་མ་སྐེ་ཧི་ཞི་སྡེ་བའི་ཏང་ཀྲི་པུའུ་ཡི་གནས་ཚུལ་བཀོད་པ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-17 10:42

 སྡེ་བ་ཡོངས་ཀྱི་མང་ཚོགས་བདུན་བརྒྱ་གྱ་བརྒྱད་ཀྱི་སྣེ་ཁྲིད་དེ། མུའུ་སྟོང་གཉིས་དང་སུམ་བརྒྱ་ང་གཉིས་ཀྱི་ས་ཞིང་དང་རྩྭ་ས་མུའུ་ཁྲི་བདུན་དང་སྟོང་གཅིག་བཀོལ་སྤྱོད་བྱས་ནས། ངལ་རྩོལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ས་ཞིང་ལེགས་བསྡུས་ཞིབ་གཉེར་ཅན་དང་ལྷད་མེད་བཞོན་མ་གསོ་སྤེལ་བཅས་ཁྱབ་སྤེལ་དུ་བཏང་སྟེ། མདོ་ལ་རྫོང་རྫ་མ་སྐེ་ཧི་ཞི་སྡེ་བའི་ཏང་ཀྲི་པུའུ་ཡིས་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་བགྲོད་ལམ་འདི་ལ་བསྙེགས་དགོས་པར་ངོས་འཛིན་བྱས་པས། མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་འབྱོར་ཕྱུག་དང་། བདེ་སྡོད་ལས་བརྩོན་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་ཏུ་ཞུགས།

ཧི་ཞི་སྡེ་བ་རུ་ཐེངས་དང་པོར་ཕྱི་རུ་སོང་བའི་ཞོར་ལས་པ་ནི་ཏང་ཡོན་ཀའོ་ཚེ་རེད། ལོ་བཅུ་གསུམ་གྱི་སྔོན་ལ། ཁོ་རང་ཕ་ཡུལ་དང་ཁ་བྲལ་ནས་ཕྱི་རུ་ཞོར་ལས་སུ་སོང་བ་དང་། ཁོས་གཟབ་ནན་དང་མཁྲེགས་འཛིན་གྱི་བྱ་སྤྱོད་ཀྱིས་རང་ཉིད་ལ་དབང་བའི་ལམ་བུ་ཞིག་བརྟོལ། ལོ་འགའི་རིང་ལ། ཁོས་སྡེ་བའི་ནང་ཕྱི་རུ་ཁྲིད་པའི་མི་བརྒྱ་དང་བརྒྱད་ཅུ་ལྷག་ཡོད་པ་དང་། ཕ་ཡུལ་ལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་བརྩོན་ལེན་བྱས་པ་དང་། སྡེ་བ་ཡོངས་ཀྱི་ཕྱུག་བསྒྱུར་གྱི་སྣེ་ཁྲིད་མཁན་དང་དཔེ་མཚོན་མི་སྣར་གྱུར་ཡོད། ད་ལྟ། ཧི་ཞི་སྡེ་བ་རུ་ཞོར་ལས་དཔལ་འབྱོར་གྱིས་གཞི་ཁྱོན་ངེས་ཅན་ཞིག་གྲུབ་ཡོད་པ་དང་། སྡེ་བ་ཡོངས་སུ་ཏང་ཡོན་བདུན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱི་རུ་ཞོར་ལས་ལ་འགྲོ་བ་དང་། ལོ་རེར་དུས་ཡུན་རིང་བོར་ཕྱི་རུ་ཞོར་ལས་ལ་འགྲོ་བའི་མི་བརྒྱ་དང་བཞི་བཅུའི་ཡན་ཡོད་ལ། ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་འབུམ་བདུན་དང་ཁྲི་དྲུག་ཡན་རེད། དུས་ཚིགས་རེར་ཕྱི་རུ་ཞོར་ལས་ལ་འགྲོ་བའི་མི་དྲུག་བརྒྱ་ལྷག་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་འབུམ་བཞི་ལ་བསླེབས་ཡོད། སྡེ་བ་ཡོངས་སུ་ཕྱི་རུ་ཞོར་ལས་ལ་སོང་ནས་ཡོང་སྒོ་འཚོལ་བའི་མི་རེའི་ཆ་སྙོམས་ཡོང་སྒོའི་ཚད་བརྒྱ་ཆའི་ཞེ་དྲུག་ལ་བསླེབས་ཡོད། ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྣེ་ཁྲིད་འོག ཧི་ཞི་སྡེ་བའི་མི་ཚང་མས་ཕྱི་རུ་ཞོར་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་ཐུབ་པ་དང་། ཞིང་སའི་སྟེང་དུའང་ཡོང་སྒོ་བཙལ་ཐུབ། ཉེ་བའི་ལོ་འགའི་རིང་ལ། ཧི་ཞི་སྡེ་བས་ཧུར་ཐག་གིས་ས་ཞིང་ལེགས་བསྡུས་ཞིབ་གཉེར་ཅན་དང་ལྷད་མེད་བཞོན་མ་གསོ་སྤེལ་བཅས་ཁྱབ་སྤེལ་དུ་བཏང་སྟེ། ཧི་ཞི་སྡེ་བའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འདེབས་འཛུགས་མཐུན་ཚོགས་དང་ལྷད་མེད་བཞོན་མ་གསོ་སྤེལ་མཐུན་ཚོགས་བཅས་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་ཧུར་ཐག་གིས་ས་ཞིང་ལེགས་བསྡུས་ཞིབ་གཉེར་ཅན་དང་ལྷད་མེད་བཞོན་མ་གསོ་སྤེལ་གྱི་ཁྲོད་ཞུགས་སུ་བཅུག 2010ལོར་སྡེ་བ་ཡོངས་ཀྱིས་ས་ཞིང་མུའུ་སྟོང་གཅིག་དང་ལྔ་བརྒྱ་འགན་གཙང་ལེན་བྱས་པ་དང་། མ་དངུལ་བསྡུ་ལེན་བྱས་ནས་ཞིང་ལས་རྒྱུ་ཆ་དང་། ལུད་རྫས། ས་བོན་སྣ་ཚོགས་ཉོས་པ་དང་། གཟན་རྩ་རིགས་སྣ་ཚོགས་མུའུ་སྟོང་གཅིག་བརྒྱ་དང་ང་གཉིས་དང་། ཟ་སྣུམ་མུའུ་སུམ་བརྒྱ་དང་ཞེ་བརྒྱད་འདེབས་འཛུགས་བྱས་པ་མ་ཟད། གཟན་རྩ་ཚང་མ་སྡེ་བའི་ལྷད་མེད་བཞོན་མ་གསོ་སྤེལ་སྡོད་ཁུལ་གྱིས་ཉོས་པ་དང་། ཡོང་སྒོ་སྒོར་འབུམ་བཞི་མངོན་འགྱུར་བྱུང་ལ། མུའུ་རེའི་ཡོང་སྒོ་རྐྱང་བ་སྒོར་བརྒྱ་ལྷག་གིས་ཇེ་མང་དུ་སོང་ཡོད། ས་ཞིང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་གྱིས་ངལ་རྩོལ་ནུས་ཤུགས་གྲོན་ཆུང་བྱས་པ་མ་ཟད། ཞིང་བ་མང་པོ་ཞིག་ཕྱི་རུ་ཞོར་ལས་ལ་འགྲོ་བའི་གོ་སྐབས་སྐྲུན་པ་དང། སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ་མ་ཟད། གཟན་ཆས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འདེབས་འཛུགས་དེས་སྡེ་བ་རང་གི་ལྷད་མེད་བཞོན་མ་གསོ་སྤེལ་ལས་གཞིའི་གཟན་ཆས་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ས་ཞིང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་དང་ངལ་རྩོལ་པ་ཞོར་ལས་ལ་འགྲོ་བ། བཞོན་མ་གསོ་སྤེལ་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་སྐུལ་འདེད་བྱས་པ་དང་། རིམ་བཞིན་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ནས་མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་ངང་ཇེ་མང་དུ་བཏང་།

