མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ། འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་བར་ཡར་སྐུལ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག

རྩོམ་པ་པོ། ཤ་བོ་རིན་མཚོས་བསྒྱུར།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-02-12 11:35

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། བརྒྱ་ཆའི་གོ་དྲུག་གི་ས་ཁོངས་འབྲོག་ཁུལ་ཡིན་པ་དང་། འབྲོག་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྱོན་ཡོངས་གཏན་འཇགས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་ཁུལ་གྱི་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དུས་སྐབས་སོ་སོར་འབྲོག་ཁུལ་གྱི་བྱ་བར་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད་པར་མ་ཟད། འབྲོག་ཁུལ་དར་རྒྱས་དང་འབྲོག་པར་ཕན་པའི་སྲིད་ཇུས་རྒྱུན་མ་ཆད་པར་ཤུགས་སྣོན་ཆེན་པོ་བྱེད་བཞིན་ཡོད། འབྲོག་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སྣེ་ཁྲིད་དེ་གསར་གཏོད་ཡར་བརྩོན་དང་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། མདོར་བསྡུས་ནས་བཤད་ན་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་གྱི་འགྱུར་ལྡོག་བྱུང་ཡོད་པ་དང་། འབྲོག་པའི་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ཡོད་ལ། འབྲོག་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། འབྲོག་ཁུལ་གྱི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དེས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། ཁྱོན་ཡོངས་གཏན་འཇགས་བཅས་ལ་འགན་སྲུང་བྱེད་པར་གཞོགས་འདེགས་ཆེན་པོ་བྱས།

གྲུབ་འབྲས་བླངས་བའི་ཞོར་དུ། ང་ཚོས་ད་དུང་གསལ་བོར་ཤེས་དགོས་པ་ཞིག་ནི་རང་བྱུང་དང་ས་ཁམས། ལོ་རྒྱུས་སོགས་ཀྱི་ཕྱོགས་བསྡུས་ཤུགས་རྐྱེན་གྱི་དབང་གིས་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་འཕེལ་རྒྱས་ཐད་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བའི་འགན་ཁུར་སྔར་བཞིན་ལྕི་བ་དང་། རྩྭ་སའི་སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པར་རྩྭ་བ་ནས་བཀག་འགོག་ཐོབ་མེད་པ། མི་དང་རྩྭ་ས། ཕྱུགས་ཟོག་བཅས་ཀྱི་འགལ་བ་སྔར་བཞིན་འབུར་ཐོན་ཡིན་པ། ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཡིན་པ། དེ་མིན་ངལ་རྩོལ་པ་ལྷག་མ་གནས་གཞན་ལ་ཞོར་ལས་སུ་འགྲོ་བར་དཀའ་ཁག་ཡོད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། འབྲོག་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པའི་ས་ཁུལ་ཡིན་པ་དང་། དམངས་ཀྱི་འཚོ་བ་ལེགས་བཅོས་ཉམས་ཞན་ཡིན་པའི་ས་ཁུལ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་ས་ཁུལ་བཅས་ཡིན་པས། འབྲོག་ཁུལ་ནི་སྔར་བཞིན་རང་ཞིང་གི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་རེད། དེ་བས། ང་ཚོས་ངེས་པར་དུ་འབྲོག་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་། ལས་འགན་གསར་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར་འགའ»དང་ཞིང་ཆེན་སྲིད་གཞུང་གི«ལག་བསྟར་བསམ་འཆར»གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། མགྱོགས་མྱུར་སྒོས་འབྲོག་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ནུས་ཤུགས་ཡོད་དགུས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྙེགས་ནས། འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས།

གཅིག བསམ་བློ་ངེས་ཟིན་གཅིག་གྱུར་བྱས་ཏེ། རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས།

མིག་སྔར། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དེ་སྔར་བཞིན་འཚོལ་ཞིབ་དང་ལེགས་བཅོས་བྱེད་པའི་དུས་རིམ་དུ་གནས་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ངེས་ཟིན་མཐོར་འདེགས་དང་ཉམས་མྱོང་སྤྱི་བསྡོམས་བྱེད་པའི་རྨང་གཞིའི་སྟེང་། མགྱོགས་མྱུར་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཐབས་ལམ་ལ་བསྙེགས་པའི་སྤྱིའི་བསམ་ཕྱོགས་ནི། ཚན་རིག་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱེད་པ་དང་། “འཕེལ་རྒྱས་བཞིའི”སྤྱིའི་རེ་བ་དང“ས་ཁུལ་བཞི་དང་རྒྱུད་གཉིས་ལམ་ཐིག་གཅིག”གི་འཕེལ་རྒྱས་ཀྱི་གནས་བབས་ལྟར། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་རྩྭ་སའི་ཐོན་ཁུངས་བཀོལ་སྤྱོད་བྱེད་པ་དེ་རྨང་གཞིར་འཛིན་པ། རྩྭ་ཕྱུགས་དོ་མཉམ་གྱི་ནང་རྐྱེན་འཛུགས་པ་དེ་བྱེད་ཐབས་སུ་བྱེད་པ། འབྲོག་དམངས་མཉམ་ལས་རྩ་འཛུགས་འཛུགས་པ་དེ་རྐང་འཛུགས་ས་བྱེད་པ། ཐོན་སྐྱེད་བདག་གཉེར་གྱི་རྣམ་པ་བསྒྱུར་བ་དེ་གཙོ་བོར་འཛིན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་དང་། ཕྱུགས་ལས་འཕེལ་རྒྱས། འབྲོག་པའི་ཡོང་སྒོ་འཕར་སྣོན་བཅས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བརྩིས་ནས། ཕྱུགས་ལས་ཀྱི་མི་གྲངས་སྐོར་ཞིག་གཞན་ལ་སྐོར་བ་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྩྭ་སའི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་རིམ་བཞིན་བཙུགས་ཏེ། མགྱོགས་མྱུར་སྒོས་དེང་རབས་ཕྱུགས་ལས་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ་དང་། ལམ་ལུགས་ནང་རྐྱེན་ཐད་ནས་རང་ཞིང་གི་དོན་དངོས་དང་འཚམ་པའི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་བསྙེགས་དགོས། དམིགས་འབེན་གཙོ་བོ་ནི། 2015ལོའི་བར་རྩྭ་ཕྱུགས་དོ་མཉམ་གྱི་ཐོག་མའི་རྣམ་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པར་བཀག་འགོག་ཐོབ་པ་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་འཐུས་ཚང་དང་འཕེལ་རྒྱས་ཀྱི་རིམ་པ་མངོན་གསལ་སྒོས་ཇེ་མཐོར་འགྲོ་བ་དང་། འབྲོག་ཁུལ་འཕེལ་རྒྱས་རྗེས་ལུས་ཡིན་པའི་རྣམ་པ་རྩ་བ་ནས་བསྒྱུར་བ། 2020ལོའི་བར། རྩྭ་ཕྱུགས་དོ་མཉམ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ། རྩྭ་སའི་སྐྱེ་ཁམས་འཁོར་སྐྱོད་བཟང་བ་དང་། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཏེ། འབྱོར་འབྲིང་གི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་དགོས།

