མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་བའི་སྐོར་གྱི་བསམ་འཆར་འགའ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-02-12 11:35

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

གཅིག དོན་སྙིང་གལ་ཆེན་དང་གཞི་རྩའི་བྱེད་ཕྱོགས།

(གཅིག)འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

མིག་སྔར། རང་རྒྱལ་གྱི་འབྲོག་ཁུལ་ལ་གཙོ་བོ་ཞིང་ཆེན(རང་སྐྱོང་ལྗོངས)བཅུ་གསུམ་གྱི་འབྲོག་ཁུལ་དང་རོང་མ་འབྲོག་གི་རྫོང་ཉིས་བརྒྱ་དང་རེ་བརྒྱད་འདུས་ཡོད་པ་དང་། འབྲོག་ཁུལ་གྱི་ས་ཁྱོན་དེས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ས་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཡན་ཆད་ཟིན་ཡོད། རྩྭ་ཐང་ནི་རང་རྒྱལ་གྱི་ས་ཁྱོན་ཆེས་ཆེ་བའི་སྐམ་ས་སྐྱེ་ཁམས་ཁོངས་གཏོགས་ཤིག་ཡིན་པ་དང་། འབྲོག་ཁུལ་ནི་གཙང་བོའི་འབྱུང་ཁུངས་དང་ཆུ་ཁུངས་གསོ་སྐྱོང་བྱེད་པའི་ས་ཁུལ་ཡིན་པས། སྐྱེ་ཁམས་ཀྱི་གོ་ས་ཤིན་ཏུ་གལ་ཆེན་ཡིན་བཟུང་ཡོད། རྩྭ་ཐང་ཕྱུགས་ལས་ནི་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏང་བའི་རྨང་གཞིའི་ཐོན་ལས་ཡིན་པ་དང་། འབྲོག་པའི་ཡོང་སྒོ་ཡོང་ཁུངས་གཙོ་བོ་ཡིན་ལ། རྒྱལ་ཡོངས་ཀྱི་ཕྱུགས་ལས་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འབྲོག་ཁུལ་གྱི་གཏེར་ཁ་དང་ཆུ་ནུས། རླུང་ནུས། ཉི་ནུས་སོགས་ཐོན་ཁུངས་འབེལ་བ་དང་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས། རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་ཀྱི་འབྲེལ་མཐུད་བྱེད་ས་གལ་ཆེན་ཞིག་ཡིན། འབྲོག་ཁུལ་དེ་མཐའ་མཚམས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་ཁྱབ་པ་ཤས་ཆེ་ཞིང་། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཁུར་བཞིན་ཡོད། འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་བ་ནི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་འཛུགས་པའི་དགོས་གཏུག་ཆེ་བའི་དགོས་མཁོ་ཡིན་པ་དང་། རྩྭ་ཐང་ཕྱུགས་ལས་གོང་དུ་སྤེལ་སྟངས་སྒྱུར་བ་དང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏང་བའི་དངོས་ཡོད་གདམ་སྒྲུག་ཡིན་པ། ས་ཁོངས་ཀྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏང་བ་དང་། འབྱོར་འབྲིང་སྤྱི་ཚོགས་དམིགས་འབེན་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ། རིགས་སོ་སོའི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་དུ་ལོངས་སྤྱོད་དུ་འཇུག་པ་དང་། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་ཡོང་བར་སྐུལ་འདེད་གཏང་བའི་འཐབ་ཇུས་བྱེད་ཐབས་ཡིན།

(གཉིས)འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་བ་ནི་གལ་ཆེ་ཞིང་དགོས་གཏུག་ཆེ་བའི་ལས་འགན་ཞིག་ཡིན།

བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། འབྲོག་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ཁྱབ་་སྤེལ་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་དང་། རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་བྱེད་སྟངས་རིམ་བཞིན་བསྒྱུར་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། འབྲོག་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་མངོན་གསལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་དགའ་འོས་པའི་འགྱུར་ལྡོག་བྱུང་ནས། འབྲོག་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་ལངས་ཡོད། དུས་མཚུངས་སུ་ངེས་པར་དུ་གསལ་བོར་མཐོང་དགོས་པ་ནི། རྩྭ་ཐང་གི་སྐྱེ་ཁམས་སྤྱི་ཡོངས་ཀྱི་ཞན་འགྱུར་གནས་ཚུལ་ད་རུང་རྩ་བ་ནས་བཀག་འགོག་བྱས་མེད་པ་དང་། རྩྭ་ཐང་ཕྱུགས་ལས་རགས་ལས་ཚུལ་གྱི་འཕར་སྟངས་རྒྱུན་འཁྱོངས་བྱེད་དཀའ་བ། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་གོང་སྤེལ་ཐད་དོམ་ཆད་པ་ཅུང་མང་བ། འབྲོག་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་ཚད་རོང་ཁུལ་དང་བསྡུར་ན་ཡོངས་ཁྱབ་ཏུ་རྗེས་སུ་ལུས་པས། འབྲོག་ཁུལ་ནི་སྔར་བཞིན་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དཀའ་གནད་ཅིག་ཡིན་པས། ངེས་པར་དུ་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་པ་དང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས་སྔར་ལས་ནུས་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་བར་རྒྱབ་སྐྱོར་བྱེད་དགོས།

(གསུམ)འབྲོག་ཁུལ་འཕེལ་རྒྱས་སུ་གཏང་བའི་གཞི་རྩའི་བྱེད་ཕྱོགས་སྔར་ལས་ལྷག་པར་གསལ་བོ་བྱེད་དགོས།

རྩྭ་ཐང་ནི་ཕྱུགས་ལས་འཕེལ་རྒྱས་སུ་གཏང་བའི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་རྩོལ་ནུས་གལ་ཆེན་ཞིག་ཀྱང་ཁུར་བཞིན་ཡོད། དུས་ཡུན་རིང་བོ་ཞིག་ནས་བཟུང་ཞིང་ཕྱུགས་ལས་ཐོན་རྫས་ཤིན་ཏུ་དཀོན་པའི་དུས་སྐབས་སུ་ཐོན་སྐྱེད་དམིགས་སུ་བཀར་ནས་གོང་དུ་སྤེལ་བའི་ཤུགས་རྐྱེན་ཐེབས་པས། རྩྭ་ཐང་གི་ཐོན་སྐྱེད་རྩོལ་ནུས་ནན་བཤད་བྱས་པ་ལས། རྩྭ་ཐང་གི་སྐྱེ་ཁམས་རྩོལ་ནུས་ལ་མཐོང་ཆུང་བྱས། དེའི་རྐྱེན་གྱིས་རྩྭ་ཐང་དུ་དུས་ཡུན་རིང་པོར་ཤོང་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་དང་མི་ཕྱུགས་རྩྭ་གསུམ་གྱི་འབྲེལ་བ་མུ་མཐུད་དུ་དོ་མཉམ་ཤོར་དུ་ བཅུག་པ་འདི་ནི་རྩྭ་ཐང་གི་སྐྱེ་ཁམས་འཁོར་སྐྱོད་ངན་པ་ལས་ཐར་དཀའ་བའི་རྩ་བའི་རྒྱུ་རྐྱེན་ཡིན། ངེས་པར་དུ་ཤེས་དགོས་པ་ནི། རྩྭ་ཐང་གི་སྐྱེ་ཁམས་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱས་ན་ད་གཟོད་རྩྭ་ཐང་ཕྱུགས་ལས་རྒྱུན་མཐུད་ངང་གོང་དུ་སྤེལ་ཆོག་པར་རྨང་གཞི་བརྟན་པོ་འདིང་ཐུབ་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་བསྐང་ཐུབ་། རང་རྒྱལ་གྱི་ཕྱོགས་བསྡུས་འཁོས་བབ་ཉིན་རེ་བཞིན་ཇེ་དྲག་ཏུ་སོང་བ་དང་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་བ་དང་བསྟུན་ནས། རྩྭ་ཐང་གི་སྐྱེ་ཁམས་དང་ཕྱུགས་ལས་ཐོན་སྐྱེད། འབྲོག་པའི་འཚོ་བ་བཅས་ཀྱི་འབྲེལ་བ་སྔར་ལས་ཐག་གཅོད་བཟང་བོ་བྱེད་པའི་ཆ་རྐྱེན་འཛོམས་པ་རེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག འབྲོག་ཁུལ་འཕེལ་རྒྱས་ཐད་ངེས་པར་དུ་ཐོན་སྐྱེད་དང་སྐྱེ་ཁམས་མཐུན་སྦྱོར་ངང་ཟུང་དུ་སྦྲེལ་བ་དང་སྐྱེ་ཁམས་དམིགས་སུ་དགར་བའི་གཞི་རྩའི་བྱེད་ཕྱོགས་བཙུགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་བའི་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་དགོས།

གཉིས། སྤྱི་ཡོངས་བླང་བྱ།

(བཞི)མཛུབ་སྟོན་བསམ་བློ།

ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་འོག ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་བཀར་བའི་འདུ་ཤེས་བརྟན་པོར་བཅང་བ། དཔལ་འབྱོར་གོང་དུ་སྤེལ་སྟངས་མགྱོགས་མྱུར་སྒོས་བསྒྱུར་བ་གཙོར་བྱེད་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྩ་བའི་གཞིར་འཛིན་ས་དང་རྐང་འཛུགས་སར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་གསར་བསྐྲུན་བྱེད་པ་དང་། སྔར་ལས་ལྷག་པར་གཏོང་འཇོག་ཇེ་མང་དང་རྒྱབ་སྐྱོར་ཤུགས་དྲག་ཏུ་གཏང་བ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་ཏེ། སྐྱེ་ཁམས་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་དགོས། རྩྭ་ཐང་ཕྱུགས་ལས་གོང་དུ་སྤེལ་སྟངས་ཤུགས་ཡོད་རྒུས་བསྒྱུར་བ་དང་། དེང་རབས་རྩྭ་ཐང་ཕྱུགས་ལས་ཧུར་ཐག་གིས་གོང་དུ་སྤེལ་དགོས། འབྲོག་ཁུལ་གྱི་དཔལ་འབྱོར་སྒོ་ཀུན་ནས་འཕེལ་རྒྱས་སུ་གཏང་བར་ཤུགས་ཡོད་རྒུས་སྐུལ་འདེད་གཏང་བ་དང་། འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏང་བ་དང་ལས་ཀར་ཞུགས་པའི་ཐབས་ལམ་གསར་བ་གཏོད་དགོས། གཞི་རྩའི་སྤྱི་པའི་ཞབས་འདེགས་ནུས་པ་ཤུགས་ཡོད་རྒུས་ཇེ་དྲག་ཏུ་གཏང་བ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་ཀྱི་དངོས་པོ་དང་རིག་གནས། འཚོ་བ་བཅས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་སྟེ། འབྲོག་ཁུལ་དེ་སྐྱེ་ཁམས་བཟང་ཞིང་འཚོ་བ་འབྱོར་ཕྱུག་ལྡན་པ། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་བཅས་ཀྱི་འབྲོག་ཁུལ་གསར་བ་ཞིག་ཏུ་བསྐྲུན་པར་འབད་བརྩོན་བྱེད་དགོས།

