མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

རྩོམ་པ་པོ། གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-02-25 11:23

ཞིང་ལས་ཀྱི་ཐོན་ཁུངས་ཁོར་ཡུག་ལ་ཚོད་འཛིན་ཐེབས་ཚད་རྒྱུན་ཆད་མེད་པར་ཇེ་ཆེ་དང་། ཐོན་སྐྱེད་རྒྱུ་ཆའི་རིན་གོང་རྒྱུན་མཐུད་སྒོས་ཇེ་མཐོར་སོང་བ། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེ་ཡིན་པ། ཞིང་ལས་ལ་ལོ་བསྟུད་མར་ཐོན་ལེགས་བྱུང་བ་བཅས་ཀྱི་གནས་ཚུལ་འོག ཞིང་ལས་བརྟན་འཇགས་ངང་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་པ་དང་། ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་པའི་ནུས་ཤུགས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་དགོས་ན། ངེས་པར་དུ་ཞིང་ལས་སྒྲིག་ཆས་ཐད་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དེ་ནི་2012ལོའི་ཀྲུང་དབྱང་གི་“ཡིག་ཆ་དང་པོ”ལག་ལེན་བྱེད་སྐབས་ངེས་པར་དོ་སྣང་བྱེད་དགོས་པ་ཞིག་རེད།

—2012ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་བོའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་པ།

2011ལོར། རང་རྒྱལ་གྱི་ཞིང་སར་ཆུ་གཏོང་བའི་རྒྱ་ཁྱོན་ཐོག་དང་པོར་བརྒྱ་ཆའི་ལྔ་བཞི་ལྷག་ལས་བརྒལ། ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་བརྒྱ་ཆའི་ང་བཞི་ལྷག་ཏུ་སླེབས། དེ་ལས་རང་རྒྱལ་གྱི་ཞིང་ལས་དངོས་རྫས་ལག་རྩལ་སྒྲིག་ཆས་ལ་ལེགས་བཅོས་མངོན་གསལ་ཐོབ་ཡོད་པ་མཚོན་ཐུབ་པས་མི་ཚད། འབྲུ་རིགས་ཐོན་སྐྱེད་བསྟུད་མར་ལོ་བརྒྱད་ལ་ཐོན་ལེགས་ཐོབ་པར་དངོས་པོའི་རྨང་གཞི་བཏིངས། ཡིན་ནའང་རང་རྒྱལ་གྱི་ཞིང་ལས་རྨང་གཞིའི་སྒྲིག་ཆས་ཀྱི་སྟོབས་ཤུགས་ཞན་ཞིང་། གནམ་ལ་བརྟེན་ནས་འཚོ་བ་རོལ་བའི་རྣམ་པ་ད་རུང་རྩ་བ་ནས་བསྒྱུར་མེད། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བ་དེ་ནི་སྔར་བཞིན་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད།

