མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

སྲོལ་རྒྱུན་གྱི་ལག་ཤེས་ལས། ཕྱུག་འགྱུར་གྱི་ལམ་བུ་གཏོད།

རྩོམ་པ་པོ། ནོར་བུ།  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2012-03-04 12:11

 

སྣམ་བུའི་ཐོན་རྫས།

    ལྷོ་ཁ་ས་ཁུལ་གྲ་ནང་རྫོང་དེ་ནི་ཡར་ཀླུང་གཙང་པོ་རྒྱུགས་ཁུལ་དང་ལྷ་ས་དང་རྩེ་ཐང་བར་དུ་གནས་ཡོད་པར་བརྟེན་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་ཡག་པོ་ཡོད་པ་རེད།རྫོང་དེ་ནི་ཁྱོན་ཤང་གསུམ་དང་གྲོང་རྡལ་གཉིས། སྲིད་འཛིན་གྲོང་ཚོ་༦༥དང་། རང་བྱུང་གྲོང་ཚོ་༢༡༧བཅས་ལས་གྲུབ་པའི་རྫོང་ཤིག་ཡིན།

    གྲ་ནང་རྫོང་དེ་ནི་བོད་ཀྱི་སྣམ་བུའི་སྤུས་ཚད་ལེགས་ཤོས་ཀྱི་རྫོང་ཞིག་ཡིན་པས་རྫོང་དེས་སྔ་རྗེས་སུ་ཐོན་ལས་དང་པོ་ཆུ་ཚད་ཅན་དང་། ཐོན་ལས་གཉིས་པ་གཙོ་གནད་དུ་བཟུང་བ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བའི་དམིགས་ཚད་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ་རང་རྫོང་གི་སྣམ་བུའི་ལག་རྩལ་གྱི་ལེགས་ཆར་གཞིགས་ནས་ཞིང་འབྲོག་མང་ཚོགས་རྣམས་སྣེ་འཁྲིད་དེ་སྲོལ་རྒྱུན་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་ཐུབ་པ་བྱུང་ཡོད།

    སྣམ་བུ་ནི་བོད་མི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་གྱོན་ཆས་བཟོ་བའི་རས་ཆ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། འཕྲུལ་འཁོར་རིགས་ཅི་ཡང་མེད་པར་ལག་ཤེས་ཁོ་ནས་བཟོས་པར་བརྟེན་སྤུས་ཀ་ལེགས་ལ་ཞིབ་ཚགས་པ་དང་། ལུས་ལ་གྱོན་སྐབས་ཧ་ཅང་གི་དྲོན་པོ་ཡོད་པར་བརྟེན་སྣམ་བུས་བཟོས་པའི་གྱོན་ཆས་ལ་མི་རྣམས་ཀྱིས་ཧ་ཅང་གི་མཉེས་པོ་གནང་གི་ཡོད་པ་རེད།  སྣམ་བུའི་ལག་ཤེས་དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་དར་བ་དང་ད་བར་ལོ་ངོ་ ཆིག་སྟོང་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རེད་ཞེས་གསུང་སྲོལ་ཡང་འདུག

    སྣམ་བུ་དེ་ཡང་སྔར་ནས་ད་བར་བོད་མི་རིགས་ཀྱིས་མཐོང་ཆེན་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་ད་ལྟ་ཡང་མ་ཉམས་པར་བོད་ཀྱི་ཡུལ་གྲུ་གང་སར་གྱོན་མཁན་མང་པོ་ཡོད་ལ་དར་སོ་ཡང་ཆེ་བ་དང་སྣམ་བུས་བཟོས་པའི་་གྱོན་ཆས་ཡང་ཆེས་ལེགས་གྲས་ཞིག་ཏུ་བརྩི་ཀྱིན་ཡོད་པ་རེད། ཁ་རྒྱུན་དུ་གྲ་ནང་སྣམ་བུའི་ཕ་ཡུལ་ཡིན་ཟེར་སྲོལ་ཡོད་པས་མིང་དེ་ཇི་ལྟར་བྱུང་མིན་ཐད་ང་ཚོ་གསར་འགོད་པ་ཡང་ཤེས་འདོད་ཀྱི་བློ་དྲག་པོ་ཞིག་སྐྱེས་བྱུང་བས། དེ་རྗེས་ང་ཚོ་རྫོང་གི་རོགས་སྐྱོར་མི་སྣ་དང་མཉམ་དུ་གྲ་ནང་གྲོང་ཚོར་སྐྱོད་པ་ཡིན། ང་ཚོ་ཞིང་པའི་དུད་ཁྱིམ་ཁ་ཤས་ཤིག་ནང་དུ་སྐྱོད་པས་དུད་ཁྱིམ་འགའ་རེའི་ནང་དུ་ཐགས་ཁྲི་ཡོད་པ་དང་། གྲོང་ཚོའི་ནང་གི་སྐྱེས་ཕོ་མོ་གང་འདྲ་ཞིག་ཡིན་རུང་སྣམ་བུ་འཐག་མི་ཤེས་མཁན་གཅིག་ཀྱང་མེད་འདུག་པས་ཁ་རྒྱུན་དུ་སྣམ་བུའི་ཕ་ཡུལ་ཟེར་བ་དེ་ཡང་ཤེས་རྟོགས་གང་ལེགས་ཐུབ་བྱུང་།

