མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

གནད་ཆེ་ས་ཁོང་དུ་ཆུད་པ་དང་། དངོས་འཛིན་ནན་སྒྲུབ་བྱས་ཏེ་སྟོབས་ཤུགས་ཡོད་དགུས་འབྲོག་ཕྱོགས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་བར་སྐུལ་འདེད་བྱེད་དགོས།

རྩོམ་པ་པོ། གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-10-04 10:51

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་འཁོར་དང་བཅས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་དར་ལག་རྫོང་། དགའ་བདེ་རྫོང་། རྨ་ཆེན་རྫོང་བཅས་སུ་སོང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་། སྐྱེ་ཁམས་ཕྱུགསས་ལས་འཛུགས་སྐྲུན། འབྲོག་པའི་གཏན་སྡོད་བཟོ་བཀོད་འཛུགས་སྐྲུན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་དང་བྱ་དགའི་ནང་རྐྱེན་དངོས་འབེབས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

ད་ལོའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལག་བསྟར་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་དང་བྱེད་བཞིན་ཡོད་པ་དང་། སྔ་མོ་ནས་འགུལ་སྐྱོད་དང་། སྔ་མོ་ནས་བཀོད་སྒྲིག། སྔ་མོ་ནས་ལས་མགོ་རྩོམ་པ། སྒྱུར་སྤྲོད་བྱས་པའི་ལས་གཞི་ཕྱོགས་ཡོངས་ནས་སླར་གསོ་བྱས་པ་དང་། ས་ནག་ཐང་བཅོས་སྐྱོང་དང་། ཕྱུགས་བཀག་རྩྭ་གསོ། འཛུགས་སྐྲུན་ལྡན་པས་ཕྱུགས་གསོ་བ་སོགས་གསར་བཙུགས་ལས་གཞི་འཕྲོ་རིམ་འཕྲོར་ལས་མགོ་བརྩམས། བཟོ་སྐྲུན་གྱི་སྤྱིའི་འཕེལ་རིམ་ཅུང་བཟང་། ཡུལ་དངོས་ནས་ལྟ་ཞིབ་དང་། བཞུགས་མོལ་ཚོགས་འདུ་ཚོགས་པ། གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། སྟག་འབུམ་ཐར་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན། གནས་སྤོ་ཡུལ་མིའི་གཏན་སྡོད་བཟོ་བཀོད། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ནང་རྐྱེན་བཅས་བྱ་བ་རྣམ་བཞི་ནི་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པ་དང་། མིག་སྔར་འབྲོག་ཕྱོགས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། འབྲོག་ཕྱོགས་ཀྱི“འཕེལ་རྒྱས་བཞི”ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཡིན་པའི་དུས་མཉམ་དུ། འབྲོག་ཕྱོགས་ཀྱི་བྱ་བའི་གལ་ཆེན་ནང་གི་གཙིགས་ཆེན་ཡིན་པས། རིམ་པ་སོ་སོའི་ལས་བྱེད་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བ་དེ་དངོས་སྒྲུབ་ནན་འཛིན་བྱེད་དགོས།