གཅིག ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ན། མུ་མཐུད་དུ་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཅིས་ཀྱང་ཤུགས་ཆེན་པོས་སྤེལ་དགོས། ན་ནིང་གི་ཀྲུང་དབྱང་གི་“ཡིག་ཆ་དང་པོའི”རྨང་གཞིའི་སྟེང་། ད་ལོའི་“ཡིག་ཆ་དང་པོའི་”ནང་རེ་བ་གསལ་བོ་བཏོན་ཡོད་པ་སྟེ། ཆུ་མགོའི་བཟོ་སྐྲུན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་བོ་ཆེན་པོ་དང་མཚེའུ་ཆེན་པོ། ཆུ་བོ་འབྲིང་ཆུང་བཅོས་སྐྱོང་བྱེད་པ། གནད་དོན་དང་ཉེན་ཁ་ཡོད་པའི་ཆུ་མཛོད་སྲ་བརྟན་དུ་གཏོང་བ། ཆུ་ལོག་སོགས་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པ། ཆུ་གཏོང་སའི་ས་ཁུལ་ཆེ་འབྲིང་གི་སྒྲིག་ཆས་ལེགས་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་འཛོམས་པའི་ས་ཆར་ཆུ་གཏོང་སའི་ས་ཁུལ་གསར་བ་སྐོར་ཞིག་བཙུགས་ནས། ཕན་ནུས་ལྡན་པའི་ཆུ་འདྲེན་གཞི་ཁྱོན་ཧུར་ཐག་སྒོས་ཇེ་ཆེར་གཏོང་དགོས། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་གཏོང་བའི་ཐད། ས་ཞིང་བཙོང་བའི་ཡོང་འབབ་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་དུ་བཀོལ་བའི་མ་དངུལ་སྐོར་དེར་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཞིང་ལས་ཆུ་འདྲེན་དང་བཙོག་ཆུ་གཙང་ཕུད་བྱེད་པའི་བཟོ་སྐྲུན་འཁོར་སྐྱོད་དོ་དམ་གྲོན་དངུལ་ནོར་སྲིད་ཀྱིས་འོས་མཐུན་སྒོས་ཁ་གསབ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ཁའི་ཆུ་བེད་སྒྲིག་ཆས་བཟོ་སྐྲུན་ཆུང་བའི་རིགས་ལ་ཁ་གསབ་རོགས་སྐྱོར་བྱེད་པའི་ཆེད་ལས་མ་དངུལ་མུ་མཐུད་དུ་ཁ་སྣོན་བྱས་ནས། རྣམ་པ་ཆུང་བའི་ཞིང་ཁའི་ཆུ་བེད་གནད་ཆེ་སའི་རྫོང་འཛུགསས་སྐྲུན་བྱེད་པ་དེ་ཞིང་ལས་རྫོང་ཆེན་པོར་ཁྱབ་པ་མངོན་འགྱུར་བྱེད་དགོས། ཞིང་སྡེའི་ཆུ་བེད་བཟོ་སྐྲུན་ཆུང་བའི་རིགས་འཛུགས་སྐྲུན་ཐད། ལ་ལུང་རྒོད་ས་ནས་ཆུ་བེད་ཆུང་བའི་རིགས་འཛུགས་སྐྲུན་སྤེལ་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་སྡེའི་གྲམ་པ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱེད་པ། ཆུ་ཁའི་བཙོག་རྫས་གཙང་ཕུད་བྱེད་ཤུགས་ཇེ་ཆེར་གཏོང་བ། འབྲོག་ཕྱོགས་ཀྱི་ཆུ་བེད་འཛུགས་སྐྲུན་གོང་འཕེལ་དུ་གཏོང་དགོས། ཆུ་གྲོན་ཆུང་བྱེད་པའི་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད། ཕན་འབྲས་མཐོ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ལག་རྩལ་གསར་བ་དང་སྒྲིག་ཆས་གསར་བ་ཤུགས་ཆེན་པོས་ཁྱབ་སྤེལ་གཏོང་བ་དང་། སྒྲིག་ཆས་ཉོ་སྤྱད་ཁ་གསབ་བྱེད་པའི་གཞི་ཁྱོན་དང་དངུལ་བུན་གྱི་སྐྱེད་གསབ་གཞི་ཁྱོན་རྒྱ་སྐྱེད་པར་མ་ཟད། ཆུ་གྲོན་ཆུང་བྱས་ནས་གཏོང་པའི་སྒྲིག་ཆས་ཉོ་བའི་ཁྲལ་སྡུད་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

གཉིས། ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ན། ཚད་གཞི་མཐོ་བའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཅིས་ཀྱང་ཤུགས་སྣོན་ཆེན་པོ་བྱེད་དགོས།