(ལྔ)གཞི་རྩའི་རྩ་དོན།

སྐྱེ་ཁམས་དམིགས་སུ་བཀར་ནས་མཐུན་སྦྱོར་ངང་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དེ་འབྲོག་ཁུལ་གོང་དུ་སྤེལ་བའི་མགོ་རྩོམ་ས་བྱས་ཏེ། སྐྱེ་ཁམས་བཟོ་འགོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཡུན་རིང་ལ་ཕན་པའི་སྒྲིག་གཞི་འཛུགས་པ། རྩྭ་ཐང་ཕྱུགས་ལས་གོང་དུ་སྤེལ་སྟངས་ཧུར་ཐག་གིས་བསྒྱུར་བ། ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཏེ། འབྲོག་ཁུལ་གྱི་དཔལ་འབྱོར་དེ་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་བཅས་གསུམ་དང་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས།

མི་གཙོ་བརོ་བཟུང་ནས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དེ་རྒྱུན་འཁྱོངས་བྱེད་དགོས། རྒྱ་ཆེའི་འབྲོག་པའི་དངོས་པོ་དང་རིག་གནས། འཚོ་བ་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་ས་གལ་ཆེན་ཞིག་ཏུ་བཞག་ནས། མི་དམངས་མང་ཚོགས་ཀྱི་ཆེས་དངོས་ཡོད་ཡིན་པ་དང་ཆེས་ཐད་ཀར་ཡིན་པ། ཆེས་དགོས་གཏུག་ཆེ་བའི་དམངས་འཚོ་གནད་དོན་ཤུགས་ཡོད་རྒུས་ཐག་གཅོད་པ་དང་། འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཤུགས་ཆེན་གྱིས་ལེགས་བཅོས་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་མགྱོགས་པོ་བཏང་སྟེ། རྒྱ་ཆེའི་འབྲོག་པར་བཅོས་སྒྱུར་དང་གོང་འཕེལ་གྱི་ཕན་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་བྱེད་འཇུག་དགོས།

ཡུལ་བབ་དང་བསྟུན་ནས་རིགས་འབྱེད་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རང་བྱུང་དང་དཔལ་འབྱོར། སྤྱི་ཚོགས་བཅས་གོང་དུ་སྤེལ་བའ་ཆོས་ཉིད་ལྟར་དུ། འབྲོག་ཁུལ་སོ་སོའི་ཐོན་ཁུངས་དང་ཁོར་ཡུག་ཆ་རྐྱེན་མི་འདྲ་བ་གཞིར་བཟུང་སྟེ། རང་རང་གི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་དང་ཐོན་ལས་གོང་སྤེལ་གཙོ་གནད་ཚན་རིག་དང་མཐུན་པར་གཏན་འཁེལ་བྱེད་དགོས། རྒྱལ་ཡོངས་ཀྱི་འབྲོག་ཁུལ་གོང་དུ་སྤེལ་བ་དོ་མཉམ་མིན་པའི་ཁྱད་ཆོས་ལ་དམིགས་ནས། དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་ཐ་དད་དུ་བེད་སྤྱད་དེ། གཙོ་བོ་དཀའ་ངལ་ས་ཁུལ་དང་ལྷུ་ཚིགས་ཞན་པའི་བྱ་བར་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས།

བཅོས་སྒྱུརགཏིང་ཟབ་ཏུ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་ཆེར་སྤེལ་དགོས། རྩྭ་ཐང་འགན་གཙང་ལེན་གྱིས་བདག་གཉེར་ལམ་ལུགས་བརྟན་འཇགས་དང་འཐུས་ཚང་དུ་གཏང་བ་གཙོ་གནད་དུ་བྱས་ཏེ། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱེད་པ་དང་། རྩྭ་ཐང་ཕྱུགས་ལས་ཚོང་ར་ཅན་དང་ཆེད་ལས་ཅན་དུ་འཕེལ་རྒྱས་དང་སྐྱེ་ཁམས་སྐྱིན་གསབ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། འབྲོག་ཁུལ་དང་ཞིང་སྡེའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱས་ནས། འབྲོག་ཁུལ་ལ་ཕན་པའི་ཚན་རིག་འཕེལ་རྒྱས་ཀྱི་སྒྲིག་སྲོལ་སྒྲིག་གཞི་རིམ་བཞིན་འཛུགས་དགོས། འབྲོག་ཁུལ་དང་རོང་ཁུལ་གྱི་འཕེལ་རྒྱས་གཅིག་གྱུར་གྱིས་འཆར་འགོད་དང་ས་ཁུལ་གཞན་པ་དང་ཕན་ཚུན་སྐུལ་སྤེལ་ལེགས་པོ་བྱེད་པར་ཤུགས་རྒྱག་པ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པར་ཧུར་བརྩོན་གྱིས་རྒྱ་ཇེ་ཆེར་བཏང་ནས་འབྲོག་ཁུལ་འཕེལ་རྒྱས་སུ་གཏང་བར་གསོན་ཤུགས་གསར་བ་བསྣན་དགོས།

ཀྲུང་དབྱང་གིས་རྒྱབ་སྐྱོར་དང་ས་གནས་ཀྱིས་འགན་ཁུར་བ་རྒྱུན་འཁྱོངས་བྱེད་དགོས། འབྲོག་ཁུལ་གྱི་འཐབ་ཇུས་གོ་གནས་དང་དཀའ་ཁག་དམིགས་བསལ་ཅན་ལ་དམིགས་ཏེ། ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཕྱུགས་ལས་འབྲོག་པར་སྟོབས་ཇེ་ཆེར་གཏང་བ་དང་འབྲོག་པར་ཕན་པའི་སྲིད་ཇུས་དམིགས་བསལ་ཅན་ལག་ལེན་དུ་བསྟར་དགོས། འབྲོག་ཁུལ་གོང་དུ་སྤེལ་བའི་འགན་ཁུར་གཙོ་བོ་ས་གནས་སུ་ཡོད་པས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་དངོས་གནས་འགན་ཁུར་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་དང་དེ་མིན་ཕྱོགས་གང་ཐད་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ། འབྲོག་ཁུལ་མགྱོགས་ཤིང་བཟང་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏང་དགོས།

(དྲུག)གོང་སྤེལ་དམིགས་འབེན།

2015ལོར་ཐོན་དུས་རྩྭ་ཐང་འགན་གཙང་ལེན་དང་གཞི་རྩའི་རྩྭ་ཐང་གི་དབྱེ་མཚམས་གཅོད་པའི་བྱ་བ་ཕལ་ཆེར་འགྲུབ་ཏུ་འཇུག་པ་དང་། རྩྭ་ཕྱུགས་གཉིས་ཀ་དོ་མཉམ་ཡོང་བ་ཐོག་མར་མངོན་འགྱུར་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བར་ཐོག་མར་མངོན་འགྱུར་བྱེད་པ་དང་། རྩྭ་ཐང་སྐྱེ་ཁམས་མུ་མཐུད་ཇེ་ཞན་དུ་འགྲོ་ཚུལ་བཀག་འགོག་བྱེད་ཐུབ་པ་དང་གཅིག རྩྭ་ཐང་ཕྱུགས་ལས་ཀྱི་སོན་བཟང་ཁེབས་ཚད་དང་ཕྱུགས་ཟོག་བཟས་ཁོངས་སུ་གཏོང་འབོར། གནོད་འགོག་གནོད་འཕྲིའི་ནུས་པ་མངོན་གསལ་དུ་མཐོར་འདེགས་སུ་གཏང་བ་དང་གཉིས། ཁྱད་ཆོས་ལྡན་པའ་ཐོན་ལས་ཁྱད་སྟོབས་ཅན་གྱི་གཞི་ཁྱོན་ཐོག་མར་ཆགས་པ་དང་། འབྲོག་ཁུལ་རང་ཉིད་འཕེལ་རྒྱས་གཏོང་ནུས་ཇེ་དྲག་ཏུ་གཏང་དགོས་པ་དང་གསུམ། འབྲོག་པ་གཏན་སྡོད་ཕལ་ཆེར་མངོན་འགྱུར་བྱེད་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་བ། གཞི་རྩའི་སྤྱི་པའི་ཞབས་འདེགས་མཁོ་སྤྲོད་ནུས་པ་དང་ལག་བསྟར་བྱེད་ཆོག་པའི་རང་བཞིན་མངོན་གསལ་དུ་མཐོར་འདེགས་འབྱུང་བ་དང་། མི་ཕྱུགས་གཉིས་ལ་ཕོག་པའི་ནད་ཕལ་ཆེར་ཚོད་འཛིན་བྱེད་ཐུབ་པ་དང་བཞི། དབུལ་ཕོངས་མི་གྲངས་མངོན་གསལ་དུ་ཇེ་ཉུང་དང་འབྲོག་པའི་ཡོང་སྒོ་དེ་ཞིང་ཆེན་རང་གི་རོང་བའི་ཡོང་སྒོ་འཕར་ཚད་ལས་མི་དམའ་བ་དང་། འབྲོག་ཁུལ་དང་རོང་ཁུལ་བར་གྱི་འཕེལ་རྒྱས་ཁྱད་པར་རིམ་བཞིན་ཇེ་ཆུང་དུ་འགྲོ་བ་དང་ལྔ་བཅས་རེད།

2020ལོར་ཐོན་དུས་རྩྭ་ཕྱུགས་དོ་མཉམ་ཡོང་བ་སྒོ་སྐུན་ནས་མངོན་འགྱུར་བྱུང་བ་དང་། རྩྭ་ཐང་སྐྱེ་ཁམས་རྒྱུན་འཁོར་ལེགས་པོའི་བགྲོད་ལམ་དུ་ཞུགས་པ་དང་གཅིག རྩྭ་ཐང་ཕྱུགས་ལས་དེ་སྤུས་ཚད་ཁེ་ཕན་རང་བཞིན་ཕྱོགས་སུ་བསྒྱུར་བར་འཕེལ་རྒྱས་ཆེན་པོ་འབྱུང་པ་དང་། འབྲོག་ཁུལ་དཔལ་འབྱོར་གྲུབ་ཚུལ་སྔར་ལས་ལྷག་པར་ལེགས་སྒྱུར་བྱེད་པ་དང་གཉིས། འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྒོ་ཀུན་ནས་ལེགས་བཅོས་དང་གཞི་རྩའི་ཞབས་འདེགས་ནུས་པ་ཞིང་ཆེན་རང་གི་ཆ་སྙོམས་ཆུ་ཚད་ལ་བསླེབ་པ་དང་གསུམ། དབུལ་ཕོངས་ཤ་སྟག་གི་སྣང་ཚུལ་རྩ་བ་ནས་སེལ་བ་དང་། འབྲོག་པའི་ཡོང་སྒོ་དང་རྒྱལ་ཡོངས་ཀྱི་ཞིང་པའི་ཡོང་སྒོའི་བར་ཁྱད་མངོན་གསལ་སྒོས་ཇེ་ཆུང་དུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་བཅས་བཞི་ཡིན་པ།

གསུམ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཤུགས་སྣོན་བཏང་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་གཏང་དགོས།

