མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

མཆོང་བསྐྱོད་ཀྱི་འདུ་ཤེས་ལྟ་བས་མཚོ་སྔོན་གྱི་འཕེལ་རྒྱས་དང་དམངས་ཕན་སྲིད་ཇུས། སྐྱེ་ཁམས་བཅས་ཀྱི་ཐད་ལ་བགྲོད་ལམ་ཞིག་བཏོད་པ།

རྩོམ་པ་པོ། ཤ་བོ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-03-04 12:10

མཚོ་སྔོན་འགྲིམ་འགྲུལ་སྡེ་ཁག་གིས2011ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དངོས་འབེབས་དང་། གོ་སྐབས་དམ་འཛིན། ཡར་རྒྱས་བརྩོན་ལེན། གསར་གཏོད་གསར་སྐྲུན། དངོས་འཛིན་དངོས་གཉེར་བཅས་ཀྱིས། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མགོ་བརྩོམ་པའི་ལོ་དེར་མཆོང་བསྐྱོད་འཕེལ་རྒྱས་ཀྱི་དབྱངས་རྟ་གཙོ་བོ་གླུ་རུ་བླངས་པས། ལོ་ཧྲིལ་བོར་སྤྱི་ཚོགས་ཡོངས་ཀྱི་འགྲིམ་འགྲུལ་ཐད་ཀྱི་གཏན་འཇགས་མ་དངུལ་བཏང་ཚད་སྒོར་མོ་དུང་ཕྱུར་བརྒྱ་དང་སོ་ལྔ་ལྷག་ལ་སླེབས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་སྤྱིའི་མ་དངུལ་བཏང་ཚད་ཀྱི་བརྒྱ་ཆའི་བཅུ་ལ་བུད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་སྐྲུན་ཞིང་། རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་སྟོང་ལས་བརྒལ་ནས་སྤྱི་ལེ་སྟོང་གཅིག་དང་བཞི་བརྒྱར་སླེབས་པས། མཚོ་སྔོན་གྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་སྟེང་མཆོང་བསྐྱོད་སྒོས་འཕེལ་རྒྱས་ཆེན་པོ་བྱུང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་དུ་སྣུམ་ལམ་གྱི་ཁྱབ་རྒྱ་བརྒྱ་ཆའི་གོ་བདུན་དང་། སྲིད་འཛིན་སྡེ་བ་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་དུ་སྣུམ་ལམ་དང་ཨར་འདམ་གྱི་ལམ་ཁེབས་ཚད་བརྒྱ་ཆའི་རེ་དགུ་ལ་སླེབས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བས། འཕེལ་རྒྱས་དང་དམངས་ལ་ཕན་པ། སྐྱེ་ཁམས་བཅས་ཀྱི་གཞུང་ལམ་ཞིག་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་རྒྱུན་བསྲིངས་ཡོད།

ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོས་འཐབ་ཇུས་དང་། མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ལ་ངེས་ཤེས་ཟབ་མོ་བཅངས་ནས། དོན་ཆེན་འཛིན་པ་དང་ཕྱོགས་ཡོངས་ལ་དམིགས་པ། དཀའ་གནད་སེལ་བ། ཕན་འབྲས་ལ་ལྟ་བ་བཅས་ཀྱིས། ལོ་རེར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ལེགས་བཅོས་དང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ཤུགས་ཆེ་རུ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་རྨང་གཞི་སྒྲིག་ཆས་དྲ་རྒྱ་མུ་འཐུད་དུ་འཐུས་ཚང་དང་། ས་གནས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཞབས་ཞུའི་ནུས་བ་ཇེ་མཐོར་སོང་ཡོད་པ་དང་། 