ཐོན་ཚད་མཐོ་འབྲིང་ཅན་གྱི་ཞིང་སའི་བསྡུར་ཚད་མཐོ་བ་དེ་ནི་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་རེད། ཚད་གཞི་མཐོ་བའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དེ་ནི་ཞིང་ལས་ཐོན་འཕར་དང་ཕན་འབྲས་ཇེ་ཆེར་གཏོང་བའི་སྦས་ཤུགས་ཡིན་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་གི་“ཡིག་ཆ་དང་པོའི་”ནང་ཡུན་གཏན་རང་བཞིན་གྱི་གཞི་རྩའི་ཞིང་ས་འཆར་འགོད་བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་ནས། རྨོ་ཞིང་སྲུང་སྐྱོབ་བྱེད་པའི་ཁ་གསབ་རོགས་དངུལ་སྟེར་བའི་ཚོད་ལྟ་སྤེལ་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སྤྱིའི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་གཏན་འཁེལ་བྱས་ནས། ཐབས་ལམ་མང་པོ་བརྒྱུད་དེ་མ་དངུལ་བསྡུ་བ་དང་། ཞིང་ལས་ཕྱོགས་བསྡུས་གསར་གཏོད་བྱེད་པའི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། ཞིང་སྡེའི་ས་ཞིང་དག་ཐེར་བཅོས་སྐྱོང་བྱེད་པའི་བཟོ་བཀོད་གལ་ཆེན་དང་དཔེ་སྟོན་འཛུགས་སྐྲུན་སྤེལ་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཐན་ཞོད་གང་བྱུང་ཡང་ཡོང་འབབ་ཡོད་པའི་ཐོན་ཚད་མཐོ་ཞིང་བརྟན་པའི་ཞིང་ས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མུ་མཐུད་དུ་ཞིང་སའི་རྒྱུ་སྤུས་ལ་རྟོག་དཔྱོད་དང་ཚད་ལེན་ལྟ་སྐུལ་བཟང་བོ་བྱེད་པ། ས་རྒྱུ་ལ་བལྟས་ནས་དེར་འཕྲོད་པའི་ལུད་རྫས་འཇོག་པ་དང་། སའི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བའི་གཞི་ཁྱོན་རྒྱ་སྐྱེད་དེ། རི་མའི་ཞིང་ས་འཛུགས་སྐྲུན་བཟོ་བཀོད་མུ་མཐུད་དུ་སྤེལ་དགོས། སྒྲིག་ཆས་ཅན་གྱི་ཞིང་ལས་ལག་ཆ་དང་ལག་རྩལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ཤུགས་སྣོན་བྱེད་དགོས།

གསུམ། ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ན། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་གོམ་སྟབས་ཅིས་ཀྱང་ཇེ་མགྱོགས་སུ་གཏོང་དགོས།

བཟོ་ལས་ཅན་དང་མཁར་གྲོང་ཅན་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་མཁར་གྲོང་དུ་གཞིས་སྡོད་བྱས་པའི་མི་གྲངས་གྲུབ་ཚུལ་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2011ལོར་རང་རྒྱལ་གྱི་མཁར་གྲོང་ཅན་དུ་གྱུར་ཚད་བརྒྱ་ཆའི་ང་གཅིག་ལྷག་ཏུ་སླེབས། ད་ལྟ་ཞིང་སྡེའི་ངལ་རྩོལ་པ་དར་གཞོན་གྱིས་ཞིང་ལས་གཉེར་བའི་མི་གྲངས་མངོན་གསལ་སྒོས་ཇེ་ཉུང་དུ་སོང་། མ་འོངས་པར་སུ་ཞིག་གིས་ཞིང་འདེབས་པ་དང་། སུ་ཞིག་ལ་བརྟེན་ནས་དེང་རབས་ཞིང་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ་དེ་ནི་ཛ་དྲག་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཀྲུང་དབྱང་གི་“ཡིག་ཆ་དང་པོའི་”ནང་ཁ་གསལ་བོ་བྱས་ནས་བཏོན་ཡོད་པ་སྟེ། ཞིང་ལས་འཕྲུལ་ཆས་གཅིག་བསྡུས་ལག་རྩལ་དང་། མ་རྩ་གྲོན་ཆུང་དང་ཕན་འབྲས་འཕར་སྣོན། གཞི་ཁྱོན་ལྡན་པའི་བདག་གཉེར་སྤེལ་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ཞིང་ལས་གཉེར་བའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ཀྱི་ཞབས་འདེགས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་ལས་གཉེར་བའི་ལས་རིམ་གལ་ཆེན་ཐད། འཕྲུལ་ཆས་ལ་བརྟེན་ནས་ཞིང་འདེབས་པ་དང་འབྲེག་བསྡུ་བྱེད་པ་སོགས་ཀྱི་དཀའ་གནད་འབུར་ཐོན་ཐག་གཅོད་དགོས། ཞིང་ལས་འཕྲུལ་ཆས་གལ་ཆེན་ལ་ཞིབ་འཇུག་གསར་གཏོད་བྱེད་པའི་ཕྱོགས་སུ། ཞིང་ལས་འཕྲུལ་ཆས་ཀྱི་ལྷུ་ལག་གལ་ཆེན་དང་ཐོན་རྫས་གལ་ཆེན་ཞིབ་འཇུག་གསར་གཏོད་བྱེད་པར་ཤུགས་བསྣོན་དགོས་ཤིང་། གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཐད་ནས། ཞིང་ལས་འཕྲུལ་ཆས་ཉོ་བར་ཁ་གསབ་རོགས་སྐྱོར་བྱེད་པའི་གཞི་ཁྱོན་དང་ཁྱབ་ཁོངས་ཇེ་ཆེར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁ་གསབ་ནང་རྐྱེན་དང་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། འདེབས་འཛུགས་དང་གསོ་སྤེལ་ཁྱིམ་ཚང་ཆེན་པོ་དང་། ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཚད་མང་བའི་ཁྱིམ་ཚང་། ཞིང་ལས་མཉམ་ལས་ཁང་བཅས་ཀྱིས་ཞིང་ལས་འཕྲུལ་ཆས་ཆེ་འབྲིང་གི་རིགས་ཉོ་བར་ཡར་སྐུལ་གཏོང་དགོས། ཞིང་ལས་འཕྲུལ་ཆས་ཅན་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་དངུལ་དང་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཕྱི་ཚོང་ར་ཅན་དང་ཐོན་ལས་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