(བདུན། )གཞི་རྩའི་རྩྭ་ཐང་གི་དབྱེ་མཚམས་གཅོད་པ་དང་རྩྭ་ཐང་རྩོལ་ནུས་ས་ཁུལ་དབྱེ་འབྱེད་བྱ་བ་ལེགས་སྒྲུབ་བྱེད་དགོས། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་དང་རྨོ་ཞིང་སྲུང་སྐྱོབ་གཉིས་ཀའི་གལ་ཆེ་ཚུལ་གཅིག་འདྲ་ཡིན་པའི་གནས་སུ་འཇོག་དགོས། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ཀྱི་སྲོལ་ཡིག་མགྱོགས་མྱུར་གྱིས་གཏན་འཁེལ་དང་བཅའ་ཁྲིམས་ལྟར་རྩྭ་ཐང་དབྱེ་མཚམས་གཅོད་པ། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བཅས་བྱས་ཏེ། 2015ལོར་ཐོན་དུས། གཞི་རྩའི་རྩྭ་ཐང་དབྱེ་མཚམས་གཅོད་པའི་གཞི་ཁྱོན་དེ་རང་ས་གནས་ཀྱི་རྩྭ་ཐང་གཞི་ཁྱོན་གྱི་བརྒྱ་ཆའི་བརྒྱད་བཅུར་བསླེབས་སུ་འཇུག་དགོས། རྒྱལ་ཡོངས་ཀྱི་རྩོལ་ནུས་གཙོ་བོའི་འཆར་འགོད་གཞིར་བཟུང་ནས་རྩྭ་ཐང་གི་རྩོལ་ནུས་ས་ཁུལ་དབྱེ་འབྱེད་བྱ་བ་ཇེ་མགྱོགས་སུ་གཏང་དགོས། མཚོ་བོད་མཐོ་སྒང་གི་དབུས་ནུབ་རྒྱུད་དང་ཞིན་ཅང་ཕ་སྨིར་མཐོ་སྒང་། ཇུན་གར་གཤོངས་ས། རྨ་ནུབ་དོག་ལམ། ནང་སོག་ནུབ་རྒྱུད་སོགས་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོ་དང་ཕྱུགས་འཚོ་བཀག་འགོག་བྱེད་པ་དེ་བྱེད་ཐབས་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། རྩྭ་ཐང་སོར་ཆུད་སྐྱེ་འཕེལ་སྐུལ་སྤེལ་བྱེད་དགོས། མཚོ་བོད་མཐོ་སྒང་ཤར་རྒྱུད་དང་ནང་སོག་གི་དབུས་རྒྱུད། ཞིན་ཅང་གི་ཐེན་ཧྲན་རི་བོའི་ལྷོ་བྱང་། ས་སེར་མཐོ་སྒང་སོགས་ས་ཁུལ་དུ་སྐྱེ་ཁམས་དམིགས་སུ་བཀར་ནས་འཛིན་པ་རྒྱུན་འཁྱོངས་དང་། སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་གཉིས་ཀའི་གལ་ཆེ་ཚུལ་འདྲ་མཉམ་ཡིན་པ་བྱེད་པ། གཟབ་ནན་གྱིས་ཆུ་ལ་བསྟུན་ནས་རྩྭ་སྐྱོང་བ་དང་རྩྭ་ལ་བསྟུན་ནས་ཕྱུགས་སྐྱོང་བ། འོས་འཚམ་གྱིས་རྩྭ་ཐང་ཕྱུགས་ལས་གོང་དུ་སྤེལ་དགོས། ནང་སོག་གི་ཤར་རྒྱུད་དང་ཤར་བྱང་ཞིང་ཆེན་གསུམ་གྱི་ནུབ་རྒྱུད་དང་ཧོ་པེ་པ་ཧྲང་། ཞིན་ཅང་དབྱི་ལེའུ་དང་རི་བོ་ཨར་ཐེ་སོགས་ས་ཁུལ་དུ་སྲུང་སྐྱོབ་དང་འཛུགས་སྐྲུན། བེད་སྤྱོད་བཅས་གལ་ཆེ་ཚུལ་འདྲ་མཉམ་ཡིན་པ་བྱེད་པ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། སྒོ་ཀུན་ནས་ཕྱུགས་འཚོ་མཚམས་འཇོག་པ་དང་། ས་མཚམས་བཀར་ནས་ཕྱུགས་འཚོ་རེས་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས།

(བརྒྱད)རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཙོ་གནད་གསར་གཏོད་དང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་ཟུང་འབྲེལ་བྱེད་པ། བཟོ་འགོད་བྱེད་ཐབས་དང་རང་བྱུང་ཉམས་གསོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་གཏང་དགོས། རང་བྱུང་རྩྭ་ཐང་སྟེང་གི་ཕྱུགས་བསྐྱུར་རྩྭ་སྐྱོང་བཟོ་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏང་བ་དང་། འཛུགས་སྐྲུན་ནང་དོན་འཐུས་ཚང་དུ་གཏང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ར་བསྐོར་བ་དང་ངན་གྱུར་རྩྭ་ཐང་གི་གསབ་འདེབས་ལེགས་བཅོས་བྱ་བ་ཇེ་མགྱོགས་སུ་གཏང་བ། ཀྲུང་དབྱང་གིས་མ་དངུལ་བཏང་ནས་ཁ་གསབ་རོགས་རམ་ཚད་གཞི་ཇེ་མཐོར་བཏང་ཐོག རྫོང་དང་རྫོང་མན་ཆད་ཀྱི་མ་དངུལ་ཆ་ཚང་སྡེབ་སྒྲིག་མེད་པར་གཏང་དགོས། ནང་སོག་གི་དབུས་ཤར་རྒྱུད་དང་ཧོ་པེ་པ་ཧྲང་སོགས་པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཡུལ་གྱི་རྩྭ་ས་བཅོས་སྐྱོང་ལ་ཤུགས་སྣོན་བཏང་ནས་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། རྩྭ་ཐང་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བཟོ་འགོད་མགོ་རྩོམ་པ་དང་། འཐུས་ཚབ་རང་བཞིན་ལྡན་པའི་རྩྭ་ཐང་གི་རིགས་དང་དཀོན་ཞིང་ཉེན་ཁར་བཅར་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བཅས་དང་། དེ་མིན་སྐྱེ་ཁམས་རྩོལ་ནུས་ལྡན་པ་དང་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན་པའི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས། མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད། ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གསབ་སྣོན་ས་ཁུལ་སོགས་ཀྱི་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་གཏང་དགོས། ཁོར་ཆེན་གྱི་རྩྭ་ས་ངན་གྱུར་བདག་སྐྱོང་དང་དཀར་མཛེས་མཐོ་སྒང་རྩྭ་བའི་སྐྱེ་ཁམས་ཉམས་གསོ། དབྱི་ལེའུ་རོང་ཁུལ་རྩྭ་སའི་སྲུང་སྐྱོབ་སོགས་གཙོ་གནད་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་འཆར་གཞི་སྒྲིག་བཟོ་བྱེད་པ་ཇེ་མགྱོགས་སུ་གཏང་དགོས་པ་དང་། ལྟག་ཆུ་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས་བཅས་ཀྱི་ནུས་པ་ཉམས་གསོ་དང་མཐོར་འདེགས་སུ་གཏང་དགོས།

(དགུ)རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་སྟེར་བའི་སྒྲིག་གཞི་འཛུགས་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དེ་འབྲོག་པའི་ཡོང་སྒོ་སྤར་བ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། ཕྱུགས་འཚོ་བ་གཏན་འགོག་བྱེད་པར་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགའ་སྟེར་བ་ལག་བསྟར་བྱེད་པ་དང། འབྲོག་པར་ཕྱུགས་ཟོག་ཉུང་འཕྲི་བྱས་རུང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་འགན་སྲུང་བྱས་ཏེ། འབྲོག་པས་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་དགོས། 2011ལོ་ནས་བཟུང་ནང་སོག་དང་ཞིན་ཅང་། བོད་ལྗོངས། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཉིང་ཞ། ཡུན་ནན་བཅས་རྩྭ་ཐང་འབྲོག་ཁུལ་ཞིང་ཆེན་གཙོ་བོ་བརྒྱད་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ལ་ཁ་གསར་བྱ་དགའ་སྟེང་བའི་སྒྲིག་གཞི་སྒོ་ཀུན་ནས་འཛུགས་དགོས། འཚོ་གནས་ཁོར་ཡུག་སྡུག་པོ་དང་རྩྭ་ཐང་ངན་གྱུར་ཚབས་ཆེན། ཕྱུགས་འཚོ་མི་འོས་པའི་རྩྭ་ཐང་དུ་ཕྱུགས་འཚོ་བར་བཀག་འགོག་བྱས་ནས་རྩྭ་ཐང་ཉམས་གསོ་བྱེད་པ་ལག་ཏུ་བསྟར་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མུའུ་རེར་ལོ་རེར་སྒོར་དྲུག་གི་ཚོད་རྩིས་ཚད་གཞི་ལྟར་དུ་འབྲོག་པ་མང་ཚོགས་ལ་ཕྱུགས་འཚོ་བཀག་འགོག་བྱེད་པའི་ཁ་གསབ་སྟེར་རྒྱུ། ལོ་ལྔ་ནི་ཁ་གསབ་ཀྱི་དུས་འཁོར་ཞིག་ཡིན། ཕྱུགས་འཚོ་བཀག་འགོག་བྱེད་ཚུན་དུ་བེད་སྤྱོད་བྱེད་ཆོག་པའི་རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ནུས་པ་གཞིར་བཟུང་སྟེ། རྩྭ་ཕྱུགས་དོ་མཉམ་ཡོང་བ་གཏན་འཁེལ་བྱེད་པ་དང་། ལུགས་མཐུན་གྱིས་ཕྱུགས་ཟོག་ཤོང་ཚད་ཞིབ་བཤེར་གཏན་འབེབས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཤོང་ཚད་ལས་བརྒལ་མེད་པའི་འབྲོག་པར་མུའུ་རེར་ལོ་རེར་སྒོར་གཅིག་དང་གྲངས་ཆུང་ལྔ་ཚོད་རྩིས་ཚད་གཞི་ལྟར་རྩྭ་ཕྱུགས་དོ་མཉམ་ཡོང་བའི་བྱ་དགའ་སྟེར་རྒྱུ། ཁ་གསབ་བྱ་དགའི་སྲིད་ཇུས་ཐད་དམིགས་འབེན་དང་ལས་འགན། འགན་འཁྲི། མ་དངུལ་བཅས“ཞིང་ཆེན་ལ་འབྱོར་བ་བཞིའི”སྒྲིག་གཞི་ལག་ལེན་དུ་བསྟར་དགོས། ཞིང་ཆེན་སོ་སོས་རྩ་འཛུགས་ལག་བསྟར་བྱེད་པ་དང་། ཁ་གསབ་རོགས་རམ་བྱ་དགའི་མ་དངུལ་དེ་རྩྭ་ཐང་སྐྱེ་ཁམས་ལེགས་བཅོས་དམིགས་འབེན་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱིས་དམངས་ལ་སྟབས་བདེ་ངང་ལས་ཆོད་མཐོ་བའི་རྩ་དོན་ལྟར་བྱེ་བྲག་གི་འགྲེམ་སྤེལ་བྱེད་སྟངས་འཚོ་བའི་རྩ་དོན་ལྟར་བྱེ་བྲག་གི་འགྲེམ་སྤེལ་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། གྲུབ་འབྲས་དང་ཕན་ནུས་དཔྱད་ཞིབ་དང་བྱ་དགའི་ལམ་ལུགས་བཙུགས་ནས་ས་གནས་སྲིད་གཞུང་གི་འགན་འཁྲི་དངོས་འབེབས་བྱེད་དགོས།