གོང་གི་བསམ་གཞིགས་དང་དམིགས་འབེན་དེ་དག་ལ་དམིགས་ནས། བྱེ་བྲག་གི་བྱ་བའི་ཁྲོད“ཟུང་འབྲེལ་བཞི”རྒྱུན་འཁྱོངས་བྱེད་དགོས།

གཅིག་ནི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་སྐྱེ་ཁམས་ཁ་གསབ་བྱ་དགའི་ནང་རྐྱེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་གསར་བར་བསྒྱུར་བ་མངོན་འགྱུར་བྱེད་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་དང་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་པ་ཟུང་འབྲེལ་དམ་པོ་བཅས་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཐད་ཐོན་ཁུངས་ལེགས་སྒྲིག་བྱེད་པ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་བྱ་དགའི་ཁ་གསབ་ལམ་ལུགས་ལ་བརྟེན་ནས་རྩྭ་ཕྱུགས་དོ་མཉམ་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཕྱུགས་ཟོག་ཇེ་ཉུང་དུ་སོང་ཡང་ཡོང་འབབ་ཇེ་དམའ་རུ་མི་འགྲོ་བ་དང་ཕྱུགས་ཟོག་མུ་མཐུད་དུ་སྐྱོང་བར་འགན་སྲུང་བྱས་ནས། རགས་གསོའི་རྣམ་པ་དེ་ཕན་འབྲས་ལྡན་པའི་རྣམ་པར་བསྒྱུར་བ་དང་། ཕྱུགས་ཟོག་གཙོར་བཟུང་ནས་རྩྭ་སར་དོ་སྣང་མི་བྱེད་པའི་རྣམ་པ་དེ་ཕྱུགས་རྩྭ་མཉམ་འཛིན་གྱི་རྣམ་པར་བསྒྱུར་བ། ཚོང་ར་ཆུང་བ་སྐོར་ཞིག་རྒྱལ་ཁབ་ཕྱི་ནང་གི་ཚོང་ར་ཆེན་མོའི་ཕྱོགས་སུ་རྒྱ་བསྐྱེད་པའི་རྣམ་པར་བསྒྱུར་བ་བཅས་རྩྭ་སའི་ཕྱུགས་ལས་ཀྱི་འཕེལ་སྟངས་གསུམ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་དགོས།

གཉིས་ནི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དང་འབྲོག་པའི་གཏན་སྡོད་བཟོ་སྐྲུན་སོགས་དམངས་འཚོའི་བཟོ་སྐྲུན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འབྲོག་ཁུལ་གྱི་དམངས་འཚོ་ལེགས་བཅོས་བྱེད་པ་མངོན་འགྱུར་བྱེད་དགོས། འབྲོག་པའི་གཏན་སྡོད་བཟོ་སྐྲུན་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། རྩྭ་སའི་རས་གུར་གསར་བའི་བྱ་སྤྱོད། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར། དབུལ་སྐྱོར་བྱས་ཏེ་གནས་གཞན་ལ་སྤོར་བའི་གོ་སྐབས་བཅས་ལག་བསྟར་དང་དམ་འཛིན་བྱས་ཏེ། ཧུར་ཐག་གིས་འབྲོག་པ་རྣམས་རྫོང་མཁར་དང་གྲོང་རྡལ་དུ་གཏན་སྡོད་བྱེད་པ། ངལ་རྩོལ་པ་ལྷག་མ་གནས་གཞན་ལ་ཞོར་ལས་སུ་འགྲོ་བ། རྩྭ་སར་སྡོད་པའི་མི་གྲངས་མུ་མཐུད་དུ་ཇེ་ཉུང་དུ་གཏོང་བ་བཅས་ལ་སྐུལ་མ་དང་སྣེ་ཁྲིད་བྱས་ཏེ། ཕྱུགས་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཇེ་ལེགས་སུ་གཏོང་བར་ཡར་སྐུལ་བྱས་ནས། ཧུར་ཐག་གིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་སྐྲུན་ནས། མི་དང་རྩྭ་ཕྱུགས་ཀྱི་འགལ་བ་གཞི་རྩའི་སྟེང་ཐག་གཅོད་བྱས་ཏེ། འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རྣམ་པ་གསུམ་མངོན་འགྱུར་བྱེད་དགོས།

