མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

བོད་ཀྱི་སྲོལ་རྒྱུན་ཚོང་ལས་ཏེ་ཚྭ་འབྲུ་བརྗེ་རེས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-02-14 10:22

ང་ཚོས་ནམ་ཡིན་ཡང་བོད་ལྗོངས་ཀྱི་སྡོད་དམངས་ལ་ཚོང་གཉེར་བྱེད་པའི་སྲོལ་དང་ཚོང་གཉེར་བྱེད་པའི་འདུ་ཤེས་མེད་པར་འདོད་པ་དེ་ནི་རང་ཉིད་ཀྱི་ལྟ་ཚུལ་ཡན་གར་བ་ཞིག་རེད། དུས་ཡུན་རིང་བའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། བོད་ལྗོངས་ཀྱི་ཚོང་ཟོག་ཁྲོམ་ར་འཕེལ་རྒྱས་སུ་སོང་མེད་པ་ནི་གཙོ་བོ་རོང་འབྲོག་མང་ཚོགས་ཁྱིམ་ཚང་གི་དཔལ་འབྱོར་བྱ་འགུལ་བཀག་སྡོམ་གྱི་ཚུལ་དུ་རང་མཁོ་རང་སྒྲུབ་ཀྱི་རྣམ་པའི་ཁྲོད་གནས་པ་ལས་ཞིང་འབྲོག་མང་ཚོགས་ཀྱིས་ཐོན་རྫས་ལྷག་མ་དེ་ཕྱིར་འཚོང་བྱས་ནས་རང་ཉིད་ཀྱི ་འཚོ་བའི་མཁོ་ཆས་ཉོ་འདོད་མེད་པ་མ་ཡིན་ཏེ། དོན་དངོས་ཐོག་བོད་ལྗོངས་ལ་ལོ་རྒྱུས་རིང་བའི་ཚོང་དོན་བྱ་འགུལ་གྱི་སྲོལ་རྒྱུན་དང་རྒྱ་ཆེ་བའི་ཚོང་ཟོག་བརྗེ་རེས་ཀྱི་རྨང་གཞི་གཏིང་ཟབ་ལ། ལྷག་པར་དུ་བོད་ལྗོངས་ཀྱི་ཁམས་པའི་མི་ནི་ཚོང་ལས་གཉེར་ཏེ་མིང་དུ་གྲགས་པ་ཞིག་ཡིན།

ཞིང་འབྲོག་མང་ཚོགས་བར་གྱི་ཐོན་རྫས་བརྗེ་རེས་ནི་བོད་ལྗོངས་ཀྱི་གདོད་མའི་དུས་ཀྱི་བརྗེ་རེས་བྱེད་ཐབས་ཡིན་ལ། ཚྭ་དང་འབྲུ་རིགས་བརྗེ་རེས་བྱེད་པ་ནི་ཞིང་འབྲོག་མང་ཚོགས་བར་གྱི་ཐོན་རྫས་བརྗེ་རེས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་རེད། ཚྭ་འབྲུ་བརྗེ་རེས་བྱེད་པ་དེ་གཙོ་བོ་བོད་བྱང་ཁུལ་གྱི་འབྲོག་པ་དང་དབུས་གཙང་ཁུལ་གྱི་ཞིང་བའི་བར་དུ་ཆེས་རྒྱུན་ལྡན་ཡིན་ལ། ལོ་རེའི་སྟོན་དུས་ཞིང་ཕྱུགས་ཐོན་རྫས་བསྡུ་ལེན་བྱས་རྗེས། བོད་བྱང་ཁུལ་གྱི་འབྲོག་དམངས་ཀྱིས་ཚྭ་དང་མར་སོགས་ཀྱི་ཕྱུགས་ལས་ཐོན་རྫས་ཁྱེར་ནས་རོང་པའི་ཁུལ་དུ་འབྲུ་རིགས་དང་ཇ་ལོ། ཐོན་སྐྱེད་འཚོ་བའི་རྒྱུ་ཆ་སོགས་དང་བརྗེ་རེས་བྱེད་པ་ཡིན། ཞིང་འབྲོག་མང་ཚོགས་བར་གྱི་ཐོན་རྫས་བརྗེ་རེས་ནི་དངོས་པོ་དང་དངོས་པོ་ཐད་ཀར་དུ་བརྗེ་རེས་བྱེད་ཐབས་བེད་སྤྱོད་བྱེད་པ་རྒྱུགས་ཆེ་བ་མ་ཟད། སྐབས་དེར་ནས་ནི་རིན་མཉམ་དངོས་པོ་གལ་ཆེན་ཞིག་དུ་བརྩི་བཞིན་ཡོད། དཔེར་ན་ཚྭ་ཁུ་བྲེ་གཅིག་ལ་ནས་བྲེ་གཅིག(བྲེ་གཅིག་ཕལ་ཆེར་རྒྱ་མ་༢༨ཡིན)ཡིན་པ་དང་། མར་བྲེ་གཅིག་ལ་ནས་བྲེ་གཉིས་ཡིན་པ་སོགས་ཀྱི་གཏན་འབེབས་བྱས་ཡོད། བྱེ་བྲག་གི་བརྗེ་རེས་རིན་གོང་བསྡུར་ཐབས་ནི་ཚོང་འགྲུལ་གྱི་ལམ་ཐག་དང་སྐབས་དེའི་ཞིང་ཕྱུགས་ཐོན་རྫས་ཀྱི་དགོས་མཁོའི་གནས་ཚུལ་དང་བསྟུན་ནས་འགྱུར་བཞིན་ཡོད་པ་རེད། དངོས་པོ་དང་དངོས་བརྗེ་རེས་བྱེད་པ་དང་འབྲི་རིགས་དངུལ་ལོར་ཅན་དུ་བྱེད་པའི་སྣང་ཚུལ་ད་ལྟ་ཞིང་འབྲོག་ཁུལ་གྱི་ས་ཆ་ཁ་ཤས་སུ་ད་དུང་ཡང་མཐོང་རྒྱུ་ཡོད། ཇ་ལོའི་ཉོ་ཚོང་ནི་བོད་ལྗོངས་སྲོལ་རྒྱུན་གྱི་ཉོ་ཚོང་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་མ་ཟད། དུས་རབས་༢༠པའི་ལོ་རབས་༥༠པའི་ཡར་སྔོན་དུ། ཚོང་གཉེར་པས་ས་གནས་ཁྱད་ཐོན་རྫས་ཉོ་སྡུད་བྱེད་སྐབས། ཇ་དེ་རིན་མཉམ་དངོས་པོར་བརྩིས་ནས་དངུལ་ལོར་གྱི་ཚད་གཞི་བརྩི་བཞིན་ཡོད།

