མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

རྩམ་འཐག་རྒད་པོའི་བདེ་སྐྱིད་ཀྱི་མི་ཚེ།

—རྩམ་པ་འཐག་ནས་ཕྱུག་བསྒྱུར་གྱི་ལམ་ལ་བསྙེགས་པའི་ནོར་བུ་བསྟན་འཛིན་གྱི་གནས་ཚུལ་བཀོད་པ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-10-04 10:51

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་པ་སྣམ་རྫོང་སྒ་གདོང་གྲོང་རྡལ་ནི་བོད་ལྗོངས་ཀྱི་སྤུས་ལེགས་ནས་ཐོན་སྐྱེད་བྱེད་ས་གཙོ་བོ་ཞིག་རེད། སྒ་གདོང་གྲོང་རྡལ་གྱི་སྔོ་ལྗང་ལྗང་གི་ནས་ཞིང་བརྒྱུད་དེ་ཀུན་རྭ་སྡེ་བར་བགྲོད་སྐབས། ཆུས་བསྐོར་རང་འཐག་གི་སག་སྒྲ་ཐག་རིང་ནས་ཐོས་ཐུབ་ལ། སྒྲ་དེའི་ཕྱོགས་སུ་སོང་ན་ནོར་བུ་བསྟན་འཛིན་གྱི་རྩམ་པའི་བཟོ་གྲྭར་ཐོན་ཐུབ།

1995ལོའི་སྔོན་ལ། ཞིང་བྲན་གྱི་བུ་འདིས་ལོ་གཅིག་ལ་དཀའ་སྡུག་གིས་ལས་ཀ་ལས་རུང་སྒོར་སྟོང་བཞི་དང་ལྔ་བརྒྱ་ཡས་མས་མ་གཏོགས་མེད། ད་ལྟ། ཁོའི་རྒྱུ་ནོར་སྒོར་བྱེ་བ་ལས་བརྒལ་ཡོད་ལ། ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཡིན་ལ་བོད་ལྗོངས་ཀྱི“རྩམ་བདག་རྒད་པོར”གྱུར་ཡོད་པ་དང་། “གདུང་མ་བཞི་དང་ཀ་བ་བརྒྱད”ཡོད་པའི་ཁང་ཆེན་དུ་བསྡད་ཡོད་ལ། བུ་དང་བུ་མོ་དྲུག་ཡོད་པ་རྣམས་ཀྱིས་པེ་ཅིན་དང་ཁྲུང་ཆིན་གྱི་སློབ་གྲྭ་ཆེན་མོ་ན་སློབ་སྦྱོང་བྱེད་བཞིན་ཡོད།

བོད་ལྗོངས་ཀྱི་རྩམ་པ་འཛམ་གླིང་གི་ཚོང་རར་འགྲེམ་རྒྱུ་ནི་ཁོས་ཧུར་བརྩོན་བྱེད་པའི་དམིགས་འབེན་གཙོ་བོ་རེད།

རྩམ་པའི་བཟོ་གྲྭ་རུ། རང་ལོ་ཞེ་དགུར་ལོན་པའི་ནོར་བུ་བསྟན་འཛིན་གྱིས་ལས་བཟོ་བ་རྣམས་ལ་བཟོ་གྲྭའི་གཞུང་སྒྲུབ་ཁང་ཅི་ལྟར་ལས་དགོས་པ་བཀོད་འདོམས་བྱེད་ཀྱིན་ཡོད། བཟོ་གྲྭའི་ཁང་བར་ལྟ་སྐོར་བྱས་རྗེས། ནོར་བུ་བསྟན་འཛིན་གྱིས་གསར་འགོད་པ་ཁོའི་གཞིས་ཁྱིམ་གསར་བའི་ནང་དུ་ཁྲིད། ཁང་བ་ཉིས་ཐོག་ཅན་ཡིན་པ་དང་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བརྒྱད་བརྒྱ་ཡོད་པའི་ཁང་གསར་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་ལ། མུས་གྲུ་བཞི་མ་ལྔ་བཅུ་ཡོད་པའི་མགྲོན་ཁང་རྒྱ་ཆེ་ལ་དྭངས་ཤིང་གསལ་བ་ཞིག་ཡིན་པ་དང་། ཁང་བའི་ནང་དུ་བོད་ཀྱི་རྒྱན་བརྐོས་རི་མོ་སྣ་ཚོགས་བཀོད་ཡོད་པ་དང་། བརྙན་འཕྲིན་དང་འཁྱག་སྒམ་སོགས་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་ཡོད་ཚད་འཛོམས་ཡོད། ཉི་འོད་སྒེའུ་ཁུང་ལས་འཕྲོས་འོང་བ་དང་། ཁོའི་ཆུང་མ་འཛོམས་སྐྱིད་ཀྱིས་མགྲོན་ཁང་གི་ཟུར་ཞིག་ན་སྣམ་བུ་འཐག་བཞིན་ཡོད།