གསུམ་ནི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དང་ལག་བསྟར་བྱེད་པའི་སྐྱེ་ཁམས་བཟོ་སྐྲུན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐད་གྲུབ་འབྲས་གསར་བ་འབྱུང་བ་མངོན་འགྱུར་བྱེད་དགོས། “འཕེལ་རྒྱས་ཀྱི་ཁྲོད་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་ཀྱི་ཁྲོད་འཕེལ་རྒྱས་སུ་གཏོང་བའི”བསམ་བློ་བརྟན་པོར་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། ཕྱུགས་བསྐྱུར་རྩྭ་འདེབས། མཚོ་སྔོན་པའི་བཞུར་རྒྱུད་དང་ཉེ་འགྲམ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་བཅས་ཟུང་འབྲེལ་དམ་པོ་བྱས་ནས། སྐྱེ་དངོས་དང་བཟོ་སྐྲུན་སོགས་ཕྱོགས་བསྡུས་བྱེད་ཐབས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་སྤྱི་ཡོངས་ནས་ཇེ་ཞན་དུ་འགྲོ་བའི་རྣམ་པ་མགྱོགས་མྱུར་སྒོས་བསྒྱུར་ནས། ཧུར་ཐག་གིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་བརྟན་པོ་བཏིང་སྟེ། རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པ་དང་། རྩྭ་སའི་ལས་རིགས་དར་སྤེལ་དུ་གཏོང་བ། འབྲོག་པ་རྣམས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པའི་འབྲོག་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས།

བཞི་ནི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དང་ངལ་རྩོལ་པ་ལྷག་མ་གནས་གཞན་ལ་ཞོར་ལས་སུ་འགྲོ་བའི་གནད་དོན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་འབྲེལ་ལམ་གསར་བ་རྒྱ་བསྐྱེད་པ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱས་ན། ངལ་རྩོལ་པ་མང་པོ་ཞིག་གི་ལས་ཀ་མེད་འགྲོ་བས། མི་དེ་དག་བཀོད་སྒྲིག་བཟང་བོ་བྱེད་རྒྱུ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་བའི་གནད་འགག་རེད། ཆེད་ལས་མཉམ་ལས་ཁང་འཛུགས་པ་སོགས་ཐབས་ལམ་མང་པོ་བརྒྱུད་ནས། ངལ་རྩོལ་པ་རྣམས་རྩ་འཛུགས་བྱས་ཏེ་ནོར་ལུག་ཚོ་གསོ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པ། མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་ལས་སྣོན་བྱེད་པ། སྐྱེལ་འདྲེན་དང་། སྐྱེ་ཁམས་གནས་སྐོར་སོགས་ཀྱི་ཐོན་ལས་གཉེར་དགོས། རྩལ་ནུས་གསོ་སྦྱོང་གི་ཤུགས་ཇེ་དྲག་ཏུ་བཏང་སྟེ། ངལ་རྩོལ་པ་གནས་གཞན་ལ་ཞོར་ལས་སུ་འགྲོ་བར་རྩ་འཛུགས་བྱས་ནས། ངལ་རྩོལ་པ་ལྷག་མ་རྣམས་ཐོན་ལས་གཉིས་པ་དང་གསུམ་པའི་ཕྱོགས་སུ་བཀོལ་ནས། གླ་ཕོག་རང་བཞིན་གྱི་ཡོང་སྒོར་འཕར་སྣོན་གཏོང་དགོས།

གཉིས། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས། རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་ཡར་སྐུལ་གཏོང་དགོས།

ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སྐྱེ་ཁམས་ཕྱུགས་ལས་ནི་རང་ཞིང་གི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་ངེས་པར་དུ་བརྒྱུད་དགོས་བའི་བགྲོད་ལམ་ཞིག་ཡིན་ལ། དེ་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་དེ་དེང་རབས་ཅན་གྱི་ཕྱུགས་ལས་ཕྱོགས་སུ་བསྒྱུར་བའི་འབྲེལ་ཐག་ཞིག་ཀྱང་ཡིན་པ་དང་། འབྲོག་པ་ཁྱིམ་ཚང་དང་ཚོང་ར་ཆེན་པོའི་བར་འབྲེལ་འདྲིས་བྱེད་པའི་རྣམ་པ་བཟང་བོ་ཞིག་ཡིན་ལ། རྩྭ་ཐང་ནས་ཕྱུགས་འཚོ་བ་དང་ཕྱུགས་སྤྱིལ་ཁང་ནས་ཕྱུགས་ཟོག་གསོ་བ་གཉིས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད། རྗེས་ཕྱོགས་གཙོ་བོར་གཤམ་གྱི་ཕྱོགས་བརྒྱད་ཀྱི་བྱ་བ་དམ་འཛིན་བྱེད་དགོས་ཏེ།