(བཅུ)རྩྭ་ཐང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ལས་ཁུངས་སྒྲིག་འཛུགས་ལུགས་མཐུན་དང་དཔུང་སྡེ་སྒྲིག་གཞི་ལེགས་སྒྱུར། སྒྲིག་བཀོད་འཐུས་ཚང་། བཅའ་ཁྲིམས་ལག་བསྟར་ལྟ་སྐུལ་ལ་ནུས་ལྡན་ཡིན་པ་བཅས་ཀྱི་བླང་བྱ་ལྟར། རྩྭ་ཐང་ལ་ལྟ་སྐུལ་དོ་དམ་བྱ་བར་སྔར་ལས་ལྷག་པར་ཤུགས་སྣོན་གཏང་དགོས། རྩྭ་ཐང་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཐོན་ཁུངས་རྩད་ཞིབ་ལམ་ལུགས་དངོས་འབེབས་བྱེད་པ་དང་། ལོ་རེར་འགུལ་རྣམ་ལྟ་ཞིབ་ཚད་ལེན་སྤེལ་བ་དང་ལོ་ལྔ་རེའི་ནང་དུ་རྩྭ་ཐང་ཐོན་ཁུངས་ལ་སྒོ་ཀུན་ནས་བརྟག་དཔྱད་ཐེངས་ཤིག་བྱེད་དགོས། རྩྭ་ཐང་གི་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་བྱེད་པར་ཤུགས་སྣོན་བཏང་ནས་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲུང་སྐྱོབ་བྱེད་དགོས། རྩྭ་ཐང་བཅའ་ཁྲིམས་ལག་བསྟར་ལྟ་སྐུལ་གཟབ་ནན་བྱེད་པ་དང་། རྩྭ་ཐང་བསྡུས་སྤྱོད་འཛིན་སྤྱོད་ཀྱི་དོ་དམ་ལ་ཤུགས་རྒྱག་པ། བཅའ་ཁྲིམས་ལྟར་ཁྲིམས་དང་འགལ་ནས་བསྡུས་སྤྱོད་འཛིན་སྤྱོད་དང་རང་དགར་གྱིས་གསར་སྤེལ་དང་བརྐོ་འདོན་བྱེད་པ་དང་། དེ་མིན་རྩྭ་ཐང་འཛིན་སྤྱོད་དང་གཏོར་བརླག་བྱེད་པའི་གྱོད་གཞི་གཞན་པ་རྩད་ཞིབ་ཐག་གཅོད་བྱེད་པ་དང་། ཕྱུགས་འཚོ་བ་བཀག་འགོག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་གཏན་ཁེལ་དང་འགལ་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་གྲོན་དངུལ་བསྡུ་བ་དང་དོ་དམ་གཟབ་ནན་བྱེད་དགོས། འབྲོག་ཁུལ་དང་རོང་མ་འབྲོག་རྫོང་གིས་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་འཐུས་ཚང་དུ་བཏང་ནས། བཅའ་ཁྲིམས་ལག་བསྟར་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། བྱ་བའི་གྲོན་དངུལ་འགན་སྲུང་བྱས་ནས་བྱ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས།

བཞི། གོང་དུ་སྤེལ་སྟངས་སྒྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དེང་རབས་རྩྭ་ཐང་ཕྱུགས་ལས་ཧུར་ཐག་གིས་གོང་དུ་སྤེལ་དགོས།

(བཅུ་གཅིག)རྩྭ་ཐང་ཕྱུགས་ལས་དེ་རགས་ལས་ཅན་ནས་སྤུས་ཚད་ཕན་འབྲས་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་སྤེལ་གཏང་དགོས། གོ་རིམ་ལྡན་པའི་སྒོ་ནས་རྩྭ་ཐང་གི་ཕྱུགས་འཚོ་མཚམས་འཇོག་པ་དང་འགོག་པ། འཚོ་རེས་བྱེད་པ་བཅས་ཀྱི་ལམ་ལུགས་ཁྱབ་སྤེལ་བྱས་ནས། རང་བྱུང་རྩྭ་ཐང་སྟེང་ཕྱུགས་ཟོག་ཤོང་ཚད་ལས་བརྒལ་གྲངས་ཉུང་འཕྲི་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས། རྩྭ་ར་དང་ཕྱུགས་ར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་བརྟན་བརླིང་ངང་འབྲོག་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ཁྱབ་སྤེལ་དང་གྲོན་ཆུང་དང་ལས་ཆོད་མཐོ་བའི་སྒོ་ནས་ཞིང་ཆུ་འདྲེན་པའི་གཟན་རྩྭའི་རྟེན་གཞི་གོང་དུ་སྤེལ་བ། རྩྭ་ཐང་ཕྱུགས་ལས་དེ་རང་ཤུགས་ཀྱིས་ཕྱུགས་འཚོ་བ་ནས་ཕྱུགས་རའི་ནང་གཟན་གྱིས་གསོ་བའམ་འཚོ་ཞོར་ལ་གཟན་གྱིས་གསོ་བའི་ཐད་དུ་བསྒྱུར་བར་སྐུལ་སྤེལ་བྱེད་པ་དང་། ཕྱུགས་འཚོ་བར་བཀག་འགོག་བྱེད་པ་ལས་ཕྱུགས་གཟན་གྱིས་གསོ་བ་བཀག་འགོག་བྱེད་མི་རུང་། ཐོན་སྐྱེད་སྒྲིག་སྟངས་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་གསོ་བ་དང་བདག་གཉེར་ཆུ་ཚད་མཐོར་འདེགས་སུ་གཏང་བ། ཕྱུགས་ཟོག་རྒྱུན་འཁྱོར་བཤས་ཁོངས་སུ་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། ཐོན་སྐྱེད་ཕན་འབྲས་ཇེ་མང་དུ་གཏང་དགོས། ཞིང་ཕྱུགས་གཉིས་ཟུང་འབྲེལ་བྱེད་པར་ཤུགས་རྒྱག་པ་དང་། འབྲོག་ཁུལ་ནས་གསོ་སྤེལ་དང་རོང་ཁུལ་ནས་ཤ་ཤེད་རྒྱས་སུ་འཇུག་པའི་ཐོན་སྐྱེད་སྒྲིག་སྟངས་ཆགས་སུ་འཇུག་དགོས། ནང་སོག་དང་མཐའ་བསྐོར་འབྲོག་ཁུལ་རྩྭ་ཐང་གི་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བའི་དཔེ་སྟོན་བཟོ་འགོད་དང་། ཞིན་ཅང་འབྲོག་ཁུལ་རྩྭ་ཐང་གི་ཕྱུགས་ལས་རིགས་སྒྱུར་དཔེ་སྟོན་བཟོ་འགོད། མཚོ་བོད་མཐོ་སྒང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་འཕེལ་རྒྱས་དཔེ་སྟོན་བཟོ་འགོད་བཅས་ལག་བསྟར་བྱེད་པར་མགོ་རྩོམ་པ་དང་། སྐམས་དང་ཤ་གཟན་ཚད་གཞི་ཅན་གྱི་གསོ་སྤེལ་ས་ཁུལ་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། ཐོན་སྐྱེད་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཁྲལ་བསྡུ་གཟིགས་སྐྱོང་དང་ནོར་སྲིད་ཁ་གསབ་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ་དང་། འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས་ཐོག གཞི་ཁྱོན་ཚད་དང་ལྡན་པའི་བདག་གཉེར་སྐུལ་སྤེལ་བྱས་ནས། རྩྭ་ཐང་ཕྱུགས་ལས་རྩ་འཛུགས་ཅན་དུ་གཏོང་ཚད་མཐོར་འདེགས་སུ་གཏང་དགོས།

(བཅུ་གཉིས)རྨང་གཞིའི་ནུས་པ་དང་ཞབས་འདེགས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་གཏང་དགོས། ཚན་རྩལ་འདེགས་སྐྱོར་ཤུགས་དྲག་ཏུ་གཏང་བ་དང་ཞབས་འདེགས་མ་ལག་འཐུས་ཚང་དུ་བཏང་ནས། རྩྭ་ཐང་ཕྱུགས་ལས་འཕེལ་ཚད་མཐོར་འདེགས་སུ་གཏང་དགོས། ཞིང་ལས་ལ་འབྲེལ་བ་ཡོད་པའི་ཚན་ཞིབ་གྲོན་དངུལ་གྱིས་འབྲོག་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་བ་དང་། ཕྱུགས་རྒྱུད་ལེགས་པོ་དང་རྩྭ་སོན་ལེགས་འདེམས། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཉམས་གསོ་དང་བསྐྱར་འཛུགས་སོགས་གནད་འགག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་ལ་སྔར་ལས་ལྷག་པའི་ཤུགས་སྣོན་གཏང་དགོས། རྩྭ་ཐང་ཕྱུགས་ལས་དང་རྩྭ་ཐང་སྐྱེ་ཁམས་སོགས་ཚན་རིག་འཛུགས་སྐྲུན་ལ་ཤུགས་སྣོན་བཏང་ནས་ཆེད་ལས་ལག་རྩལ་མི་སྣ་སྐྱེད་སྲིང་བྱེད་དགོས། ཕྱུགས་རྒྱུད་གསོ་སྤེལ་ར་བ་དང་ཕྱུགས་རྩྭ་སོན་བཟང་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ཕྱུགས་རྒྱུད་ལེགས་པོ་དང་ཕྱུགས་རྩྭ་མཁོ་སྤྲོད་ནུས་པ་མཐོར་འདེགས་སུ་གཏང་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་རྒྱག་པ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་རིམས་ནད་ཕོག་པའི་ཕྱུགས་ཟོག་འཛིན་གསོད་ཀྱི་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་པ། ཕན་ཡོད་ཀྱི་སྒོ་ནས་པུ་ནད་དང་ཐུམ་འབུ་ནད། འདུས་འདྲིལ་གཅོང་ནད་སོགས་མི་ཕྱུགས་གཉིས་ལ་འབྱུང་བའི་ནད་དང་ཁ་ཚ་རྨིག་ཚ་སོགས་རིམས་ནད་ཚབས་ཆེན་ཚོད་འཛིན་བྱེད་དགོས། གཟབ་ནན་གྱིས་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱས་ནས། ཕྱུགས་ཟོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་སྲུང་བྱེད་དགོས། ཞང་བརྡལ་ཕྱུགས་ཟོག་སྨན་བཅོས་ས་ཚིགས་མཐུད་འཛུགས་བྱེད་པར་ཟུང་འབྲེལ་བྱེད་པ་དང་འཛུགས་སྐྲུན་ཚད་གཞི་མཐོར་འདེགས་སུ་བཏང་ནས། འབྲོག་ཁུལ་གྱི་གཞི་རིམ་ཕྱུགས་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེགས་ཆ་རྐྱེན་ལེགས་བཅོས་བྱེད་དགོས། ཆེད་མངག་ཚན་རྩལ་པ་ཞིང་སྡེར་སོང་ནས་ཚན་རྩལ་ལས་སྐྲུན་བྱ་འགུལ་ཁྱབ་སྤེལ་བྱེད་དགོས། ས་གནས་དེ་གའི་ཆ་རྐྱེན་དང་མཐུན་པའི་མི་སྣ་གདམ་གསེས་བྱས་ནས། དམིགས་སུ་བཀར་ཏེ་གསོ་སྐྱོང་བྱས་ནས་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་དཔུང་སྡེ་ཁ་གསབ་བྱེད་དགོས། འབྲོག་པའི་ཐོན་སྐྱེད་ལག་རྩལ་གསོ་སྐྱོང་ཁྱབ་སྤེལ་བྱེད་པ་དང་། སྤུས་ལེགས་གཟན་རྩྭ་ཐོན་སྐྱེད་དང་ཕྱུགས་ཟོག་གཟན་གྱིས་གསོ་བ་དང་འཚོ་ཞོར་ལ་གཟན་གྱིས་གསོ་བ། ཕྱུགས་རྒྱུད་ལེགས་སྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་སྔོན་ཐོན་སྤྱོད་བདེ་ལག་རྩལ་མགྱོགས་མྱུར་ངང་ཁྱབ་གདལ་བྱེད་དགོས།