སྟག་འབུམ་ཐར་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་བཀོད་ངེས་པར་དུ་དམ་འཛིན་ལེགས་སྒྲུབ་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རི་རྒྱ་ནགས་གསོ་དང་། སྐྱེ་ཁམས་ལྟ་སྐུལ་ཚད་ལེན་སོགས་གསར་དུ་འཛུགས་པའི་ལས་གཞི་སུ་འཇོན་དེ་འགུག་གི་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཟླ་དྲུག་པའི་ཟླ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ནས་ལས་ཀའི་མགོ་རྩོམ་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་གཞུང་སྒྲུབ་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། བཟོ་སྐྲུན་གོ་རིམ་ལྡན་ཞིང་ཚད་དང་མཐུན་པའི་སྒོ་ནས་ལག་ལེན་དུ་བསྟར་བར་ཁག་ཐེག་བྱེད་དགོས། ཡིག་ཚགས་དོ་དམ་བྱ་བར་ཤུགས་བསྣན་ནས། དཔྱད་གཞིའི་ཡིག་རིགས་ཆ་ཚང་ཡོང་བར་ཁག་ཐེག་བྱེད་དགོས། གནས་སྤོ་ཡུལ་མི་འདུས་སྡོད་ས་ཁུལ་གྱི་སྤྱི་པའི་སྒྲིག་ཆས་སྔར་ལས་ཆ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་གནས་སྤོར་ཡུལ་མིའི་འདུས་སྡོད་ས་ཁུལ་གྱི་དོ་དམ་བྱ་བར་ཤུགས་བསྣན་ནས། གནས་སྤོ་ཡུལ་མི་འདུས་སྡོད་ས་ཁུལ་གྱི་འཆམ་མཐུན་དང་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས། འབྲོག་ཕྱོགས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་རྐང་བཙུགས་ནས། སྐྱེ་ཁམས་གནས་སྤོ་ཡུལ་མིའི་རྗེས་མཐུད་ཐོན་ལས་ཤུགས་ཆེན་པོས་སྐྱེད་སྲིང་དང་། ལས་ཞུགས་ཀྱི་གནད་དོན་ངེས་པར་དུ་ཐག་གཅོད་དགོས། རིམ་པ་སོ་སོའི་ལས་བྱེད་པས་སྐྱེ་ཁམས་ཕྱུགས་ལས་ཀྱི་ནང་དོན་དངོས་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་དང་དངོས་འཛིན་གསར་བོ་ཡོད་པར་བྱེད་དགོས་པ་དང་། དགོས་གཏུག་ཆེ་བའི་བསམ་པ་དང་འགན་ཁུར་གྱི་བསམ་པ་ངེས་པར་དུ་ཇེ་དྲག་ལ་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་རྩྭ་ཆུ་དེད་ནས་ཕྱུགས་འཚོ་བའི་འབྲོག་པའི་གཏན་སྡོད་བཟོ་བསྐྲུན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་ནང་རྐྱེན་བཅས་ཟུང་འབྲེལ་བཟང་བོ་བྱེད་དགོས། རྩྭ་སར་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ། རྩྭ་སའི་གཞི་ཁྱོན་ལ་བལྟས་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་པ། འབྲོག་པར་ཁྲིད་སྟོན་བྱས་ནས་མཁར་གྲོང་དུ་འདུས་སྡོད་བྱེད་དུ་འཇུག་པ། ངལ་རྩོལ་པ་ཐོན་ལས་གཉིས་པ་དང་གསུམ་པར་བསྐོར་བ། ཐོན་སྐྱེད་རྒྱུ་ཆ་བཀོད་སྒྲིག་གང་ལེགས་བྱེད་པ། ཕྱུགས་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སྟོབས་ཤུགས་ཡོད་དགུས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས། ཧུར་ཐག་སྒོས་མ་རྐང་བཞག་ནས་བདག་གཉེར་བྱེད་པ་དང་། ཁྱིམ་ཚང་མཉམ་འབྲེལ་སྒོས་བདག་གཉེར་བྱེད་པ། མཉམ་ལས་བདག་གཉེར་བྱེད་པ། ཁྱིམ་ཚང་ཆེན་པོས་བདག་གཉེར་བྱེད་པ་སོགས་འཕེལ་རྒྱས་བྱེད་སྟངས་སྣ་ཚོགས་འཚོལ་ཞིབ་བྱེད་དགོས། འབྲོག་པའི་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས།

སྟག་འབུམ་ཐར་གྱིས་བསྟན་དོན། འབྲོག་པའི་གཏན་སྡོད་བཟོ་བཀོད་ནན་ཏན་གྱིས་ལག་བསྟར་བྱེད་དགོས་ཏེ། ཧུར་ཐག་སྒོས་འབྲོག་པ་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་རྫོང་མཁར་དང་གྲོང་རྡལ་དུ་གནས་སྤར་ནས་གཏན་སྡོད་བྱེད་དུ་འཇུག་དགོས། ཟི་ལིང་ནས་མགོ་ལོག་བར་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་འབྲོག་པའི་གཏན་སྡོད་ཁང་བ་གང་ཐུབ་ཀྱིས་རང་ས་གནས་སུ་ལས་པ་དང་། བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་གནས་ལུགས་ལྡན་པ་ཞིག་ཡིན་དགོས། ཕྱིའི་ཇུས་འགོད་ཡག་ཅིང་མཐུན་སྦྱོར་ལྡན་པ་ཞིག་ཡིན་དགོས་པ་དང་། འབྲོག་ཕྱོགས་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་དགོས། གཏན་སྡོད་བཟོ་བཀོད་དེ་མཁར་གྲོང་ཆུང་བ་འཛུགས་སྐྲུན་དང་། ཉེན་ཁང་བསྒྱུར་བཀོད། བྱ་དགའ་ཅན་གྱི་སྡོད་ཁང་དང་། འགན་སྲུང་ཅན་གྱི་སྡོད་ཁང་། ས་གཞན་དུ་གནས་སྤར་ནས་དབུལ་སྐྱོར་བྱེད་པ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་གཞི་དང་ཟུང་འབྲེལ་བཟང་བོ་བྱས་ནས། སྟོབས་ཤུགས་མཉམ་འདོན་སྒོས་གནས་སྤོ་ཡུལ་མིའི་གཏན་སྡོད་བཟོ་བཀོད་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཚད་ལས་བརྒལ་བའི་གཞི་ཁྱོན་བྱ་དགའ་རུ་སྟེར་བ་དང་ནོར་སྲིད་ཐད་ནས་སྐྱེད་གསབ་དངུལ་བུན་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་བཀོལ་སྤྱོད་གང་ལེགས་བྱེད་དགོས། དེ་མིན་ད་རུང་གཏན་སྡོད་ས་ཁུལ་གྱི་ཆ་ཚང་སྒྲིག་ཆས་འཛུགས་པའི་ལས་གཞིའི་འཆར་གཞི་འགོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སྔ་མོ་ནས་ཞབས་འདེགས་ཀྱི་ནུས་པ་ཆ་ཚང་དུ་གཏོང་དགོས།