(དང་པོ།)སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འབྲོག་པ་རྩ་འཛུགས་བྱེད་པའི་ཚད་ཇེ་མཐོར་གཏོང་དགོས། འབྲོག་ཁུལ་གྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་བརྒྱད་བརྒྱ་གྱ་གསུམ་དུ་ཕྱོགས་ཡོངས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་བྱ་བ་སྤེལ་བའི་རྨང་གཞིའི་སྟེང་། དེ་དག་གི་ཁྱབ་ཁོངས་རིམ་བཞིན་འབྲོག་ཁུལ་གྱི་རོང་མ་འབྲོག་གི་སྡེ་བ་དང་ཞིང་ལས་གཉེར་བའི་སྡེ་བའི་ཕྱོགས་སུ་རྒྱུན་བསྲིང་བྱེད་དགོས། མ་རྐང་ལམ་ལུགས་དང་ཁྱིམ་ཚང་མཉམ་འབྲེལ་བྱེད་པའི་ལམ་ལུགས། ཕྱུགས་ཚབ་འཚོ་བྱེད་པའི་ལམ་ལུགས་དང་དེ་མིན་ཕྱུགས་རའི་རྣམ་པ་ཅན་གྱི་ཕྱུགས་གཉེར་ཁྱིམ་ཚང་སོགས་ས་དེའི་དོན་དངོས་དང་འཚམ་པའི་རྣམ་པ་སྣ་ཚོགས་བརྒྱུད་དེ། ཕྱུགས་ཟོག་དང་རྩྭ་ས། ཕྱུགས་སྤྱིལ་ཁང་སོགས་ཕྱུགས་ལས་ཐོན་སྐྱེད་རྒྱུ་ཆ་ལེགས་སྒྲིག་བྱས་ནས། གཞི་ཁྱོན་ཅན་གྱི་བདག་གཉེར་དང་ཆེད་ལས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་ཀྱི་ལམ་ལུགས་གསར་བ་ཆགས་སུ་བཅུག་སྟེ། གསོ་སྤེལ་གྱི་རྗེས་མཐུད་ཐོན་ལས་ཇེ་མགྱོགས་སུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ་སྐྱེ་ཁམས་གནས་སྤོའི་ཡུལ་མིའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཐེབས་རྩ་དང་། དབུལ་ཕོངས་མང་ཚོགས་ཀྱི་འཕེལ་རྒྱས་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱིས་ཤུགས་ཆེན་པོས་དབྱར་རྩྭ་དགུན་འབུའི་དཔལ་འབྱོར་དང་། ངལ་རྩོལ་དཔལ་འབྱོར། གནས་སྐོར་རིག་གནས་དཔལ་འབྱོར་སོགས་རྣམ་པ་མང་བོའི་སྒེར་གཉེར་དཔལ་འབྱོར་ལ་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས་ཡོང་འབབ་འཕར་སྣོན་འབྱུང་དུ་འཇུག་དགོས།

(གཉིས་པ།)རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་བཏང་ནས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏང་ཚད་ཇེ་དྲག་ཏུ་གཏོང་དགོས། ཕྱུགས་ལས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐོད་བརྒལ་བྱེད་ས་གཙོ་བོར་བརྩིས་ནས། གཅིག་བསྡུས་སྒོས་ཕྱུགས་ལས་ཀྱི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ་དང་། འབྲོག་ཁུལ་གྱི་ཕྱུགས་ལས་དྲོད་ཁང་དང་ཆུ་དཀོན་པ། གནོད་འགོག་གི་ནུས་པ་ཞན་པའི་གནད་དོན་སོགས་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ་དང་། གཞི་ཁྱོན་ཅན་གྱི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་དང་རོང་འབྲོག་པའི་རང་སྟེང་ནས་མ་དངུལ་གྲབས་གསོག་བྱེད་པའི་རྣམ་པ་ལག་བསྟར་བྱས་ཏེ། ཧུར་ཐག་གིས་སྲིད་གཞུང་གི་མ་དངུལ་བཀོལ་སྤྱོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ལས་ཁང་དེ་འཛུགས་སྐྲུན་གྱི་གཙོ་གནད་དུ་འཛིན་པ་དང་། མཉམ་ལས་ཁང་གི་ཐོན་སྐྱེད་ལ་དམ་པོར་དམིགས་པ། ལས་གཞིའི་ཐོན་ཁུངས་གཅིག་བསྡུས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། མིས་བཏབ་པའི་གཟན་རྩྭའི་རྟེན་གཞི་དང་རྩྭ་སར་ལྕགས་ར་བསྐོར་བ། ཕྱུགས་སྤྱིལ་དྲོད་ཁང་ལས་པ། རིམ་འགོག་སྨན་ཁབ་རྒྱག་པ་སོགས་རྩྭ་སའི་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཇེ་དྲག་ཏུ་བཏང་ནས། འབྲོག་ཁུལ་གྱི་གནོད་འགོག་རྟེན་གཞིའི་ཆ་ཚང་སྒྲིག་ཆས་བཟོ་སྐྲུན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། “མིའི་སྡོད་ཁང་དང་རྩྭ་སར་ལྕགས་ར་བསྐོར་བ། ཕྱུགས་སྤྱིལ་དྲོད་ཁང་ལས་པ། དགུན་ཁ་དང་དཔྱིད་ཀར་གཟན་ཆས་ཡོད་པ”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

(གསུམ་པ།)རྩྭའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་དངོས་པོའི་འགན་སྲུང་འདོན་སྤྲོད་བྱེད་དགོས། 2015ལོའི་བར། མིའི་རྩྭ་བཏབ་པའི་རྒྱ་ཁྱོན་མུའུ་ས་ཡ་ལྔ་དང་འབུམ་དྲུག་ལ་སླེབས་སུ་བཅུག་སྟེ། གཟན་ཆས་ཁྱིམ་ཚང་དུ་ཐོན་ཚད་བརྒྱ་ཆའི་དྲུག་བཅུ་ལ་སླེབས་པ་བརྩོན་ལེན་བྱེད་དགོས། རོང་མ་འབྲོག་ས་ཁུལ་གྱི་འདེབས་འཛུགས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། གཟན་ཆས་རྟེན་གཞི་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་གཏོང་བ་དང་། ཆེད་སྤྱོད་གཟན་ཆས་ལོ་ཏོག་བསྐྱར་འདེབས་ཀྱི་གཞི་ཁྱོན་ཇེ་ཆེར་བཏང་སྟེ་སྤུས་ལེགས་གཟན་རྩྭ་དང་སོག་མའི་བེད་སྤྱོད་ཀྱི་ཚད་ཇེ་མཐོར་གཏོང་དགོས། བཞོན་མ་དང་སྐམ་ལུག་གི་གསོ་སྤེལ་གཞི་རྒྱ་ཇེ་ཆེར་གཏོང་བར་ཡར་སྐུལ་བྱེད་དགོས། གཟན་ཆས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ད་ཡོད་ཀྱི་རྨོ་ཞིང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་གཟན་རྩྭའི་ཐོན་ཚད་ཇེ་མང་དུ་གཏོང་དགོས། མཚོ་སྐོར་འབྲོག་ཁུལ་དུ་གཞི་ཁྱོན་ལྡན་པའི་སྒོ་ནས་རྩྭ་འདེབས་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་རྩྭ་འདེབས་པའི་གཞི་ཁྱོན་ཆེན་པོ་ཆགས་སུ་འཇུག་དགོས། རྨོ་བསྐྱུར་རྩྭ་འདེབས་ཀྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས། ལོ་གཅིག་གི་གཟན་རྩྭ་དང་ལོ་མང་བོའི་གཟན་རྩྭ་བསྲེས་ཏེ་འདེབས་པའི་ལག་རྩལ་ཁྱབ་གདལ་དུ་བཏང་ནས་ཕྱུགས་རྩྭའི་ཐོན་ཚད་ཇེ་མཐོར་གཏོང་དགོས།