(བཅུ་གསུམ)གནོད་འགོག་གནོད་འཕྲིའི་ནུས་པ་མཐོར་འདེགས་སུ་གཏང་དགོས། འབྲོག་ཁུལ་གྱི་གནོད་འགོག་གནོད་འཕྲིའི་བཟོ་འགོད་འཆར་གཞིའི་སྒྲིག་བཟོ་དམ་འཛིན་བྱས་ཏེ། མགྱོགས་མྱུར་གྱིས་ལག་ལེན་བསྟར་མགོ་རྩོམ་དགོས། ཁངས་གནོད་འབྱུང་སླ་བའི་རྫོང་གི་གཟན་རྩྭ་གཟན་ཆས་གསོག་མཛོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཟན་རྩྭ་གཟན་ཆས་གསོག་པའི་ལམ་ལུགས་འཛུགས་དགོས། རྩྭ་ཐང་མེ་སྐྱོན་ཐད་ཀྱི་བབ་བསྟུན་འཕྲིན་སྐྱེལ་བཀོད་འདོམས་མ་ལག་དང་། མེ་འགོག་དངོས་རྫས་གསོག་མཛོད། མེ་འགོག་ས་ཚིགས། ས་མཚམས་མེ་འགོག་བར་བཅད་རྒྱུད་བཅས་འཛུགས་སྐྲུན་བྱེད་པ་དང་། ཆེད་ལས་དང་ཆེད་ལས་ཕྱེད་ཙམ་གྱི་མེ་སྐྱོན་འགོག་གསོད་ཀྱི་དཔུང་སྡེ་བཙུགས་ཏེ། ལག་རྩལ་གསོ་སྐྱོང་དང་བབ་བསྟུན་རྩལ་སྦྱོང་བྱས་ནས། རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ནུས་པ་མཐོར་འདེགས་སུ་གཏང་དགོས། རྩྭ་ཐང་གི་ཨབ་བྲ་དང་འབུ་ཡི་གནོད་འཚེ། དུག་རྩྭ་འགོག་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་བརྒྱབ་ཏེ། འགོག་བཅོས་གཞི་ཁྱོན་རྒྱ་སྐྱེད་པ་དང་སྐྱེ་དངོས་འགོག་བཅོས་ཀྱི་བསྡུར་ཚད་ཇེ་མང་དུ་གཏང་བ། རྩྭ་ཐང་དུ་ཕྱི་ཡོང་དངོས་རྫས་རིགས་ཀྱིས་གནོད་འཚེ་གཏང་བར་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་དགོས། རྩྭ་ཐང་གི་གནོད་འགོག་གནོད་འཕྲིའི་བབ་བསྟུན་སྔོན་བཀོད་འཆར་ཟིན་དང་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། བྱ་བའི་གྲོན་དངུལ་ཁག་ཐེག་བྱེད་དགོས།

(བཅུ་བཞི)ཐོན་སྐྱེད་ཁ་གསབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། འབྲོག་ཁུལ་གྱི་ཁྱད་ཆོས་ལ་དམིགས་ཏེ། རྩྭ་ཐང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། ཕྱུགས་ཟོག་རྒྱུད་བཟང་གི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་ལེན་བྱས་ཏེ། འབྲོག་ཁུལ་གྱི་སྐམས་དང་ལུག་རྒྱུད་བཟང་ལ་ཁ་གསབ་བྱས་པའི་རྨང་གཞིའི་ཐོག ནོར་དང་ར་མ་གཉིས་ཀྱང་ཁ་གསབ་བྱེད་ཁོངས་སུ་འཇོག་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་གི་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་ལེན་བྱེད་པའི་ཞིང་ཆེན་བརྒྱད་ལ། མིའི་ཐབས་ཀྱིས་ཕྱུགས་རྩྭ་འདེབས་པའི་སོན་བཟང་ཁ་གསབ་ལག་ལེན་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་མུའུ་རེར་སྒོར་བཅུ་ཁ་གསབ་བྱེད་རྒྱུ་དང་། འབྲོག་པའི་ཐོན་སྐྱེད་ཐད་བཀོལ་བའི་ཁྲའེ་སྣུམ་སོགས་ཐོན་སྐྱེད་རྒྱུ་ཆའི་ཐད་ལ་ཁ་གསབ་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱིམ་ཚང་རེར་སྒོར་ལྔ་བརྒྱ་རེ་ཁ་གསབ་བྱེད་རྒྱུ་དང་། འབྲོག་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྣམ་པ་སྣ་མང་གི་རྩྭ་ཐང་ཕྱུགས་ལས་ཀྱི་ཉེན་འགོག་གོང་དུ་སྤེལ་ཏེ། ཆ་རྐྱེན་དང་མཐུན་པའི་ཕྱུགས་ལས་ཀྱི་ཉེན་འགོག་ལ་ཉེན་འགོག་གྲོན་དངུལ་ཁ་གསབ་བྱེད་དགོས།

(བཅོ་ལྔ)རྩྭ་ཐང་འགན་གཙང་ལེན་བདག་གཉེར་གྱི་ལམ་ལུགས་བརྟན་བརླིང་ངང་འཐུས་ཚང་དུ་གཏང་དགོས། དབང་གཏོགས་གསལ་བོ་དང་དོ་དམ་ཚད་ལྡན། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་བླང་བྱ་ལྟར་དུ། རྩྭ་ཐང་བདག་དབང་དང་འགན་གཙང་ལེན་བྱ་བ་ཧུར་ཐག་བརྟན་བརླིང་ངང་ཁྱབ་སྤེལ་གཏང་དགོས། ཁྲིམས་ལྟར་རྩྭ་ཐང་གི་དབང་གཏོགས་གསལ་བོར་བྱེད་པ་དང་། རྩྭ་ཐང་འགན་གཙང་ལེན་ཐད་ཀྱི་ས་དུམ་དང་རྒྱ་ཁྱོན། གན་རྒྱ། དཔང་ཡིག་བཅས་བཞི་བོ་ཁྱིམ་ཚང་ལ་ཐོན་པ་མངོན་འགྱུར་བྱས་ཏེ། རྩྭ་ཐང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་བརླིང་ཡིན་པ་མ་ཟད། ཡུན་རིང་བོར་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། ས་གནས་སྲིད་གཞུང་གི་རྩྭ་ཐང་འགན་གཙང་ལེན་བྱ་བའི་དམིགས་འབེན་འགན་འཁྲི་ལམ་ལུགས་འཛུགས་པ་དང་། བྱ་བའི་གྲོན་དངུལ་དངོས་འབེབ་བྱས་ཏེ། ལོ་ལྔ་ཡི་དུས་ཚོད་བཀོལ་ཏེ་རྩྭ་ཐང་གི་བདག་དབང་དང་འགན་གཙང་ལེན་བྱ་བ་ཕལ་ཆེར་འགྲུབ་པར་བརྩོན་ལེན་བྱེད་དགོས། རྩྭ་ཐང་འགན་གཙང་ལེན་གྱི་གན་རྒྱ་དོ་དམ་ཇེ་དྲག་ཏུ་བཏང་སྟེ། རྩྭ་ཐང་འགན་གཙང་ལེན་གྱི་ཡིག་ཚགས་འཐུས་སྒོ་ཚང་དུ་གཏང་དགོས། ཁྲིམས་ལྟར་རང་འཐད་ཡིན་ཞིང་རིན་དོད་ཡོད་པ་དང་ཞབས་འདེགས་ཐད་ཤུགས་སྣོན་བཏང་བའི་རྨང་གཞིའི་ཐོག འགན་གཙང་ལེན་གྱི་དབང་ཆ་རྒྱུན་འཁོར་ཚད་ལྡན་དུ་བཏང་སྟེ། རྒྱུན་འཁོར་ལ་ཁ་གཡར་ཏེ་རྩྭ་ཐང་གི་སྤྱོད་སྒོ་སྒྱུར་བར་སྔོན་འགོག་བྱེད་དགོས། འཛུགས་སྐྲུན་གྱི་དགོས་མཁོའི་སྟབས་ཀྱིས་རྩྭ་ཐང་བེད་སྤྱོད་བྱེད་དགོས་ཚེ། ཁྲིམས་ལྟར་རྩྭ་ས་བསྡུ་ལེན་དང་བེད་སྤྱོད་ཀྱི་སྐྱིན་ཚབ་འཇལ་བ་མ་ཟད། བཟུང་སྤྱོད་བྱ་ཡུལ་གྱི་འབྲོག་པའི་བཀོད་སྒྲིག་བྱ་བ་ལེགས་སྒྲུབ་བྱེད་དགོས། རྩྭ་ཐང་ཐོག་གི་དངོས་རྫས་དམིགས་བསལ་རིགས་ཀྱི་ཐོན་ཁུངས་ལ་དོ་དམ་དང་བདག་གཉེར་བྱེད་པར་ས་དེའི་སྲིད་གཞུང་གིས་ཆེད་དམིགས་ཀྱི་དོ་དམ་བྱེད་ཐབས་གཏན་འབེབ་བྱེད་དགོས།

ལྔ། འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འབྲོག་པའི་ཡོང་སྒོ་འཕར་སྣོན་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དགོས།