ཚོང་གཉེར་བ་ཚོང་ལས་ཁྲོད་དུ་ཞུགས་ཏེ་བརྗེ་རེས་བྱེད་པ་ནི་ཞིང་འབྲོག་ཐོན་སྐྱེད་པའི་བར་གྱི་དངུལ་དང་དངོས་པོ་བརྗེ་བ་དེ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཡིན་པ་དང་། ཚོང་གཉེར་བ་ཞིང་འབྲོག་ཁུལ་དུ་ཕྱིན་ཏེ་ཚོང་གཉེར་སྤེལ་བ་ལ་དུས་ཚིགས་རང་བཞིན་དང་འགུལ་སྐྱོད་རང་བཞིན་ཆེས་ཆེར་ལྡན། བོད་བྱང་འབྲོག་ཁུལ་དུ། བལ་དང་ཇ་བརྗེ་རེས་བྱེད་པ་ནི་འབྲོག་པ་དང་ཚོང་བའི་བར་གྱི་ཉོ་ཚོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། འབྲོག་པ་མང་ཚོགས་ཀྱིས་བལ་དང་ཕྱུགས་ཐོན་དངོས་རྫས་སྤྱད་དེ་ཚོང་བའི་ཇ་ལོ་དང་སྣ་མང་མཁོ་རྫས་ལ་བརྗེ་རེས་བྱེད་པ་དང་། འདི་ལྟ་བུའི་ཉོ་ཚོང་བྱ་འགུལ་དུ་ཞུགས་པའི་ཚོང་གཉེར་བའི་ཁྲོད་མི་སྒེར་དང་དགོན་པ། གཞུང་ཁག་བཅས་ཀྱི་ཚོང་གཉེར་བ་སོགས་སྣ་ཚོགས་ཡོད། སྒེར་གཉེར་ཚོང་བ་གཙོ་བོ་ནི་ཁམས་ཁུལ་ནས་ཐོན་པ་མ་ཟད་ཁམས་པའི་མི་རྣམས་ཚོང་གཉེར་ལ་མཁས་པའི་སྲོལ་རྒྱུན་དེ་ད་ལྟའི་བར་དུ་རྒྱུན་བསྐྱངས་ཡོད། གཞུང་གཉེར་ཚོང་བ་ནི་གཙོ་བོ་ས་གནས་སོ་སོའི་སྲིད་གཞུང་གིས་གཉེར་བའི་ཚོང་ལས་ཡིན་ལ་སྒེར་སྡོམ་གྱི་རང་བཞིན་ཆེས་ཆེར་ལྡན་ཏེ་ཁྱིམ་རྒྱུད་ཆེན་མོ་རིགས་ཀྱི་ཞིང་ཕྱུགས་ཐོན་རྫས་དག་ཉོ་སྡུད་དང་ཕྱིར་འཚོང་བྱེད་པ་སོགས་ཁོ་ཚོའི་དབང་དུ་བཟུང་ཡོད། །