(བཞི་བ།)ཚན་རྩལ་གསར་སྐྲུན་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། “3920”སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་གཞོགས་འདེགས་ཆེན་པོའི་བཟོ་སྐྲུན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། འབྲོག་ཁུལ་གྱི་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་དགོས། ནུས་ཤུགས་ཡོད་དགུས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། ཕྱུགས་ནད་སྔོན་འགོག ཕྱུགས་རྒྱུད་ལེགས་སྤེལ། གཟན་ཆས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པ། ཕྱུགས་ལས་ཐོན་རྫས་ལས་སྣོན་བཟང་བོ་བྱེད་པ་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་ནས། མགྱོགས་མྱུར་སྒོས་ལག་རྩལ་བཀོལ་སྤྱོད་བྱེད་པ་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས། ཐོན་རྫས་འདེམས་པ་དང་ཁྱབ་གདལ་དུ་གཏོང་ཚད་ཇེ་ཆེར་བཏང་ནས། ནོར་ནག་དང་བོད་ལུག་གི་ཁྱད་སྟོབས་འབུར་དུ་ཐོན་པར་བྱས་ཤིང་། བལ་འཇམ་ལུག་དང་ཁུལ་ལྡན་ར་མ་སོགས་ཀྱི་གསོ་སྤེལ་འཕེལ་རྒྱས་སུ་གཏོང་དགོས། དེ་དང་ཆབས་ཅིག ཕྱུགས་ཁྱུའི་འཚོ་སྟངས་ལ་ཞིབ་འཇུག་བཟང་བོ་བྱས་ཏེ་ཕྱུགས་ཟོག་གི་ཐོན་ཚད་ཇེ་མཐོར་གཏོང་དགོས།

(ལྔ་བ།)དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། དེང་རབས་ཕྱུགས་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ས་ཁོངས་དང་ཐོན་ཁུངས་ཁྱད་སྟོབས། ཐོན་ལས་རྨང་གཞི་བཅས་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་གཞོག་འདེགས་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ལས་གཞི་དང་མ་དངུལ་གཅིག་བསྡུས་བྱེད་པ། གཙོ་བོར་མཚོ་བྱང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དང་། མཚོ་ལྷོའི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ། རྨ་ལྷོའི་སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་སྐུལ་འདེད་བྱས་ཏེ། ས་ཞིང་དང་རྩྭ་ས། ཕྱུགས་ཟོག མ་དངུལ། ལག་རྩལ་སོགས་ཐོན་སྐྱེད་རྒྱུ་ཆ་གཅིག་བསྡུས་བྱེད་པ་ཡར་སྐུལ་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར། ཐོན་ལས་ཅན་འཕེལ་རྒྱས་སུ་གཏོང་བའི་ཆུ་ཚད་བཅས་ཇེ་མཐོར་གཏོང་དགོས། “ས་ཁུལ་གཅིག་ན་ར་བ་མང་པོ་ཡོད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཤུགས་ཆེན་པོས་ཆ་རྐྱེན་ཡོད་པའི་རྫོང་གི་དེང་རབས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ། ས་གནས་ཀྱི་འབྲོག་པའི་རྩྭ་སའི་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་ཁྲིད་བཟང་བོ་བྱེད་དགོས། སྲིད་གཞུང་གི་སྣེ་ཁྲིད་དང་ཚོང་ར་གཙོར་འཛིན་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་པའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་དཔེ་སྟོན་ས་ཁུལ་འཁོར་རྒྱུག་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས། ཁེ་ལས་མང་བོ་ཞིག་དཔེ་སྟོན་ས་ཁུལ་དུ་སྡོད་དུ་བཅུག་སྟེ། དཔེ་སྟོན་ས་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཕན་འབྲས་ལ་འགན་སྲུང་བྱེད་དགོས།