དྲོད་སྐྱིད་ལྡན་པའི་ཁང་བའི་ནང་ཇ་མངར་མོ་འཐུང་བཞིན་ནོར་བུ་བསྟན་འཛིན་དང་འཛོམས་སྐྱིད་གཉིས་ཀྱིས་གདོང་ལ་ང་རྒྱལ་གྱི་ཉམས་ཞིག་ཤར་འདུག “སྤྱི་ཚོགས་རྙིང་བའི་སྐབས་སུ་བཀའ་ཤག་སྲིད་གཞུང་གི་སྐུ་དྲག་རྣམས་མ་གཏོགས་‘གདུང་མ་བཞི་དང་ཀ་བ་བརྒྱད’ཡོད་པའི་ཁང་བའི་ནང་སྤྱིར་བཏང་གི་མི་སྡོད་མི་ཐུབ་པ་རེད། ད་ལྟ་ཞིང་བྲན་གྱི་བུ་ང་ཡང་རྒྱ་ཆེ་བའི་ཁང་བ་འདི་ལྟ་བུའི་ནང་སྡོད་ཐུབ་པ་ནི་གུང་ཁྲན་ཏང་གི་བཀའ་དྲིན་རེད”ཟེར།

བོད་རིགས་ཀྱི་ཁེ་ལས་པ་མང་པོ་ཞིག་དང་འདྲ་བར། ནོར་བུ་བསྟན་འཛིན་གྱི་ཕ་མ་གཉིས་ནི་ཞིང་བྲན་ཡིན་ལ། རྡོ་ཡི་མལ་ཁྲིའི་སྟེང་ཉལ་བ་དང་ཉལ་ཐུལ་ཧྲུལ་བོ་གོན་ནས་ཉལ་མྱོང་བ་རེད། 1959ལོར་བོད་ལྗོངས་ཀྱིས་དམངས་གཙོ་བཅོས་སྒྱུར་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། ཁོའི་ཕ་མར་རང་དབང་ཐོབ་པ་མ་ཟད་རང་ཉིད་ཀྱི་ས་ཞིང་བཀོལ་སྤྱོད་བྱས།

འོན་ཀྱང་། བཟའ་མི་གང་བོས་འཚོ་བ་དཀའ་ཁག་ཧ་ཅང་ཆེ། ནོར་བུ་བསྟན་འཛིན་གྱིས་བཤད་རྒྱུར། “ང་ལོ་བཅུ་ཡིན་པའི་སྐབས་སུ། བཟའ་མི་གང་བོ་མུས་གྲུ་བཞི་བཞི་ཅུ་ཅན་གྱི་ས་ཁང་ནང་འཚང་ནས་བསྡད་པ་ཡིན་ལ། 1995ལོར། ཁྱིམ་གྱི་མུའུ་བཅུ་དྲུག་ཡོད་པའི་ས་ཞིང་སྟེང་ནས་བཏབ་པས་ཡོང་སྒོ་སྒོར་སྟོང་བཞི་དང་ལྔ་བརྒྱ་ཡས་མས་མ་གཏོགས་མེད།” དེའི་རྗེས་སུ་དངུལ་ཁང་གི་དངུལ་བུན་ལ་བརྟེན་ནས་དེང་སྐབས་ཀྱི་རྩམ་པའི་ལས་རིགས་གཉེར་བ་དང་། བཟའ་མི་གང་བོའི་འཚོ་བ་ཡང་དེ་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

1995ལོར། ཞིང་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས། ནོར་བུ་བསྟན་འཛིན་གྱིས་རྫོང་ཡིད་རྟོན་ཁང་ནས་དངུལ་བུན་སྒོར་ཁྲི་ལྔ་བསྐྱིས་ནས་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས། 1999ལོར་ཁོས་དངུལ་བུན་འཇལ་ཚར་བ་དང་། ཤུལ་དུ་ཡོད་པའི་སྒོར་འབུམ་གཅིག་དང་ཁྲི་བརྒྱད་ཀྱིས་པ་སྣམ་རྫོང་ནས་རྩམ་འཐག་བཟོ་གྲྭ་ཐོག་མ་བཙུགས། 2001ལོ་ནས2005ལོར། ཁོས་དངུལ་ཁང་ནས་སྒོར་འབུམ་བརྒྱད་བསྐྱིས་ནས་རྩམ་པའི་བཟོ་གྲྭའི་རྒྱ་ཇེ་ཆེར་བཏང་བ་མ་ཟད། པ་སྣམ་རྫོང་ཁམས་བཟང་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཙུགས་པ་དང་། “བློ་བསྟན”རྟགས་ཅན་གྱི་རྩམ་པའི་ཐོན་རྫས་ཐོ་འགོད་བྱས།