སྟག་འབུམ་ཐར་གྱིས་ད་རུང་རྩྭ་སའི་སྐྱེ་ཁམས་བྱ་དགའ་དང་ཁ་གསབ་རོགས་སྐྱོར་སྟེར་བའི་སྲིད་ཇུས་སྤེལ་བའི་དུས་སྐབས་སྔོན་མའི་བྱ་བ་ནན་ཏན་སྒོས་སྤེལ་དགོས་པ་དང་། ས་གནས་སོ་སོས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྩྭ་སའི་འགན་གཙང་ལེན་བྱེད་པའི་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྩྭ་སའི་འགན་ཁྱིམ་ཚང་ལ་གཙང་ལེན་བྱེད་དུ་འཇུག་པ་དང་གཞི་རྩའི་རྩྭ་ས་འཆར་འགོད་གཏན་འཁེལ་བྱ་བ་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རྩྭ་སའི་འགན་གཙང་ལེན་གྱི་ཚད་གཞི་ལྡན་པའི་དོ་དམ་བྱ་བར་ཤུགས་སྣོན་དགོས་པ། ཕྱུགས་འགོག་རྩྭ་སྲུང་ས་ཁུལ་གཏན་འཁེལ་དང་། རྩྭ་སར་ཕྱུགས་ཤོང་ཚད་ཞིབ་བཤེར་གཏན་འཁེལ་བྱེད་པ། འབྲོག་པ་ཁྱིམ་ཚང་ལ་ཞིབ་དཔྱད། འགྲོ་སོང་མཐོ་ཤོས་དང་དམའ་ཤོས་རྩིས་རྒྱག་པ་སོགས་དུས་སྐབས་སྔོན་མའི་བྱ་བ་སྔར་ལས་ཇེ་ནན་ཇེ་ཞིབ་ཏུ་གཏོང་དགོས། ཧུར་ཐག་སྒོས་རྩྭ་སའི་སྐྱེ་ཁམས་བྱ་དགའ་དང་ཁ་གསབ་རོགས་སྐྱོར་སྟེར་བའི་སྲིད་ཇུས་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། མུ་མཐུད་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའ་དང་ཁ་གསབ་བྱེད་པའི་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། མང་ཚོགས་ལ་རྩྭ་ས་སྲུང་སྐྱོབ་བྱེད་པའི་བྱ་དགའ་དང་ཁ་གསབ་སྟེར་བའི་ནང་རྐྱེན་འཛུགས་པའི་གལ་ཆེན་རང་བཞིན་གང་ལེགས་སྒོས་ཤེས་སུ་འཇུག་དགོས་པ་དང་། མང་ཚོགས་ཀྱི་རྩྭ་ས་སྲུང་སྐྱོབ་བྱེད་པའི་བརྩོན་སེམས་ཇེ་མཐོར་གཏོང་དགོས། རྩྭ་ས་དང་ཕྱུགས་གྲངས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་པའི་དུས་མཉམ་དུ། ཤུགས་ཆེན་པོས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་ནས། སྐྱེ་ཁམས་སྲུང་སྐྱོབ་ཐོབ་པ་དང་། ཕྱུགས་ལས་རྒྱུན་མཐུད་སྒོས་གོང་འཕེལ་དུ་འགྲོ་བ། འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་སྣོན་འབྱུང་བ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། །