བཞི། ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ན། སྐྱེ་ཁམས་འཛུགས་སྐྲུན་ལ་ཅིས་ཀྱང་ཤུགས་བསྣོན་དགོས།

ཀྲུང་དབྱང་གི་“ཡིག་ཆ་དང་པོའི་”ནང་གསལ་བོར་བསྟན་དོན། རྨོ་སྐྱུར་ནགས་བསྐྲུན་གྱི་གྲུབ་འབྲས་བརྟན་སྲུང་བྱེད་ན། རྨ་འབྲིའི་འབྱུང་ཡུལ་དང་། མཚོ་དང་མཚེའུ་ཡི་མཐའ་སྐོར་སོགས་རྒྱལ་ཁབ་ཀྱི་གནད་ཆེ་སའི་སྐྱེ་ཁམས་ནུས་ལྡན་ས་ཁུལ་དུ་འོས་འཚམས་སྒོས་རྨོ་སྐྱུར་ནགས་སྐྲུན་ལས་གཞི་སྤེལ་བའི་གཞི་ཁྱོན་ཇེ་ཆེར་གཏོང་དགོས། དེ་ལྟར་འགོག་སྲུང་ནགས་ར་འཛུགས་སྐྲུན་ཐད་དུ་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་རིམ་གྱིས་ཇེ་མཐོར་གཏོང་བ་དང་། བྱང་གསུམ་དང་མཚོ་རྒྱུད་ས་ཁུལ་དང་། འབྲི་ཆུ་སོགས་འགོག་སྲུང་ནགས་རའི་མ་ལག་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་བཙུགས་ནས། ས་ཁུལ་རང་བཞིན་གྱི་གནད་ཆེ་སའི་སྐྱེ་ཁམས་བཟོ་བཀོད་སྤེལ་དགོས། ལྗོན་ཤིང་རིགས་བཟང་བོ་དང་ནགས་འཛུགས་ཁ་གསབ་གཞི་ཁྱོན་འོས་འཚམས་སྒོས་རྒྱ་བསྐྱེད་དེ། ནགས་ཚལ་བདག་གཉེར་གྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། དེ་ལས་གཞན་ད་རུང་རྩི་ཤིང་གི་འབྲུ་སྣུམ་དང་། ནགས་ལས་དཔལ་འབྱོར་། ནགས་ཚལ་གནས་སྐོར་སོགས་ནགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཕྱུགས་སྐྱུར་རྩྭ་འདེབས་བཟོ་བཀོད་ལག་ལེན་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བྱེད་པའི་གནད་ཆེ་སའི་བཟོ་སྐྲུན་ལག་ལེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱ་བ་དེ་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནད་ཆེ་སར་རྩིས་ནས། ཞིང་ལས་སླད་མེད་ཐོན་སྐྱེད་སྤེལ་བ་དང་། སྡེ་མིའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་དགོས། །