2011ལོའི་ལོ་མཇུག་གི་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་སུ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་དྲུག་དང་སྟོང་བཞི་ཉིས་བརྒྱ་བརྒྱད་བཅུ་ལ་སླེབས་པ་དང་། དེའི་ནང་དུ་ཞིང་སྡེའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་ལྔ་དང་དྲུག་བརྒྱ་ཞེ་གསུམ་དུ་བུད་ལ། ཟི་ལིང་ལྟེ་བ་ཡིན་པའི་རྒྱལ་ཁབ་རིམ་པའི་གཞུང་ལམ་ལྔ་དང་། ཞིང་ཆེན་རིམ་པའི་གཞུང་ལམ་ཉེར་དགུ་གཞིར་བཞག་ནས་རྫོང་དང་ཞང་རིམ་པའི་གཞུང་ལམ་དང་འབྲེལ་ཏེ། ཏིས་དང་ཁུལ་ཡོངས་ལ་ཁྱབ་ནས་རྫོང་དང་ཞང་ལ་སྦྲེལ་པ་དང་། མཐའ་སྐོར་ཞིང་ཆེན་གྱི་གཞུང་ལམ་མཚོ་སྔོན་གྱི་གཞུང་ལམ་དྲ་རྒྱ་དང་སྦྲེལ་བའི་རྨང་གཞི་ཕལ་ཆེར་ཆགས་ཡོད་པས་། གཞུང་ལམ་དྲ་རྒྱ་ཡི་ཞིབ་ཚད“ལོ་ལྔའི་འཆར་གཞི་བཅུ་བའི”མཇུག་གི་སྤྱི་ལེ་གྲུ་བཞི་མ་བརྒྱ་ཡི་ནང་སྤྱི་ལེ་6.25ནས་སྤྱི་ལེ་གྲུ་བཞི་མ་བརྒྱ་ཡི་ནང་སྤྱི་ལེ་8.62ལ་ཇེ་མཐོར་སོང་ཡོད།

ལྷག་པར་དུ་འདས་མ་ཐག་པའི་ཉིས་སྟོང་བཅུ་གཅིག་ལོའི་ནང་འཛུགས་སྐྲུན་མཁན་རྣམས་ཀྱིས་ལོ་གསུམ་ལ་ཉེ་བ་ཙམ་གྱི་དཀའ་སྤྱད་སྡུག་རུས་དང་། བྲེལ་འཚུབ་ཀྱི་བཟོ་སྐྲུན་བྱས་མཐར་ཚ་ཨར་ཧན་ནས་ན་གོར་མོ་བར་དང་། ཆབ་ཆ་ནས་ཚྭ་ཁ། ཧོང་ཡོན་ནས་ནུབ་མཚོ་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་གསུམ་ལོ་མཇུག་ཏུ་རིམ་བཞིན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པས། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གསུམ་བར་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཡོངས་ནས་གོང་འོག་མཐུན་སྦྱོར་དང་མཉམ་དུ་རྣམ་པ་སྒྱུར་བའི་བྱ་འགུལ་སྤེལ་བའི་ཁྲོད་དུ། རིམ་པ་སོ་སོའི་འགྲིམ་འགྲུལ་སྡེ་ཁག་གིས་ཧུར་ཐག་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བཏོན་པའི“བདེ་འཇགས་སྟབས་བདེ་ཡི་དག་གཙང་སྐྱེལ་འདྲེན་མ་ལག་འཛུགས་པའི”སྤྱིའི་དམིགས་འབེན་ལ་དམིགས་ནས། འགྲིམ་འགྲུལ་འཆར་འགོད་དང་ཇུས་འགོད། སྐྱེལ་འདྲེན་འཛུགས་སྐྲུན། སྲུང་སྐྱོང་། དོ་དམ་བཅས་ཀྱི་སྟེང་ནས། གཞུང་ལམ་བཟོ་སྐྲུན་བྱ་བའི་ཁྲོད་དུ་དོ་སྣང་མི་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་དང་། གཞུང་ལམ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བཅས་ལ་བཅོས་སྐྱོང་བྱས་ནས། མཚོ་སྔོན་ནུབ་རྒྱུད་དང་འཚམ་པའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་ཡོད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་ཐིན་ཀྲང་པོ་རིང་གིས་གསར་འགོད་པར་བཤད་རྒྱུ། 