(དྲུག་པ།)ཐོན་ལས་ཅན་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཐོན་ལས་ཅན་གྱི་བདག་གཉེར་མངོན་འགྱུར་བྱེད་དུ་འཇུག་དགོས། འབྲོག་ལས་མཐུན་ཚོགས་དང་། གསོ་སྤེལ་ཁྱིམ་ཆེན། གསོ་སྤེལ་འཇོན་མི། ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས། ཁེ་ལས་གཙོ་བོ་བཅས་ལ་བརྟེན་ནས། མཉམ་ལས་ཐོན་སྐྱེད་ཀྱི་མི་སྣ་དང་མ་རྐང་ཐོན་སྐྱེད། བོགས་མར་གཏོང་བའི་བདག་གཉེར་སོགས་ཀྱི་རྣམ་པ་ལག་བསྟར་བྱས་ཏེ། རྩྭ་ར་འོས་མཐུན་སྒོས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ནས། རྩྭ་ས་དང་ཕྱུགས་ཟོག་སོགས་ཐོན་སྐྱེད་རྒྱུ་ཆ་འོས་མཐུན་སྒོས་གཅིག་བསྡུས་བྱེད་པར་ཡར་སྐུལ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ལས་ཀྱི་ཁེ་ལས་གཙོ་བོའི་ཐོན་ཁུངས་ཕྱོགས་བསྡུས་ཀྱི་ནུས་ཤུགས་ཇེ་ཆེར་བཏང་ནས། མཉམ་བསྲེས་བསྐྱར་འཛུགས་ཀྱི་བྱེད་ཐབས་སྤྱད་དེ། ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་གཙོ་བོ་དར་རྒྱས་གོང་འཕེལ་དུ་བཏང་ནས། སྐུལ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

མགྱོགས་མྱུར་སྒོས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བཙུགས་ཏེ། གཞི་ཁྱོན་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་སྟངས་བཀོལ་སྤྱོད་བྱས་ནས། རོང་འབྲོག་པའི་ཁྱིམ་ཚང་གི་ཐོན་སྐྱེད་ནུས་བ་ཇེ་མཐོར་གཏོང་བར་དཔེ་སྟོན་དང་ནང་འདྲེན། སྐུལ་ཁྲིད་བཅས་བྱེད་དགོས། ཚོང་ར་གསར་བ་རྒྱ་བསྐྱེད་པ་དང་ཚོང་གཉེར་ལ་ཡར་སྐུལ་དང་སྣེ་ཁྲིད་བྱེད་པ། རྣམ་པ་མང་བོའི་ཚོང་འགུག་དངུལ་འདྲེན་གྱི་བྱ་འགུལ་སྣ་ཚོགས་བརྒྱུད་དེ། སྤྱི་ཚོགས་མ་དངུལ་བསྡུས་ནས་ཕྱུགས་ལས་ཐོན་རྫས་གསར་སྤེལ་བྱེད་པའི་བྱ་བ་གཉེར་དགོས།

(བདུན་པ།)མིང་གྲགས་ཐོན་རྫས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་དགུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་མིང་གྲགས་ཐོན་རྫས་ལེགས་བཟོ་བྱེད་དགོས། ནུས་ཤུགས་ཡོད་དགུས“འཛམ་གླིང་ནོར་ནག་གི་ཕ་ས”དང“ཀྲུང་གོའི་བོད་ལུགས་ཀྱི་ཡུལ་གྲུའི”མིང་གྲགས་ཐོན་རྫས་ལེགས་བཟོ་བྱེད་དགོས། ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་ཕྱི་ནང་གི་ཁེ་ལས་གཙོ་བོ་དང་། ཚན་རིག་ཞིབ་འཇུག་གླིང་། མཐོ་གསར་ལག་རྩལ་དཔེ་སྟོན་ས་ཁུལ་ལ་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། རིམ་བཞིན་མཐུན་ཚོགས་ཀྱི་བསམ་བློ་བརྗེ་རེས་དང་ཕན་ཚུན་ལ་ཕན་པ་ཡོད་པའི་མཉམ་འབྲེལ་ནང་རྐྱེན་བཙུགས་ནས། མཉམ་དུ“སྐྱེ་ལྡན་ནོར་ལུག་གི་ཤ་དང་། ཚྭ་འདམ་གཞོང་གི་འདྲེ་ཚེར་མ། མཚོ་སྔོན་གྱི་བོད་ལུགས་ས་གདན”སོགས་ས་ཁོངས་ཀྱི་མིང་གྲགས་ཐོན་རྫས་སྔར་ལས་ཇེ་རྒྱས་དང་ཇེ་བཟང་དུ་བཏང་ནས་མིང་གྲགས་ཐོན་རྫས་ཀྱི་རིན་ཐང་ཇེ་མཐོར་གཏོང་དགོས། ཧུར་ཐག་གིས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་དང་དྲིལ་སྒྲོག་བྱ་འགུལ་ལ་ཞུགས་ནས། མཐོ་སྒང་གི་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་ཇེ་ཆེར་གཏོང་དགོས།

(བརྒྱད་པ།)ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་སྐྱོན་གྲལ་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས། རྩྭ་སའི་དོ་དམ་གྱི་ནུས་ཤུགས་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་བཏང་སྟེ། རྩྭ་ས་སྲུང་སྐྱོབ་ཀྱི་ལམ་ལུགས་སྣ་ཚོགས་འཐུས་ཇེ་ཚང་དུ་བཏང་ནས། ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་རྩྭ་སའི་སྲུང་སྐྱོབ་དྲ་སྦྲེལ་མཉམ་ལས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྩྭ་སའི་སྲུང་སྐྱོབ་དང་དོ་དམ་གྱི་ཚད་ཇེ་མཐོར་གཏོང་དགོས། ཕྱུགས་ཐོན་དངོས་རྫས་འཁོར་རྒྱུག་གི་ཞབས་ཞུའི་མ་ལག་བཙུགས་ཏེ། ཚོང་རའི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་ནས། ཚོང་རའི་འཁོར་རྒྱུག་ལ་ཡར་སྐུལ་བྱེད་དགོས། ཤུགས་ཆེན་པོས་རྫོང་རིམ་པ་དང་ཚོང་ར་གཙོ་བོའི་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་མ་ལག་བཙུགས་ཏེ། ནོར་ལུག་གསོ་སྤེལ་ཐོན་སྐྱེད་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ནུས་ཤུགས་ཡོད་དགུས་རྩྭ་སའི་གནོད་འགོག་གནོད་སེལ་གྱི་མ་ལག་འཛུགས་སྐྲུན་བྱས་ཏེ། གནོད་འཚེ་དང་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། འབྲོག་ཁུལ་གྱི་ཆ་འཕྲིན་དང་དངུལ་ལོར་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས།

