མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་གྱིས་ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོལ་བརྒལ་གསར་བ་མངོན་འགྱུར་བྱས།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-02-14 10:22

ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“རྨང་གཞི་བརྟན་པོ་དང་། བྱེད་ཐབས་བསྒྱུར་བ། ཡོང་སྒོ་འཕར་སྣོན་གཏོང་བ”བཅས་ལ་དམ་པོར་དམིགས་ནས། “གསུམ་ཅན་མཉམ་སྐྱོད”དང“འཕེལ་རྒྱས་བཞིར”སྣེ་ཁྲིད་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་ལ་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་དེ་ཁ་ཕྱོགས་བྱས་ནས། སྔོན་ལ་འཆར་འགོད་བྱེད་པ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ། འགན་འཁྲི་གསལ་བོ་བྱེད་པ། བྱེད་ཐབས་གཏན་ལ་འབེབ་པ་བཅས་བྱས་ནས། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོལ་བརྒལ་གསར་བ་མངོན་འགྱུར་བྱས།

མགྱོགས་མྱུར་སྒོས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་ཆེད། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་དང་རོང་འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་ལ་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱས། ན་ནིང་གི་ལོ་མཇུག་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ནན་ཏན་སྒོས་དངོས་འབེབ་བྱས་ཏེ། དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་ལ་ཁ་གཏད་ཡོད་པའི་གནས་བབས་གསར་བ་དང་། འགན་འཁྲི་གསར་བ་དབྱེ་ཞིབ་བྱས་ནས། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་སྙོམས་སྒྲིག་དང་། ཁྱད་ལྡན་ཞིང་ཕྱུགས་ལས་སྣ་བཅུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྒྲིག་གཞི་ཇེ་མགྱོགས་སུ་གཏོང་བ། དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བརྟན་འཇགས་ངང་སྐུལ་སྤེལ་བྱེད་པ། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣོན་པ་སོགས་ཀྱི་བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱས་པས། སྔར་ལས་ལྷག་པའི་སྒོ་ནས་ད་ལོའི་བྱ་བའི་ཁ་ཕྱོགས་གཙོ་བོ་དང་དམིགས་འབེན་གསལ་བོར་བྱས། གཏན་འཁེལ་བྱས་པའི་བྱ་བའི་འགན་ཁུར་དང་གཙོ་གནད་ལ་དམིགས་ནས། “མ་དངུལ་གཅིག་བསྡུས་བྱེད་པ་དང་། མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ། ནུས་ཤུགས་གཅིག་བསྡུས་བྱེད་པ། གཙོ་གནད་འབུར་དུ་ཐོན་པ”བཅས་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས། ནོར་སྲིད་ཀྱིས་ཞིང་བར་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་གཅིག་བསྡུས་བྱེད་པའི་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་ལ་ཡར་སྐུལ་བྱས། 2012ལོར། ནོར་སྲིད་ཀྱིས་ཞིང་བར་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་སོ་ལྔ་དང་བྱེ་བ་གསུམ་གཅིག་བསྡུས་བྱས་ལ། དེ་སྔོན་ལོ་ལས་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་གཉིས་འཕར་ཡོད་པ་དང་། བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དགུ་འཕར་ཡོད། དེའི་ནང་ཞིང་ཆེན་རིམ་པའི་ཞིང་བར་རོགས་སྐྱོར་བྱེད་པའི་མ་དངུལ་དེ་སྔོན་ལོ་ལས་སྒོར་དུང་ཕྱུར་ལྔ་འཕར་ཡོད། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་སོན་བཟང་རྒྱུད་བཟང་གསོ་སྤེལ་གྱི་མ་ལག་འཛུགས་སྐྲུན་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱབ་གདལ་དུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ། ཞིང་ཕྱུགས་ལས་ཐོན་ལས་ཅན་དང་། རོང་འབྲོག་པ་གསོ་སྦྱོང་བྱེད་པ་དང་དེ་མིན་ཞིང་སྡེའི་ཆུ་བེད་བཟོ་སྐྲུན་ལེགས་བཟོ་དང་། ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱེད་པ། སྡེ་བ་ཧྲིལ་བོ་བྱས་ནས་དབུལ་སྐྱོར་གསར་སྤེལ་བྱེད་པ། གནས་གཞན་ལ་སྤོར་བ་སོགས་ཀྱི་བྱ་བ་གཙོ་བོར་སྐུལ་སྤེལ་བྱས། དེ་དང་ཆབས་ཅིག སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ལས་ཀྱི་སྟོབས་ཤུགས་ཞན་སའི་ས་ཁུལ་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། རོང་ཁུལ་གྱི་འོ་རྒྱུད་ལེགས་པའི་ཕྱུགས་ནང་འདྲེན་བྱས་ཏེ་ཁ་གསབ་སྟེར་བ་དང་། འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བར་མོ་ཕྱུགས་ཀྱི་ཁ་གསབ་སྟེར་བ། འདྲེ་ཚེར་མ་དང་ཕང་མ་ནག་པོའི་རྟེན་གཞི་འཛུགས་སྐྲུན་སོགས་ཞིང་བར་ཕན་པ་ཡོད་པ་དང་ཞིང་བ་ཕྱུག་པོར་བསྒྱུར་བའི་སྲིད་ཇུས་གསར་བ་ལག་བསྟར་བྱས་ཏེ། རོང་འབྲོག་པའི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱས།