(བཅུ་དྲུག)འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་དཔལ་འབྱོར་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་དགོས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་གཏང་བ་དང་། སྣེ་ཁྲིད་ཁེ་ལས་གསོ་སྐྱོང་དང་རྒྱ་ཆེ་རུ་གཏང་བ། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བསྲིངས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གོ་རིམ་ལྡན་པའི་སྒོ་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། གསར་སྤེལ་གྱི་སྒྲིག་ལམ་དག་ཐེར་བྱས་ཏེ། གསར་སྤེལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། རླུང་གློག་དང་ཉི་གློག་གིས་གློག་འདོན་པ་སོགས་གཙང་སྦྲ་ལྡན་པའི་ནུས་ཁུངས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་ཆུ་གློག་གསར་སྤེལ་དང་འཛུགས་སྐྲུན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྐྱེ་དངོས་ཀྱི་ངོ་བོའི་ནུས་པ་མཐོར་འདེགས་སུ་གཏང་དགོས། འཁོར་རྒྱུག་དཔལ་འབྱོར་ཤུགས་ཆེན་གྱིས་འཕེལ་རྒྱས་སུ་བཏང་སྟེ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། མི་རིགས་ཀྱི་གསོ་རིག་ཚད་གཞི་མ་ལག་དང་བརྟག་དཔྱད་ཚད་ལེན་མ་ལག་འཐུས་ཚང་དུ་གཏང་བ་དང་། སྨན་དུ་བཀོལ་བའི་སྲོག་ཆགས་དང་རྩི་ཤིང་རིགས་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། མི་རིགས་ཀྱི་གསོ་རིག་ཐོན་ལས་འཕེལ་རྒྱས་སུ་གཏང་བར་རོགས་སྐྱོར་བྱེད་དགོས། ཁྲལ་སྡུད་གཟིགས་སྐྱོང་གི་སྲིད་ཇུས་དངོས་འབེབ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་འཕེལ་རྒྱས་སུ་གཏང་བར་མུ་མཐུད་དུ་རོགས་སྐྱོར་བྱེད་དགོས། དེང་རབས་དངོས་ཟོག་སྐྱེལ་འདྲེན་གྱི་ཞབས་འདེགས་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། འབྲོག་ཁུལ་གྱི་ཕྱུགས་ལས་ཐོན་རྫས་སྡེབ་ཚོང་ཉོ་འཚོང་ཁྲོམ་ར་དང་ཚོང་ལས་སིལ་ཚོང་དྲ་ཚིགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་གཏང་དགོས། མི་རིགས་རིག་གནས་དང་དམངས་སྲོལ་རིག་གནས། རྩྭ་ཐང་རིག་གནས། མི་རིགས་དམངས་ཁྲོད་ཀྱི་ལུས་རྩལ་བཅས་སྔར་ལས་ལྷག་པར་སྔོག་འདོན་བྱས་ཏེ། རྩྭ་ཐང་གི་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་ལྡན་པའི་རྩྭ་ཐང་རིག་གནས་ཐོན་ལས་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏང་དགོས། གཙོ་གནད་གནས་སྐོར་མཛེས་ལྗོངས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་ཏེ། མཛེས་སྡུག་གི་གནས་སྐོར་འགྲོ་ལམ་སྐོར་ཞིག་བསྐྲུན་པ་དང་། རྒྱལ་ཁབ་ཕྱི་ནང་དུ་མཚན་སྙན་གྲགས་པའི་གནས་སྐོར་འགྲོ་ས་སྐོར་ཞིག་ཆགས་པར་བྱེད་དགོས།

(བཅུ་བདུན)འབྲོག་ཁུལ་གྱི་ཕྱི་ནང་ཕྱོགས་ལ་སྒོ་འབྱེད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏང་དགོས། ས་ཁོངས་བར་གྱི་ཐོན་ལས་གནས་སྤོ་བྱེད་པའི་གོ་སྐབས་དམ་འཛིན་དང་། འབྲོག་ཁུལ་གྱི་ཁྱད་སྟོབས་ཐོན་ཁུངས་ལ་རྒྱབ་བརྟེན་ནས། དར་རྒྱས་ཡིན་པའི་ས་ཁུལ་ཁེ་ལས་ཀྱིས་འབྲོག་ཁུལ་དུ་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏང་བར་ཧུར་ཐག་གིས་ནང་འགུག་བྱས་ཏེ། ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏང་བའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། འབྲོག་ཁུལ་དང་ས་ཁུལ་གཞན་པའི་དཔལ་འབྱོར་ལག་རྩལ་མཉམ་ལས་དང་བརྗེ་རེས་བྱེད་པར་ཤུགས་བརྒྱབ་ཏེ། ཕྱོགས་གཉིས་ཀར་ཕན་ཁེ་ཐོབ་པ་མངོན་འགྱུར་བྱེད་དགོས། ཧྲང་ཧེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་སོགས་ས་ཁོངས་ཀྱི་མཉམ་ལས་ལས་སྟེགས་བེད་སྤྱད་དེ། མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་བར་དཔལ་འབྱོར་ལག་རྩལ་མཉམ་ལས་བྱེད་པར་སྐུལ་འདེད་གཏང་དགོས། འབྲོག་ཁུལ་གྱི་ཁེ་ལས་ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་དང་ཕྱི་ཕྱོགས་ཀྱི་བཟོ་འགོད་འགན་གཙང་ལེན་བྱེད་པ། ཕྱི་ཕྱོགས་ཀྱི་ངལ་རྩོལ་པའི་བར་མཉམ་ལས་བྱེད་པ་བཅས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས། གཙོ་གནད་ཀྱི་ས་མཚམས་མཁར་གྲོང་དང་ཚོང་འགྲུལ་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་དང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཐའ་ཁུལ་ཡུལ་མའི་ཉོ་འཚོང་བརྗེ་རེས་ས་ཁུལ་གྱི་འཕེལ་རྒྱས་ཚད་ལྡན་དུ་གཏང་བ་མ་ཟད་སྐུལ་འདེད་ཀྱང་བཏང་སྟེ། མཐའ་ཁུལ་ཡུལ་མའི་ཉོ་ཚོང་བརྗེ་རེས་ཀྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབ་བྱས་ཏེ། ཚོང་འགྲུལ་གྲུ་ཁའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས།

(བཅོ་བརྒྱད)འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བའི་གཙང་སྦྲ་ལྡན་པའི་ནུས་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་ཐེབས་པའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད་ཀྱི་ཆ་རྐྱེན་ཡོད་པའི་ལས་གཞིར་དམིགས་བཀར་གྱིས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས་པ་མ་ཟད་ཞིབ་བཤེར་མཆོག་མཆན་འགོད་དགོས། ད་ཡོད་ཀྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དང་། ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་འབྲིང་གི་ལག་རྩལ་གསར་སྐྲུན་ཐེབས་རྩ། ཁེ་ལས་ལག་རྩལ་བཅོས་སྒྱུར་གྱི་སྐྱེད་ཀའི་མ་དངུལ། ཐོན་སྐྱེད་ཁ་གསབ་མ་དངུལ་སོགས་འབྲོག་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ལས་གཞི་ལ་གཟིགས་སྐྱོང་འོས་འཚམ་བྱེད་དགོས། ནུབ་རྒྱུད་ས་ཁུལ་དུ་བཙུགས་པའི་སྐུལ་བསྟོད་རིགས་ཀྱི་ཐོན་ལས་ལས་འབྲོག་ཁུལ་གྱི་ཁེ་ལས་ལ་བརྒྱ་ཆའི་བཅོ་ལྔ་འཕྲི་བའི་ཁྲལ་ཚད་ལྟར་ཁེ་ལས་ཐོབ་ཁྲལ་བསྡུ་དགོས། ས་ཞིང་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞིའི་དམིགས་ཚད་བཀོད་སྒྲིག་བྱེད་སྐབས། འབྲོག་ཁུལ་ལ་གཟིགས་སྐྱོང་འོས་འཚམ་བྱེད་དགོས། གཏེར་ཁའི་གཏེར་སྙིགས་བེད་སྤྱོད་བྱེད་ཚད་མཐོར་འདེགས་སུ་གཏོང་བ་དང་། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་བྱེད་པའི་ལག་རྩལ་གསར་སྤེལ་བྱས་ཏེ། བེད་སྤྱོད་ཀྱི་ལས་གཞིའི་ཁྲོད་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཞུགས་པར་སྐུལ་བསྟོད་བྱེད་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་འབྲོག་ཁུལ་དུ་དངུལ་ལོར་ཞབས་འདེགས་ཞུ་ཚད་ཇེ་ཆེར་བཏང་སྟེ། སྲིད་ཇུས་རང་བཞིན་གྱི་དངུལ་ལོར་ཐབས་ཤེས་འཚོལ་ཞིབ་དང་བེད་སྤྱད་དེ་འབྲོག་ཁུལ་གྱི་གཙོ་གནད་ཐོན་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་དང་འབྲེལ་བའི་དངུལ་བུན་དང་ཁྲལ་སྡུད་གཟིགས་སྐྱོང་དང་། ཞིང་སྡེའི་དངུལ་ལོར་ལས་ཁུངས་ཀྱི་དམིགས་བཀར་འགྲོ་གྲོན་ཁ་གསབ། རྫོང་ཁོངས་ཀྱི་དངུལ་ལོར་ལས་ཁུངས་ཀྱི་ཞིང་ལས་དང་འབྲེལ་བའི་དངུལ་བུན་གྲངས་འབོར་ཇེ་མང་དུ་བཏང་བའི་བྱ་དགའ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབ་བྱས་ཏེ། རྫོང་ཁོངས་ཀྱི་ཁྲིམས་མིའི་དངུལ་ལོར་ལས་ཁུངས་ཀྱིས་གསར་སྣོན་དངུལ་བུན་བཏང་ཆོག་པའི་མ་དངུལ་དེ་གཙོ་བོར་བཞག་ནས་བེད་སྤྱོད་པའི་སྲིད་ཇུས་སྔར་ལས་ལྷག་པར་དངོས་འབེབ་དང་འཐུས་ཚང་དུ་གཏང་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་འབྲོག་ཁུལ་དང་ལྷག་པར་དུ་མཐའ་འཁོབ་འབྲོག་ཁུལ་དུ་ཞབས་འདེགས་ཞུ་བའི་དྲ་ཚིགས་ཇེ་མང་དུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། འབྲོག་ཁུལ་གྱི་དངུལ་ལོར་ཞབས་འདེགས་མེད་པའི་ཞང་གྲོང་ལ་དངུལ་ལོར་ཞབས་འདེགས་ཡོད་པར་བྱེད་དགོས། མ་དངུལ་རྒྱུན་འཁོར་རང་བཞིན་གྱི་འགན་ཁུར་བའི་ཀུང་ཟིས་འབྲོག་ཁུལ་དུ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

(བཅུ་དགུ)འབྲོག་པས་ཐོན་ལས་གཞན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ། གཏན་ཕབ་ལྟར་ཆ་རྐྱེན་དང་མཐུན་པའི་གནས་གཞན་ལ་ལས་ཀར་འགྲོ་བའི་འབྲོག་པ་རྣམས་ལ་གླ་རིན་མི་དགོས་པའི་ལས་ཞུགས་ཆ་འཕྲིན་དང་ལས་རིགས་ངོ་སྤྲོད་སོགས་ཀྱི་ཞབས་འདེགས་འདོན་སྤྲོད་བྱས་ཏེ། ལས་རིགས་གསོ་སྐྱོང་གི་མ་དངུལ་ཁ་གསབ་དང་ལས་རིགས་ལག་རྩལ་དབྱེ་འབྱེད་ཀྱི་མ་དངུལ་ཁ་གསབ། འབྲོག་ཁུལ་དུ་རྒྱུན་མཐུད་སློབ་རིམ་སྤར་མེད་པའི་སློབ་དུས་དེའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན་པའི་སློབ་མ་རྣམས་ངལ་རྩོལ་ཞུགས་གྲབས་ལམ་ལུགས་ཀྱི་གསོ་སྐྱོང་གི་མ་དངུལ་ཁ་གསབ་སོགས་ཀྱི་སྲིད་ཇུས་དངོས་འབེབ་བྱས་ཏེ། འབྲོག་པའི་བྱང་ཚད་དང་ཐོན་ལས་གཞན་སྒྱུར་གྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ། རྩྭ་ཐང་མི་གྲངས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏང་དགོས། འཇོན་མི་གསོ་སྐྱོང་དང་མཚམས་སྦྱོར་བྱེད་པར་ཤུགས་བསྣན་ཏེ། འབྲོག་པ་རྣམས་གནས་གཞན་ལ་ཞོར་ལས་སུ་འགྲོ་བ་གོ་རིམ་ལྡན་པའི་སྒོ་ནས་རྩ་འཛུགས་བྱེད་པ་དང་། སྤྱི་པའི་ལས་ཞུགས་ཀྱི་ཞབས་འདེགས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚོང་ཁྲོམ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ལས་ཞུགས་མཚམས་སྦྱོར་ཞབས་འདེགས་ཚད་ལྡན་དང་འཕེལ་རྒྱས་སུ་བཏང་སྟེ། འབྲོག་པ་རྣམས་ལ་ཕན་ནུས་ཆེ་ཞིང་སྤུས་ཚད་བཟང་བའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། འབྲོག་ཁུལ་ཁེ་ལས་ཀྱིས་ཧུར་ཐག་གིས་འབྲོག་པ་རྣམས་ལས་ཞུགས་བསྡུ་ལེན་བྱེད་པར་སྐུལ་བསྟོད་བྱེད་དགོས། ཕྱི་ལ་སོང་བའི་འབྲོག་པ་ཞོར་ལས་པ་རྣམས་ཀྱི་སྤྱི་ཚོགས་ཉེན་འགོག་འབྲེལ་བ་སྤོ་སྒྱུར་རྗེས་མཐུད་ཀྱི་བྱ་བ་ལེགས་སྒྲུབ་བྱེད་དགོས། དུག་རྩྭ་བཅོས་སྐྱོང་དང་ལྕགས་དྲ་བདག་སྐྱོང་། ཕྱུགས་འཕྲི་ལྟ་སྐུལ། མེ་འགོག ཨབ་བྲ་དང་འབུ་ཡི་གནོད་འཚེ་ཚད་ལེན་བརྡ་གཏོང་སོགས་རྩྭ་ཐང་བདག་སྐྱོང་གི་སྤྱི་ཕན་ལས་རྐང་བཙུགས་ཏེ། འབྲོག་པ་རྣམས་རྩ་འཛུགས་བྱས་ཏེ་རྩྭ་ཐང་བདག་སྐྱོང་བྱེད་དགོས།