གསུམ། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། རྩྭ་སའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

འགན་སྲུང་གི་བྱེད་ཐབས་ཇེ་དྲག་ཏུ་གཏོང་རྒྱུ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། འབྲོག་ཁུལ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་འགན་སྲུང་ཡང་རེད།

གཅིག་ནི་རྩྭ་སའི་འགན་གཙང་ལེན་གྱི་ལམ་ལུགས་གཏན་འཇགས་དང་འཐུས་ཇེ་ཚང་དུ་གཏོང་དགོས། གཟབ་ནན་སྒོས་དབང་ཆ་གར་རྟོགས་གསལ་བོ་བྱེད་པ་དང་དོ་དམ་ཚད་ལྡན་དུ་གཏོང་བ། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་རེ་བ་ལྟར། ཧུར་ཐག་གིས་རྩྭ་སའི་དབང་ཆ་གཏན་འཁེལ་དང་འགན་གཙང་ལེན་བྱེད་པའི་བྱ་བ་བརྟན་འཇགས་ངང་སྤེལ་བར་ཡར་སྐུལ་བྱས་ཏེ། 2012ལོར་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའི་སྲིད་ཇུས་ཁྱབ་ཁོངས་ཀྱི་རྩྭ་སའི་འགན་གཙང་ལེན་བྱེད་པ་དེ་འབྲོག་པ་ཁྱིམ་ཚང་དང་ཁྱིམ་ཚང་མཉམ་འབྲེལ་བྱེད་པའི་སྟེང་ཐོན་པར་བརྩོན་ལེན་བྱེད་དགོས། ནན་ཏན་སྒོས་རྩྭ་སའི་ནུས་པའི་བཟང་ངན་ལྟར་དུ་ས་མཚམས་བགོ་བའི་བྱ་བ་བཟང་བོར་བསྒྲུབ་སྟེ། 2015ལོའི་བར་རང་ཞིང་གི་འབྲོག་ཁུལ་གྱི་རང་བྱུང་རྩྭ་ཐང་དང་། མིས་བཏབ་པའི་རྩྭ་ས། རྨོ་བསྐྱུར་རྩྭ་སྐྱོང་དང་རྩྭ་ས་ཇེ་ལེགས་སུ་གཏོང་བ་སོགས་བརྒྱ་ཆའི་བརྒྱད་བཅུའི་རྩྭ་ས་དེ་རྨང་གཞིའི་རྩྭ་སར་འགྱུར་བ་བརྩོན་ལེན་བྱེད་དགོས། ཁུལ་དང་རྫོང་། ཞང་རིམ་པའི་རྩྭ་སའི་འཁོར་རྒྱུག་ཞབས་ཞུ་སྟེགས་བུ་འཐུས་ཚང་བཙུགས་ནས། རྩྭ་སའི་འགན་གཙང་ལེན་བྱེད་པའི་འཁོར་རྒྱུག་བྱ་བ་ཚད་ལྡན་ཅན་དུ་གཏོང་བ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཐོན་ལས་ཅན་བཅས་ཀྱི་བདག་གཉེར་རྣམ་པར་ཡར་སྐུལ་བྱེད་དགོས།

གཉིས་ནི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་འཛུགས་སྐྲུན་གྱི་ཚད་ཇེ་མཐོར་གཏོང་དགོས། གནད་ས་བརྒལ་གཏོར་བྱེད་པ་དང་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། བཟོ་སྐྲུན་བྱེད་ཐབས་དང་རང་བྱུང་སླར་གསོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་བསྣོན་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་གྱི་བྱ་བ་སྔར་ལས་བཟང་བ་དང་མགྱོགས་པའི་སྒོ་ནས་ཡར་སྐུལ་བྱེད་དགོས། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པའི་བཞུར་རྒྱུད་དང་ཉེ་འགྲམ་ས་ཁུལ། ཕྱུགས་བསྐྱུར་རྩྭ་འདེབས། “བྱང་གསུམ” འགོག་སྲུང་ནགས་ཚལ། བྱེ་འགྱུར་ས་ཞིང་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་ནན་ཏན་སྒོས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དང་མདོ་ལ་རི་བོའི་ཆུ་ཁུངས་གསོ་འཁྱོངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། མཚོ་སྔོན་ས་སེར་མཐོ་སྒང་ས་ཁུལ་གྱི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་སོགས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་འཆར་འགོད་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཆུ་ཁུངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་སླར་གསོ་དང་མཐོར་འདེགས་བྱེད་དགོས།

གསུམ་ནི་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཕན་ནགས་ཚལ་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ཏེ། བརླན་སའི་ཁ་གསབ་དང་ནགས་སྐྲུན་ཐཱན་འདུས་བརྗེ་རེས་ལམ་ལུགས་འཚོལ་ཞིབ་དང་མགྱོགས་མྱུར་སྒོས་འཛུགས་པ། ཕྱོགས་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ལམ་ལུགས་བཙུགས་ཏེ། རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་ཅུང་ཚབས་ཆེ་སར་ཕྱུགས་བཀག་རྩྭ་གསོ་བྱེད་དགོས་པ་མ་ཟད་ཁ་གསབ་མ་དངུལ་སྟེར་དགོས། ཕྱུགས་བཀག་རྩྭ་གསོ་ལས་གཞན་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་སྟེང་གི་ཚད་བརྒལ་གྱི་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་། ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་ལག་བསྟར་བྱས་པ་བཟང་བའི་འབྲོག་པར་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའ་སྟེར་དགོས། འབྲོག་ཁུལ་གྱི་ནགས་ཚལ་དང་བརླན་ས། རི་སྐྱེས་སྲོག་ཆགས་སོགས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཚད་ཇེ་ཆེར་གཏོང་དགོས།