ནུས་ཤུགས་ཡོད་དགུས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཁྲོད་ཆེས་འབུར་ཐོན་དང་ཆེས་དགོས་གཏུག་གི་དོན་དངོས་གནད་དོན་ཐག་གཅོད་བྱེད་ཆེད། ད་ལོར། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི“དོན་དངོས་བཟོ་སྐྲུན་བརྒྱད” ལག་བསྟར་བྱས། གཙོ་བོར་ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས་འཛུགས་སྐྲུན་དང་། ཆུ་དང་གློག ལམ། ཁ་པར་བཞི་ས་གནས་སོ་སོར་ཐོན་པ། རོང་འབྲོག་པའི་སློབ་གསོ་དང་གསོ་སྦྱོང་བྱས་ཏེ་ལས་རྐང་བསྒྱུར་བ། རོང་འབྲོག་པའི་བདེ་ཐང་དང་། རིག་གནས་སྡེ་བ་དང་ཁྱིམ་ཚང་ལ་ཐོན་པ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། ཞིང་སྡེ་གསར་བའི་འཆར་གཞི་དང་སྡེ་བའི་ཁོར་ཡུག་ལེགས་བཅོས་སོགས་སྣ་བརྒྱད་ཀྱི་ལས་གཞི་ང་བདུན་ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བདུན་བྱེ་བ་གཉིས་གཏོང་རྒྱུའི་འཆར་འགོད་བྱས་པ་དང་། སྔོན་ལོ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གསུམ་འཕར་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ཏེ། ཧུར་ཐག་གིས“ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། དམངས་སྲོལ་ཡ་རབས་ཡིན་པ། སྡེ་བའི་ཁོར་ཡུག་གཙང་མ། དམངས་གཙོ་དོ་དམ”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་བྱས།

རོང་འབྲོག་པའི་བྱ་བ་གཙོ་བོ་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་བྱེད་ཆེད། སྔ་མོ་ནས་དཔྱིད་འདེབས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས། ན་ནིང་གི་ལོ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«དཔྱིད་འདེབས་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབས་པའི་སྐོར་ཀྱི་བརྡ་ཐོ»འགྲེམ་སྤེལ་བྱས་ཏེ། དཔྱིད་འདེབས་གྲ་སྒྲིག་དང་ཞིང་ལས་རྒྱུ་ཆ་མཁོ་སྤྲོད། ཐན་སྐྱོན་སྔོན་འགོག་བྱེད་པ། ཚན་རྩལ་གསོ་སྦྱོང་བྱེད་པ། དྲོད་ཁང་ལས་པ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས་པར་མ་ཟད། ན་ནིང་གི་ལོ་མཇུག་དང་ད་ལོའི་ཟླ་དང་པོའི་ནང་ཤུར་གཉིས་བྱས་ཏེ་འགྱིག་ཤོག་འགེབ་པ་དང་། ཞིང་ལས་རྒྱུད་བཟང་སྐྱེ་དངོས་ལ་ཁ་གསབ་སྟེར་བ། ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་འགན་ཁུར་དང་མ་དངུལ་བཅས་སྔོན་མ་བྱས་ཏེ་བཀོད་སྒྲིག་བྱས་ཤིང་། དཔྱིད་འདེབས་གྲ་སྒྲིག་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་ཏེ། ཞིང་ཕྱུགས་ལས་ལ་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཏིངས། །