དྲུག སྤྱི་པའི་ལས་དོན་ཤུགས་ཆེན་གྱིས་གོང་དུ་སྤེལ་ཏེ། དམངས་ཀྱི་འཚོ་བ་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱེད་དགོས།

(ཉི་ཤུ)འབྲོག་ཁུལ་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་བཟོ་འགོད་མགྱོགས་མྱུར་སྒོས་ལག་བསྟར་བྱས་ཏེ། འབྲོག་པའི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་མགྱོགས་པོ་བྱེད་པ་དང་། འབྲོག་པ་གཏན་སྡོད་བྱེད་སར་དམིགས་སུ་བཀར་ནས་ཆུ་མཁོ་སྤྲོད་བྱས་ཐོག ཆུ་མཁོ་སྤྲོད་ཁག་ཐེག་གི་ཚད་དང་སྤུས་ཚད་ཀྱི་ཚད་ལོངས་ཚད་སྔར་ལས་ལྷག་པར་མཐོར་འདེགས་སུ་གཏོང་བ་དང་། དེ་དང་ཆབས་ཅིག ཕྱུགས་ཟོག་ལ་འཐུང་ཆུ་དཀོན་པའི་གནད་དོན་ཐག་གཅོད་དགོས། འབྲོག་ཁུལ་དང་ཞིང་སྡེའི་གཞུང་ལམ་དང་གྲུ་ཁའི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་འཇོག་ཚད་ཇེ་མང་དུ་བཏང་སྟེ། སྒྲིག་གཞི་ཚང་བའི་སྡེ་བར་སྣུམ་ལམ་ལས་པའི་བཟོ་འགོད་མགྱོགས་མྱུར་གྱིས་ལག་ལེན་དུ་བསྟར་བ་དང་། འཚེར་སྤོ་ཕྱུགས་ལམ་གཙོ་བོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཐོག ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལ་ཤུགས་སྣོན་དགོས། འབྲོག་ཁུལ་དུ་གནམ་གྲུ་འབབ་ཐང་ཟུར་ལམ་དང་གནམ་གྲུ་འབབ་ཐང་ཐག་ཐུང་ཚད་རན་པོས་འཛུགས་སྐྲུན་བྱེད་པ་རོགས་སྐྱོར་བྱེད་དགོས། འབྲོག་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་རིམ་སྤར་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སྔར་ལས་ལྷག་པར་ཁྱབ་སྤེལ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཉི་གློག་དང་རླུང་གློག་སོགས་ནུས་པའི་འབྱུང་ཁུངས་གསར་པ་འཕེལ་རྒྱས་གཏོང་བ་དང་། “གསེར་གྱི་ཉི་མ”ཡི་དཔེ་སྟོན་བཟོ་འགོད་ལག་ལེན་དུ་བསྟར་བ་དང་ཟུང་འབྲེལ་བྱས་ཏེ། འབྲོག་པར་ཁྱིམ་སྤྱོད་ཉི་གློག་ཀོང་ཧྥུ་གློག་འདོན་རྒྱུད་རིམ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འབྲོག་ཁུལ་གྱི་འཕྲིན་སྐྱེལ་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གློག་འཕྲིན་ཞབས་འདེགས་མེད་པའི་གནད་དོན་རིམ་བཞིན་ཐག་གཅོད་དགོས། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ནུབ་རྒྱུད་འབྲོག་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་ཡིན་ཕྱིན། རྫོང་དང་རྫོང་རིམ་མན་ཆད་ཀྱི་ཆ་ཚང་སྡེབ་སྒྲིག་གི་མ་དངུལ་མེད་པར་བཟོ་དགོས།

(ཉེར་གཅིག)འབྲོག་པ་གཏན་སྡོད་བཟོ་འགོད་ལག་བསྟར་ཇེ་མགྱོགས་སུ་གཏང་དགོས། འབྲོག་པ་གཏན་སྡོད་བཟོ་འགོད་འཛུགས་སྐྲུན་ཐད་ཀྱི་མ་དངུལ་འཇོག་ཚད་ཇེ་མང་དུ་གཏོང་བ་དང་། འབྲོག་པའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་དེ་འཛུགས་སྐྲུན་གྱི་ནང་དོན་གྲས་སུ་བཞག་སྟེ། ས་བབ་མཐོ་ཞིང་ཁྱག་གྲང་ལྡན་པའི་མཐའ་མཚམས་ས་ཁུལ་དུ་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་གཞིར་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་ཆུ་བེད་སྒྲིག་ཆས་ཆུང་གྲས་དང་གཟན་རྩྭ་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། བོད་ཁུལ་དུ་སྡོད་གནས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། 2015ལོར་འབྲོག་པ་གཏན་སྡོད་གི་ལས་འགན་ཕལ་ཆེར་འགྲུབ་ཐུབ་པར་བརྩོན་ལེན་བྱེད་དགོས། འབྲོག་ཁུལ་གྱི་ས་གནས་སྲིད་གཞུང་གིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སོགས་ལས་གཞིའི་མ་དངུལ་ཧུར་ཐག་གིས་སྡེབ་སྒྲིག་བྱས་ཏེ། གཏན་སྡོད་བྱེད་སའི་ཆུ་གློག་ལམ་དང་འཕྲིན་སྐྱེལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡིན་པར་ཁག་ཐེག་བྱེད་དགོས། ཆ་ཚང་སྡེབ་སྒྲིག་གི་མ་དངུལ་དངོས་འབེབ་བྱས་ཏེ། དཀའ་ངལ་ཡོད་པའི་འབྲོག་པ་དང་མཐའ་མཚམས་ས་ཁུལ་གྱི་འབྲོག་པ་རྣམས་ལ་མ་དངུལ་ཁ་གསབ་བྱེད་ཚད་ཇེ་མང་དུ་གཏང་དགོས། འབྲོག་ཁུལ་གྱི་ཉེན་ཁ་ཡོད་པའི་ཁང་བ་བསྒྱུར་བཀོད་དང་ས་འགུལ་བདེ་འཇགས་བཟོ་སྐྲུན་མགྱོགས་མྱུར་གྱིས་ལག་ལེན་བསྟར་ཏེ། འབྲོག་ཁུལ་དང་མཁར་གྲོང་ཆུང་བ་གསར་པའི་འཛུགས་སྐྲུན་ཐད་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས།

(ཉེར་གཉིས)འབྲོག་ཁུལ་གྱི་སྤྱི་ཚོགས་ལས་དོན་ཤུགས་ཆེན་གྱིས་གོང་དུ་སྤེལ་དགོས། འོས་འགན་སློབ་གསོའི་སྤུས་ཚད་སྲ་བརྟན་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བཅའ་སྡོད་སློབ་གྲྭ་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་དུ་ཁྱིམ་ཚང་ལ་དཔལ་འབྱོར་ཐད་ནས་དཀའ་ངལ་ཡོད་པའི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏང་དགོས། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་མགྱོགས་མྱུར་གྱིས་ཁྱབ་གདལ་དུ་གཏོང་བ་དང་། འབྲོག་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་འབྲིང་རིམ་ལས་རིགས་སློབ་གསོ་ཤུགས་ཆེན་གྱིས་གོང་དུ་སྤེལ་ཏེ། འབྲིང་རིམ་ལས་རིགས་སློབ་གྲྭའི་འབྲོག་ཁུལ་སློབ་མའི་སློབ་ཡོན་རིམ་བཞིན་སྤྲོད་མི་དགོས་པར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྐད་གཉིས་སློབ་གསོ་སྤེལ་ཏེ། སྐད་གཉིས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སློབ་ན་མ་སོན་པའི་གོང་གི་སློབ་གསོ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་སྟེ། འབྲོག་ཁུལ་གྱི་བྱིས་པ་ཁང་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། འབྲོག་ཁུལ་གྱི་མྱུར་སྐྱོབ་མ་ལག་དང་མ་བུ་བདེ་སྲུང་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཡུལ་ནད་དང་འགོས་ནད་ཚབས་ཆེན་གྱི་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་མཉམ་ལས་ཁང་དུ་ཞུགས་ཚད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྲིད་གཞུང་གི་ཁ་གསབ་ཚད་གཞི་དང་རྩིས་ཞུ་བསྡུར་ཚད་རིམ་བཞིན་མཐོར་འདེགས་བཏང་སྟེ། གཅིག་གྱུར་འཆར་འགོད་ཀྱི་གདང་རིམ་མཐོར་འདེགས་སུ་གཏང་དགོས། རིམ་པ་གསུམ་པའི་སྨན་བཅོས་འཕྲོད་སྟེན་ཞབས་འདེགས་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་ཁག་ཡོངས་རྫོགས་ཤེས་པའི་སྨན་པ་གཙོ་བྱེད་པའི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། སྐོར་སྐྱོད་སྨན་བཅོས་ཞབས་འདེགས་ཀྱི་བྱ་འགུལ་སྤེལ་ཏེ། རྒྱང་བསྟེན་སྨན་བཅོས་འཕེལ་རྒྱས་སུ་གཏང་དགོས། གཞི་རིམ་མི་གྲངས་འཆར་ལྡན་བུ་སྐྱེའི་ཞབས་འདེགས་མ་ལག་འཛུགས་སྐྲུན་མུ་མཐུད་དུ་ཁྱབ་སྤེལ་གཏོང་བ་དང་། ཉུང་བཙའ་མྱུར་ཕྱུག་གི་བཟོ་འགོད་ཧུར་ཐག་གིས་ལག་ལེན་བྱས་ཏེ། ཞིང་སྡེའི་འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་ལ་བྱ་དགས་རོགས་སྐྱོར་དང་འཆར་ལྡན་བུ་སྐྱེ་དམིགས་བསལ་རོགས་སྐྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་འབྲོག་ཁུལ་དུ་ཞིང་སྡེ་གསར་བའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་འགན་ལེན་ལམ་ལུགས་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་དགོས། འབྲོག་ཁུལ་གྱི་སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ་མ་ལག་སྔར་ལས་ལྷག་པར་འཐུས་ཚང་དུ་གཏང་དགོས། གཙོ་གནད་རིག་གནས་དང་ལུས་རྩལ་ཕྱོགས་ཀྱི་དམངས་ཕན་བཟོ་འགོད་མུ་མཐུད་དུ་ལག་ལེན་བྱས་ཏེ། སྤྱི་པའི་རིག་གནས་ལུས་རྩལ་ཞབས་འདེགས་དང་མང་ཚོགས་ཀྱི་ལུས་རྩལ་བདེ་ཐང་བྱ་འགུལ་རྒྱ་ཆེར་སྤེལ་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བསྒྱུར་སྐྲུན་དང་སྒྲིག་བཟོ། སྒྲོག་གཏོང་བཅས་ལ་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་ཡི་གེའི་དཔར་སྐྲུན་དཔེ་དེབ་འོས་འཚམ་གྱིས་ཇེ་མང་དུ་གཏང་དགོས། རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་སྲུང་སྐྱོང་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་དགོས།