བཞི་ནི་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། བཱ་ཡན་སོགས་ཆུ་ཁུངས་དང་ཆུ་བེད་ཀྱིས་ཆ་ཚང་བཟོ་བཀོད་གལ་ཆེན་སྐོར་ཞིག་འཆར་འགོད་དང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། འབྲོག་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་དང་། ཁུལ་རིམ་པའི་མྱུར་བགྲོད་གཞུང་ལམ། རྫོང་རིམ་པའི་རིམ་པ་གཉིས་པའི་གཞུང་ལམ། ཞང་རིམ་པའི་ཨར་འདམ་གྱི་གཞུང་ལམ་དང་ཕྱུགས་ལམ། ཟམ་པ་གཙོ་བོ་སྐོར་ཞིག་འཛུགས་པའི་ཤུགས་ཇེ་ཆེར་གཏོང་དགོས། “གཙོ་བོ་གཅིག་དང་ཕལ་བ་བརྒྱད་”ཀྱི་གནམ་གྲུ་འབབ་ཐང་འཛུགས་སྐྲུན་བྱེད་པའི་རྣམ་པ་ལྟར་དུ། འབྲོག་ཁུལ་གྱི་ཡན་ལག་གནམ་གྲུ་འབབ་ཐང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་འབྲོག་ཁུལ་གྱི་གློག་དྲ་བཅོས་བསྒྱུར་བྱེད་ཚད་མཐོར་འདེགས་སུ་གཏོང་བ་དང་། ཆུ་གློག་ཐོན་ཁུངས་གསར་སྤེལ་གྱི་ཚད་ཇེ་ཆེར་བཏང་སྟེ། ནུས་ཤུགས་ཡོད་དགུས་གློག་ཐོན་ཚད་རྒྱ་བསྐྱེད་པ་དང་རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེ་རེ་ཐོན་པའི་བཟོ་སྐྲུན་མགྱོགས་མྱུར་སྒོས་ལག་བསྟར་བྱེད་དགོས།

ལྔ་ནི་འབྲོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་གྱི་ཚད་ཇེ་ཆེར་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གཅིག་བསྡུས་སྒོས་དཀའ་ཁག་ཆེ་བའི་ས་ཁུལ་གྱི་དབུལ་སྐྱོར་བྱེད་ཚད་ལག་བསྟར་བྱས་ནས། གཙོ་བོར་སྡེ་བ་ཧྲིལ་བོར་བྱས་ནས་སྐུལ་འདེད་གཏོང་བ་དང་། ས་གཞན་ལ་གནས་སྤོར་བ། ཐོན་ལས་ལ་དབུལ་སྐྱོར་བྱེད་པ། གནས་གཞན་ནས་གསོ་སྦྱོང་བྱེད་པ་སོགས་ཆེད་དོན་དབུལ་སྐྱོར་བཟོ་སྐྲུན་དམ་འཛིན་བཟང་བོ་བྱས་ནས། སྤྱི་ཚོགས་ལས་རིགས་ཡོངས་ཀྱི་མི་སྣ་དབུལ་སྐྱོར་གསར་སྤེལ་གྱི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། ཧུར་ཐག་གིས་འབྲོག་ཁུལ་དུ་དབུལ་སྐྱོར་གྱི་བྱ་བའི་རྣམ་པ་བཟང་བོ་ཆགས་སུ་འཇུག་དགོས།

དྲུག་ནི་མགྱོགས་མྱུར་སྒོས་འབྲོག་ཁུལ་གྱི་སྤྱི་ཚོགས་ལས་རིགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། འབྲོག་ཁུལ་གྱི་སློབ་གསོའི་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། སློབ་སྔོན་སློབ་གསོ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ། ལས་རིགས་སློབ་གསོ་བཅས་མགྱོགས་མྱུར་སྒོས་ཁྱབ་གདལ་དུ་བཏང་ནས། སློབ་གྲྭ་ཆུང་འབྲིང་གི་ཉེན་ཁ་ཡོད་པའི་ཁང་བ་བསྒྱུར་བཀོད་བྱེད་པ་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་པ་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། འབྲོག་ཁུལ་གྱི་སློབ་བསྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་དགོས། ས་གཞན་ནས་སློབ་གྲྭ་བསྒྲུབ་པའི་ཚད་ཇེ་མཐོར་བཏང་སྟེ། མཁར་གྲོང་དང་ས་ཁུལ་གྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྒྲུབ་མ་ལག་དང་སྨན་བཅོས་མྱུར་སྐྱོབ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་དགུས་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས། འབྲོག་ཁུལ་གྱི་རིག་གནས་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་གིས་འབྲོག་ཁུལ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་དང་ལུས་ཕོངས་སྦྱོང་བརྡར་ལ་ཤུགས་ཆེན་པོས་ཡར་སྐུལ་བྱེད་དགོས། འབྲོག་ཁུལ་གྱི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་སྲིད་གཞུང་གིས་ཁ་གསབ་བྱེད་པའི་ཚད་གཞི་དང་འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་དང་། མགྱོགས་མྱུར་སྒོས་འབྲོག་ཁུལ་གྱི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཁྱོན་ཡོངས་ལ་ཁེབས་པར་ཡར་སྐུལ་བྱས་ནས། འབྲོག་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་དང་ཆེས་དམའ་བའི་འཚོ་བའི་འགན་སྲུང་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་དགོས། །