2006ལོར། ནོར་བུ་བསྟན་འཛིན་དང་ཁོ་ཚོའི་ཞང་དེའི་ལས་བྱེད་རྣམས་རྒྱང་ཐག་རིང་བའི་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་སོང་ནས། སི་ཁྲོན་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་དང་། བཟོ་གྲྭ་དང་ཚོང་ཁང་གི་འབྲེལ་ཡོད་ལག་རྩལ་མི་སྣ་གདན་འདྲེན་ཞུས་ཏེ། པ་སྣམ་རྫོང་གི་རང་ཉིད་ཀྱི་རྩམ་འཐག་བཟོ་གྲྭ་ལ་ནས་སྲོ་སྐམ་དང་། ནས་རྔོ་བྱེད་ཀྱི་སྒྲིག་ཆས་མངགས་བཟོ་བྱེད་དུ་བཅུག་པ་མ་ཟད། སྒྲིག་ཆས་ཚང་མ་ཉོ་བར་སྒོར་ས་ཡ་ལྷག་ཡིན་རུང་ཁོས་ཧུར་ཐག་བྱས་པས་རྩམ་འཐག་བཟོ་གྲྭའི་གཞི་རྒྱ་ཇེ་ཆེར་སོང་།

ནོར་བུ་བསྟན་འཛིན་གྱིས་བཤད་རྒྱུར། “ལོ་རེའི་ཡོང་སྒོའི་བརྒྱ་ཆའི་དགུ་བཅུའི་འཕྲུལ་ཆས་ཉོ་བ་དང་། བཟོ་གྲྭའི་ཁང་བ་ལས་པའི་ཐོག་བཀོལ་གྱིན་ཡོད་པ་དང་། ‘སྒོར་མོ་བཀོལ་ནས་སྒོར་མོ་བཙལ་ན’ད་གཟོད་རྩམ་པའི་བཟོ་གྲྭ་མགྱོགས་གྱུར་སྒོར་འཕེལ་རྒྱས་དང་རྒྱ་ཇེ་ཆེར་གཏོང་ཐུབ”ཟེར། 2011ལོར། རྩམ་པ་ལས་སྣོན་བྱེད་སའི་བཟོ་གྲྭ་ནས་ལོ་གཅིག་ལ་རྩམ་པ་རྒྱ་མ་ས་ཡ་བདུན་ལས་སྣོན་བྱེད་ཐུབ་ལ། བཟོ་གྲྭའི་ནང་ལས་བཟོ་བ་དོན་བརྒྱད་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་སྒོར་བྱེ་བ་གཉིས་ཡོད་ལ་ལོ་ཧྲིལ་བོར་རྩམ་པ་ཕྱིར་བཙོང་བྱས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལ་བསླེབས་ཡོད་པ་དང་། རྩམ་འཐག་རྒད་པོ་ནོར་བུ་བསྟན་འཛིན་ཡང་མིང་དོན་གཉིས་མཚུངས་ཀྱི་ཚོང་བ་གྲགས་ཅན་ཞིག་ཏུ་གྱུར་ཡོད།

ནོར་བུ་བསྟན་འཛིན་ཚང་གི་མགྲོན་ཁང་གི་དཀྱིལ་དུ་གཞན་དང་མཉམ་བླངས་བའི་འདྲ་པར་མང་པོ་ཞིག་ཡོད་པ་དང་། དེའི་ནང་ཁོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་གཉིས་མཉམ་དུ་བླངས་བའི་འདྲ་པར་མངོན་གསལ་དོད་པོ་ཞིག་རེད། “ང་རང་ཏང་གི་ཚོགས་ཆེན་བཅུ་བདུན་པའི་འཐུས་མིར་འདེམས་དེ་པེ་ཅིན་དུ་སོང་ནས་ཚོགས་འདུར་ཞུགས་པ་དང་། མི་དམངས་ཚོགས་ཁང་ཆེན་མོ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོར་སྙིང་ཉེ་བའི་ངང་ཐུག་འཕྲད་བྱས”། སྐབས་དེའི་རྣམ་པ་ཕྱིར་འདང་རྒྱག་བཞིན་ནོར་བུ་བསྟན་འཛིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ངོ་ཚོ་བོད་རིགས་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ངའི་ད་ལྟའི་འཚོ་བའི་གནས་ཚུལ་དང་ཞིང་ལས་གཉེར་བ་ལས་གཞན་པའི་ཡོང་སྒོ་གང་དག་ཡོད་པ་དྲིས་ཟེར།