2011ལོར་གསར་དུ་འཛུགས་སྐྲུན་བྱས་པའི་སྤྱི་ལེ་སྟོང་གི་མྱུར་བགྲོད་གཞུང་ལམ་ཁྲོད། ལམ་མཚམས་མང་ཆེ་ཤས་གཞུང་ལམ་དམའ་ལ་ལམ་འགྲམ་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པའི་འདུ་ཤེས་གསར་བ་དང་བསྟུན་ནས། གཞུང་ལམ་དང་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་མཐུན་སྦྱོར་ཡོང་བར་བྱས་ཏེ། རླངས་འཁོར་བགྲོད་པའི་བདེ་འཇགས་ཀྱི་ཚད་ཆེས་ཆེར་ཇེ་མཐོ་དང་བཟོ་སྐྲུན་གྱི་མ་རྩ་ཇེ་དམའ་རུ་བཏང་བས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཆེད་ལས་མཁས་པས་ཀྱང་དེའི་ཕྱོགས་ལ་གཟེང་བསྟོད་དང་ཞིང་ཆེན་གྱི་མགོ་ཁྲིད་པར་བསྟོད་བསྔགས་ཐོབ་ཡོད། སྐྱེ་ཁམས་ཉམས་ཞན་ཡིན་པའི་ས་ཁུལ་གྱི་བཟོ་སྐྲུན་ཁྲོད་དུ། དོན་དངོས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བཟུང་ནས། འཛུགས་སྐྲུན་ལ་ཞུགས་པའི་ལས་ཁུངས་སོ་སོས«སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་སྟོན»དང་«དཔལ་ཡོན་གྱིས་ཨར་ལས་རྒྱག་པའི་ལག་དེབ»ནང་གཏན་འཁེལ་བྱས་བའི་ཚད་གཞི་ནན་ཏན་གྱིས་ལག་བསྟར་བྱས་ནས། ཨར་ལས་བཟོ་སྐྲུན་གྱི་བྱ་བ་དེ་གཟབ་ནན་གྱིས་གཞུང་ལམ་ཐད་བཀོལ་བའི་ས་མཚམས་ཀྱི་ནང་དུ་ཚོད་འཛིན་བྱས་ཏེ། གང་བྱུང་དུ་ས་སློག་པ་རྦད་ཆོད་ཀྱིས་གཏན་འགོག་དང་། ཐབས་བརྒྱ་ཇུས་སྟོང་གིས་གཞུང་ལམ་ཕྱི་རོལ་དུ་བཟོ་སྐྲུན་ཤུལ་བཞག་མེད་པར་བྱས་ནས། ཕན་འབྲས་ལྡན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པས། 2011ལོ་འགྲིམ་འགྲུལ་སྡེ་ཁག་གི“སྐྱེ་ཁམས་ཀྱིས་ཞིང་ཆེན་སྐྱོང་བའི”འཐབ་ཇུས་ལག་བསྟར་དང“མི་གཞི་རྩར་འཛིན་པ་དང་བདེ་འཇགས་དང་བོ”ཡིན་པའི་འདུ་ཤེས་མངོན་པར་བྱས་ཏེ། སྐྱེ་ཁམས་དང་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་ལམ་ལས་བ་ཆེས་མང་བའི་ལོ་ཞིག་ཡིན་ཟེར།

ཉེ་བའི་ལོ་འདི་འགའི་ནང་བཟོ་ལས་ཅན་དང་མཁར་གྲོང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཞི་རྩའི་ཞབས་ཞུ་མགྱོགས་མྱུར་ངང་འདྲ་མཉམ་ཅན་དུ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་བ་དེ་ནི། འགྲིམ་འགྲུལ་སྡེ་ཁག་གི་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་སྐྲུན་གྱི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་པས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་མགོ་ཁྲིད་ཚན་ཁག་གིས་ཚན་རིག་ལྟར་འཆར་འགོད་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་པར་བརྟེན། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་འབྲེལ་མཐུད་ཀྱིས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་རྩའི་གནད་དོན་ཐག་གཅོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་སྤྱི་བའི་ཞབས་ཞུའི་འགན་ནུས་དང་འབྲེལ། འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གསོ་སྐྱོང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྤུས་དག་གིས་མངའ་ཁོངས་སྙོམ་སྒྲིག