ཡོང་སྒོ་ཇེ་མང་དུ་སོང་བ་དང་འཚོ་བ་ཡང་ཇེ་བཟང་དུ་སོང་བས། མང་ཚོགས་རྣམས་ཀྱིས་ཁྱིམ་གཞིས་ཇེ་ལེགས་སུ་གཏོང་མགོ་བརྩམས། ཉེ་བའི་ལོ་འགའི་རིང་ལ། སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག སྡེ་བ་ཡོངས་ཀྱིས་བགྲོད་ལམ་ལས་པ་དང་། ཕྱོགས་ཡོངས་ནས་ཁང་བའི་ཕྱི་ནང་དང་། ལམ་འགྲམ་གྱི་གད་སྙིགས་དང་ལྡུམ་བུ་བཅས་གཙང་སེལ་བྱས་ལ། ད་ལོར་ཡང་སྡེ་བ་ཡོངས་ཀྱི་བགྲོད་ལམ་འགྲམ་གཉིས་ཀྱི་གྱང་ངོས་གཅིག་གྱུར་སྒོས་བཟོ་བཅོས་བྱས་ཏེ། སྡེ་བའི་རྣམ་པ་དང་མཛེས་ལྗོངས་གྲལ་དག་དང་ཚད་ལྡན་ཅན་དུ་གཏོང་རྒྱུ་རེད།

ཁོར་ཡུག་གྲལ་དག་ཏུ་སོང་བས། མང་ཚོགས་ཀྱི་བསམ་པའི་འཆར་སྒོར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྡེ་དམངས་རྣམས་ཀྱིས་རང་འགུལ་སྒོས་སྡེ་བའི་གཙང་སྦྲ་སྲུང་སྐྱོབ་བྱས་ཡོད་པ་དང་། ཞིང་བ་རྣམས་ཀྱིས་ཁོམ་ལོང་གི་དུས་སྐབས་སུ་ཧུར་ཐག་གིས་རིག་རྩལ་བྱ་འགུལ་སྣ་ཚོགས་ཀྱི་ཁྲོད་ཞུགས་ཀྱིན་ཡོད་པས། ཆང་འཐུང་བ་དང་ཤོ་རྒྱག་པ་སོགས་དཔལ་ཡོན་མིན་པའི་སྣང་ཚུལ་ཇེ་ཉུང་དུ་སོང་བ་དང་། ཁྱིམ་མཚེས་བར་གྱི་འགལ་བ་ཡང་ཇེ་ཉུང་དུ་སོང་ཡོད། ཉེ་བའི་ལོ་འགའི་རིང་ལ། མང་ཚོགས་རང་བཞིན་གྱི་ཞུ་གཏུག་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱོང་ལ། རེ་སྙེག་དང་ཡར་ཐོན་གྱི་ངོས་ཟིན་སེམས་སུ་ཟུག་ཡོད། སྡེ་བ་ཡོངས་སུ་སློབ་ལོ་རན་པའི་སློབ་མའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁང་ཧྲིན་མིན་གྱིས་བཤད་རྒྱུར། “སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ལ་མཚོན་ན། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་བགྲོད་ལམ་དུ་བསྙེགས་དགོས་པ་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་དགོས་ན། སྔོན་ལ་འཕེལ་རྒྱས་ཀྱི་བགྲོད་ལ་ངོས་འཛིན་གསལ་བོར་བྱས་ཏེ། བགྲོད་ལམ་དེར་བསྙེགས་དགོས་པའི་སེམས་ཐག་གཅོད་དགོས”ཟེར། །