ནོར་བུ་བསྟན་འཛིན་ལ་སྒོར་མོ་བྱེ་བ་ལས་བརྒལ་བ་ཡོད་རུང་། ཁོས་སྔར་བཞིན་སྡུག་དྲན་པ་དང་སྐྱིད་བསམ་བཞིན་ཡོད། ནོར་བུ་བསྟན་འཛིན་གྱིས་བཤད་རྒྱུར། “ནས་ཀྱི་ཤུན་ལྤགས་བཤུས་ན་རྩམ་པ་ཞིམ་པ་དང་། ཞིང་བྲན་ལ་རང་དབང་ཐོབ་པས་ད་བཟོད་འཚོ་བར་བདེ་སྐྱིད་ལྡན”ཟེར། བབ་ཆགས་དང་གཞུང་དྲང་གི་སྡེ་མི་རྣམས་ཀྱི་བདེ་སྡུག་བསམ་ནས། ཁོ་ཡང་ཀུན་རྭ་སྡེ་བའི་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པར་གྱུར། རྩམ་འཐག་བཟོ་གྲྭའི་ལས་བཟོ་བ་དོན་བརྒྱད་ཁྲོད་ཀྱི་མང་ཆེ་ཤོས་ནི་སྡེ་བའི་ནང་གི་ཞིང་བ་ཡིན་པ་དང་། མི་རེ་རེའི་ཟླ་རེར་ཆེས་ཉུང་ཡང་སྒོར་སྟོང་གཉིས་ལེན་ཐུབ། 2010ལོའི་ཟླ་བདུན་པར། ནོར་བུ་བསྟན་འཛིན་གྱིས་ནས་འདེབས་པའི་ཁྱིམ་ཚང་ནས་ནས་རྒྱ་མ་ས་ཡ་གསུམ་སྔ་མོ་ནས་མངག་ཉོ་བྱས་པས། སྒ་གདོང་གྲོང་རྡལ་གྱི་ནས་འདེབས་པའི་ཁྱིམ་ཚང་སོ་སོའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཅིག་དང་སུམ་བརྒྱ་ཙམ་འཕར། ད་ལྟ། ནོར་བུ་བསྟན་འཛིན་གྱི་རྩམ་འཐག་བཟོ་གྲྭ་མུ་མཐུད་དུ་རྒྱ་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད། ད་དུང་སློབ་གྲྭ་ཆེན་མོ་བ་གཉིས་གདན་འདྲེན་ཞུས་ཏེ། “བློ་བསྟན”རྟགས་ཅན་གྱི་རྩམ་པ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ས་ཆ་སོ་སོའི་ཚོང་རར་འགྲེམ་སྤེལ་བྱེད་འདོད་ཡོད།

“དོར་མའི”ཞིང་འདེབས་པའི་རྣམ་པ་དེ་ད་ལྟ་ད་དུང་བོད་ལྗོངས་ཀྱི་ས་ཆ་ཁ་ཤས་སུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་མགྱོགས་མྱུར་སྒོས་དེང་རབས་ཞིང་ཕྱུགས་ལས་སུ་བསྒྱུར་བཞིན་ཡོད། ནོར་བུ་བསྟན་འཛིན་གྱིས་བལྟས་ན། མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་བྱས་ན། རོང་འབྲོག་པའི་ཡོང་སྒོ་ཇེ་མང་ནས་ཇེ་མང་དུ་འགྲོ་ངེས།

བསྡོམས་རྩིས་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”དུས་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་ཞེ་གསུམ་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་སྟེ་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་དངོས་འབེབས་བྱས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”འཆར་འགོད་ཀྱི་མ་དངུལ་ལས་བརྒྱ་ཆའི་གྱ་ལྔ་འཕར་ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་ལས་ཅན་བདག་གཉེར་གྱི་ཁེ་ལས་གཙོ་བོ་བཅུ་གསུམ་ལ་རོགས་སྐྱོར་དང་གསོ་སྤེལ་བྱས་པ་དང་། དེའི་ནང་གི་བདུན་ནི་རྒྱལ་ཁབ་ཀྱི་ཁེ་ལས་གཙོ་བོའི་གྲས་ཡིན་པ་དང་། རིམ་པ་སོ་སོའི་ཁེ་ལས་གཙོ་བོས་རོང་འབྲོག་པའི་ཁྱིམ་ཚང་ཁྲི་གསུམ་ལ་རོགས་སྐྱོར་བྱས། །