ཞིང་གྲོང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྱབ་ཁོངས་བཅས་ལ་བརྟེན་ནས། སྔར་ལས་བཟང་བའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་རེའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་དང་མཐུན་པར་བྱས་པ་དང་། 2011ལོའི་ལོ་སར་དང“ལྔ་གཅིག” “བཅུ་བའི་ཚེས་གཅིག”བཅས་དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡུས་ཧྲུའུ་ཡི་ཁྱིམ་གཞི་བསྐྱར་འཛུགས་ཐད་ཀྱི་མི་སྣ་དང་དངོས་རྫས་སྐྱེལ་འདྲེན་ལས་འགན་སོགས་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚད་དང་། ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚད་དེ་ལོ་སྔོན་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་སོ་གསུམ་དང་། བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་ཞེ་བཞི། བརྒྱ་ཆའི་བརྒྱད་དང་གྲངས་ཆུང་རེ་ལྔ་བཅས་ཀྱིས་ཇེ་མཐོར་སོང་བས། གཞུང་ལམ་ཆུ་ལམ་གཉིས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚད་ཆེས་མགྱོགས་པའི་ལོ་ཞིག་ཡིན་པ་དང་། ཟི་ལིང་གི་རྫོང་གསུམ་དང་མཚོ་ཤར་གྱི་རྫོང་དྲུག མཚོ་ནུབ་གྱི་གཏེར་ལེན་ཁ་དང་ན་གོར་མོ། མཚོ་ལྷོ་དང་མཚོ་བྱང་བཅས་ཀྱི་ཆ་རྐྱེན་ཡོད་པའི་རྫོང་དེ་དག་གོ་རིམ་ཡོད་པའི་སྒོ་ནས་གཞི་གཅིག་ཅན་གྱི་འགྲུལ་སྐྱེལ་འཕེལ་རིམ་དུ་ཞུགས་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ས་ཡ་གཅིག་གིས་ཆེ་དམའ་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་འཛིན་བྱང་སྤྱོད་པའི་ཁེ་ཕན་ཐོབ་ཡོད་པ་དང་། ཁྱད་པར་དུ་གླེང་དགོས་པ་ཞིག་ནི། ཆེ་མཐོང་དཔལ་འབྱོར་གྱི་རྣམ་པ་ལ་མུ་མཐུད་དུ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། འགྲིམ་འགྲུལ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ནས་སྙོམ་སྒྲིག་བྱེད་པའི་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་དངོས་འབེབས་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་ཧུར་ཐག་གིས་རེ་ཞུ། དངུལ་ཁང་གི་བསྐྱིས་དངུལ་དངོས་འབེབས། གཅིག་བསྡུས་ཀྱིས་འཛུགས་སྐྲུན་མ་དངུལ་སོགས་སྒོར་མོ་དུང་ཕྱུར་བརྒྱ་དང་བཞི་བཅུ་དོན་ཐོག་ཏུ་འཁྱོལ་བ་དང་། དེའི་ནང་དུ་ཀྲུང་དབྱང་ནས་ལོ་མཇུག་གི་ཁ་གསབ་རོགས་དངུལ་གྱི་གྲོན་དངུལ་འཆར་གཞི་ཕལ་ཆེར་སྒོར་མོ་དུང་ཕྱུར་བདུན་བཅུ་དངོས་འབེབས་བྱས་པས། རྒྱལ་ཁབ་ཀྱི་རང་ཞིང་ལ་རོགས་སྐྱོར་བྱེད་ཤུགས་ཆེས་ཆེ་བའི་ལོ་ཞིག་དང་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དངོས་འབེབས་བྱས་ཚད་ཆེས་མང་བའི་ལོ་ཞིག་ཀྱང་ཡིན། །