(ཉེར་གསུམ) འབྲོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འབྲོག་ཁུལ་དང་རོང་མ་འབྲོག་ས་ཁུལ་གྱི་རྫོང་ལ་སྤོ་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ས་གནས་ཚད་ལྡན་གྱི་ནོར་སྲིད་གཏོང་ཡོང་གི་ཆད་གྲངས་ཇེ་ཆུང་དུ་གཏང་དགོས། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་དང་རྒུད་གསབ་ལས་སྤྲོད་མ་དངུལ་གྱི་གཏོང་འཇོག་ཇེ་ཆེར་གཏོང་བ་དང་། ལས་གཞིའི་མ་དངུལ་སྡེབ་སྒྲིག་བྱེད་པར་ཤུགས་སྣོན་དགོས། འབྲོག་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། གྲངས་འབོར་ཆུང་བའི་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་ཤུགས་ཆེན་གྱིས་གོང་དུ་སྤེལ་དགོས། འབྲོག་ཁུལ་གྱི་དབུལ་ཕོངས་སྡེ་བར་སྡེ་བ་ཧྲིལ་བོར་དབུལ་སྐྱོར་ཁྱབ་སྤེལ་གཏོང་བ་ལག་ལེན་བྱེད་པ་དང་། གཅིག་བསྡུས་ཡུག་འབྲེལ་གྱི་ཁྱད་པར་དཀའ་ངལ་ཡོད་པའི་ས་ཁུལ་དུ་ཡུག་འབྲེལ་གསར་སྤེལ་དང་ཕྱོགས་བསྡུས་བཅོས་སྐྱོང་ལག་ལེན་བྱས་ཏེ། གཙོ་བོ་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་འཚོ་བའི་ཆ་རྐྱེན་མ་འཛོམས་པའི་ས་ཁུལ་དུ། ཡུལ་གཞན་ནས་དབུལ་སྐྱོར་གནས་སྤོའི་བཟོ་འགོད་འཛུགས་སྐྲུན་ཧུར་ཐག་བརྟན་བརླིང་ངང་ཁྱབ་སྤེལ་གཏང་དགོས། དབུལ་སྐྱོར་གསར་སྤེལ་གྱི་བྱ་བ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་དང་སྤྱི་ཚོགས་ཡོངས་ཁྱབ་ཞུགས་པ་གཉིས་སྔར་ལས་ལྷག་པར་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཐད་གཏོང་འཇོག་བྱེད་པར་ཁྲིད་སྟོན་བྱེད་དགོས། མཐའ་མཚམས་བར་རྒྱས་དང་མི་དམངས་ཕྱུག་པོར་སྒྱུར་བའི་བྱ་སྤྱོད་འཆར་གཞི་ལག་ལེན་བྱེད་ཤུགས་ཇེ་ཆེར་གཏང་དགོས། མཐའ་མཚམས་ས་ཁུལ་དུ་ཆེད་སྤྱོད་མ་དངུལ་སྤོ་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མཐའ་མཚམས་ཞིང་ཆེན་དུ་མཐའ་མཚམས་མི་དམངས་ལ་མ་དངུལ་ཁ་གསབ་ཀྱི་ནང་རྐྱེན་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།

(ཉེར་བཞི)མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཡོང་བར་སྐུལ་འདེད་གཏང་དགོས། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་མི་དམངས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཐད་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་གཟེངས་བསྟོད་བྱ་འགུལ་ཤུགས་ཆེན་གྱིས་ཁྱབ་སྤེལ་གཏང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བྱས་ཏེ། ཆོས་ལུགས་རྩ་འཛུགས་དང་ཆོས་དད་མང་ཚོགས་ཀྱི་ཞབས་འདེགས་ལ་ཤུགས་སྣོན་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱེད་དགོས། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་རྣམས་དེར་ཞུགས་པའི་སྤྱི་ཚོགས་དོ་དམ་གྱི་གནས་བབ་འཐུས་ཚང་དུ་བཏང་སྟེ། འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་དོ་དམ་མ་ལག་འཛུགས་དགོས། ཏང་གི་གཞི་རིམ་རྩ་འཛུགས་སྲ་བརྟན་དང་ཤུགས་སྣོན་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་སྡེ་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞང་དང་གྲོང་རྡལ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ལས་བྱེད་པའི་དཔུང་སྡེ་གཏན་འཇགས་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་ལས་བྱེད་པའི་འཚོ་བའི་ཐོབ་ཐང་སྲིད་ཇུས་དངོས་འབེབས་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་འཛུགས་སྐྲུན་དང་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། དམངས་ཁྲོད་ཀྱི་ཞབས་འདེགས་རང་བཞིན་གྱི་རྩ་འཛུགས་རིགས་འདྲ་མིན་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཏེ། དེའི་སྡེ་གླིང་ལ་འབྲེལ་འདྲིས་དང་དམངས་ཀྱི་འདོད་བློ་མཐུན་སྦྱོར་བྱེད་པ་སོགས་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། གཞི་རིམ་གྱི་དམངས་གཙོ་དོ་དམ་ལ་ཤུགས་སྣོན་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་འགྲོ་གྲོན་གྱི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་གྱི་དོན་རེ་ལ་གྲོས་མོལ་རེ་བྱེད་པའི་ནོར་སྲིད་བྱ་དགའི་ཁ་གསབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་སྡེའི་འོས་འགན་སློབ་གསོའི་བུ་ལོན་ཁྱོན་ཡོངས་ནས་གཙང་བཤེར་དང་མེད་པར་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་བུ་ལོན་གཞན་པ་གཙང་བཤེར་མེད་པར་གཏང་བའི་ཚོད་ལྟའི་བྱ་བ་ཧུར་ཐག་དང་བརྟན་བརླིང་ངང་ཁྱབ་སྤེལ་གཏང་དགོས།

བདུན། འབྲོག་ཁུལ་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་གཏང་དགོས།

(ཉེར་ལྔ) ས་གནས་སྲིད་གཞུང་གི་འགན་འཁྲི་དངོས་འབེབས་བྱེད་དགོས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་འབྲོག་ཁུལ་འཕེལ་རྒྱས་ཀྱི་དགོས་གཏུག་རང་བཞིན་དང་དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དངོས་གནས་འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་གོ་ས་གཙོ་བོར་བཞག་སྟེ། བསམ་བློ་གཅིག་གྱུར་དང་འགོ་ཁྲིད་ལ་ཤུགས་སྣོན། ཁྱོན་ཡོངས་བཀོད་སྒྲིག དངོས་འབེབ་ནན་འཛིན་བཅས་བྱས་ཏེ། འབྲོག་ཁུལ་གྱི་བྱ་བར་རྒྱུན་མི་ཆད་པར་འཕེལ་རྒྱས་གསར་བ་འབྱུང་བར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་བླང་བྱ་ལྟར་དུ། དོན་དངོས་གཞིར་འཛིན་པ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་གསལ་བོར་བྱས་ཏེ། ས་ཁུལ་དེ་ཉིད་ཀྱི་འབྲོག་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་ཟིན་དང་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་དང་གཏན་ཁེལ་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་འབྲོག་ཁུལ་བྱ་བར་སྤྱིའི་འགན་ཁུར་ཏེ། རིམ་པ་རེས་རིམ་པ་རེར་དམ་འཛིན་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་ལམ་ལུགས་དངོས་འབེབ་བྱད་དགོས། བྱ་བའི་མཐུན་སྦྱོར་ནང་རྐྱེན་བཙུགས་ཏེ། སྡེ་ཁག་སོ་སོའི་བྱ་བའི་འགན་འཁྲི་གསལ་བོ་བྱེད་པ་དང་། སྲིད་ཇུས་ལག་ལེན་དང་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏང་དགོས། དོན་དངོས་སུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། འབྲོག་ཁུལ་འཕེལ་རྒྱས་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་དགོས།

(ཉེར་དྲུག)མཛུབ་སྟོན་དང་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འབྲོག་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ནན་ཏན་གྱིས་འགན་འཁྲི་ལག་བསྟར་དང་། བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། བྱ་བ་སྒྲུབ་ཤུགས་ཇེ་ཆེར་གཏོང་བ། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ཧུར་ཐག་གིས་དངོས་འབེབ་བྱེད་པ། ས་གནས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ནས་བྱ་བ་ལེགས་སྒྲུབ་བྱས་ཏེ། འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཆ་རྐྱེན་བཟང་བོ་ཞིག་བསྐྲུན་དགོས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཕྱོགས་བསྡུས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས། ཞིང་ལས་པུའུ་ཡིས་འཆར་གཞི་མཛུབ་སྟོན་དང་ལྟ་སྐུལ་དོ་དམ། མཐུན་སྦྱོར་ཞབས་འདེགས་འགན་ནུས་བཅས་ནན་ཏན་གྱིས་ལག་ལེན་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་འཛུགས་སྐྲུན་དང་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དངོས་འབེབ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གཞན་པས་ཀྱང་འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་གཞིར་བཟུང་ཞིང་། རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ། འགན་འཁྲི་དང་ལས་འགན་གསལ་བོ་བྱེད་པ་དང་། བྱ་བའི་བྱེད་ཐབས་ཤུགས་དྲག་ཏུ་གཏང་དགོས། སྡེ་ཁག་སོ་སོས་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། འཆར་གཞི་ཞིབ་ཚགས་སུ་གཏོང་བ་དང་། གཞོག་འདེགས་དམ་པོ་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བོད་ལྗོངས་ཁ་གཏད་རོགས་སྐྱོར་དང་ཞིན་ཅབ་ཁ་གཏད་རོགས་སྐྱོར། མཚོ་སྔོན་ཁ་གཏད་རོགས་སྐྱོར་བཅས་ཀྱི་བྱ་བ་འགན་ཁུར་བའི་ཞིང་ཆེན་དང་དེ་མིན་ཀྲུང་དབྱང་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་གཙོ་བོ་འབྲོག་ཁུལ་ལ་གཟིགས་སྐྱོང་བྱེད་དགོས། །