    གྲོང་མི་ཚེ་དབང་རྒྱལ་པོ་ལགས་ཁོང་གི་ད་ལྟའི་འཚོ་བའི་ཐད་དཀའ་ངལ་ཅི་ཡང་མེད་པ་ནི་ཁོང་གི་ཁྱིམ་ཚང་ནང་སྒྲིག་གཤོམས་བྱས་ཡོད་པའི་དེང་རབས་ཅན་གྱི་སྒྲིག་ཆས་ལས་ གསལ་པོར་ཤེས་ཐུབ་ཀྱི་འདུག། ཁོང་གིས་ང་ཚོར་གསུང་དོན། གྲོང་ཚོ་འདིའི་ནང་ལོ་ན་རྒན་གཞོན་ཚང་མས་སྣམ་བུ་འཐག་མི་ཤེས་མཁན་གཅིག་ཀྱང་མེད་པ་རེད། དེ་སྔ་ཡིན་ཚེ་གྲོང་ཚོའི་ནང་ཁྱིམ་ཚང་ཆ་རྐྱེན་ལེགས་པར་མ་གཏོགས་ཐགས་ཁྲི་མེད་པས་ཐོན་ཁུངས་ཕོན་ཆེན་པོ་མེད། ཡིན་ན་ཡང་རྫོང་ཨུད་དང་། རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་ཀྱི་ལག་ཤེས་བཟོ་ལས་དེར་མཐོང་ཆེན་གནང་བས་དུད་ཁྱིམ་རེ་རེའི་ནང་ཐགས་ཁྲི་སྤྲད་པ་མ་ཟད་ད་དུང་མི་གྲངས་མང་བའི་དུད་ཁྱིམ་དུ་ཐགས་ཁྲི་གཉིས་གསུམ་ཙམ་སྤྲད་ཡོད་པས་ལག་ཤེས་བཟོ་ལས་དེ་མ་ཉམས་རྒྱུད་འཛིན་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱུང་ཡོད།

    ད་ཆ་གྲོང་ཚོའི་ནང་དུ་གཙོ་གནད་ཞིང་ལས་གཉེར་སྐྱོང་གི་ཐོག་མང་ཚོགས་ཚོས་དུས་ཚོད་ཁོམ་ལོང་ཡོད་ཚེ་རིམ་བཞིན་སྣམ་བུ་འཐག་ནས་བསྡད་ཀྱི་ཡོད་ལ། ཐོན་རྫས་ཚང་མའང་བོད་ཀྱི་ས་ཕྱོགས་གང་སར་ཚོང་གཉེར་བྱེད་ཐུབ་ཀྱི་ཡོད་པས་ཁོང་ཚོའི་ལོ་རེར་སྣམ་བུ་ཁོ་ནའི་ཡོང་འབབ་ཀྱང་སྒོར་༤༠༠༠ནས་༥༠༠༠ལྷག་རག་གི་ཡོད་པར་བརྟེན་དཔལ་འབྱོར་འཕེལ་རྒྱས་དང་དངུལ་སྨར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་འབྲས་ངེས་ཅན་ཞིག་ཐོན་ཐུབ་པ་བྱུང་ཡོད།

     གྲོང་ཚོའི་ཀྲུའུ་རེན་དམ་ཆོས་ལགས་ཀྱིས་ང་ཚོར་གསུང་དོན། སྔོན་མ་ཡིན་ཚེ་སྣམ་བུ་འཐག་པའི་ལག་རྩལ་ཤིན་ཏུ་མཁས་ཀྱང་སྤྱི་ཚོགས་ཀྱི་གནས་བབ་ཞན་པས་སྣམ་བུའི་སྤུད་ཚད་དང་བཟོ་ལྟ་སོགས་ག་ཚོད་ལེགས་པོ་ཡོད་ཀྱང་རང་ཉིད་ལ་གྱོན་རྒྱུ་ནི་ཧྲལ་ཧྲུལ་ཞིག་ལས་མེད་པ་རེད།

     བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱ་གཞག་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་རེད། རྟ་ཕོར་རྒྱུགས་རྩལ་ཡོད་ཚེ་བྱང་ཐང་སྟོང་པ་ཟེར་བའི་དཔེ་ལྟར་ད་ཆ་རང་ཉིད་ལ་འཇོན་ཐང་ཡོད་ཚེ་ལས་ཀ་གང་བྱས་ཀྱང་རང་དབང་དང་། ཐོན་རྫས་ག་ཚོད་མང་པོ་ཡོད་ཀྱང་རང་ཉིད་ལ་བདག་དབང་ཡོད་པར་བརྟེན། ད་ཆ་གྲ་ནང་གྲོང་ཚོའི་མང་ཚོགས་རྣམས་གྲོང་ཚོའི་ཀྲུའུ་རེན་དམ་ཆོས་ལགས་ཀྱི་སྣེ་འཁྲིད་འོག་གྲོང་ཚོའི་ནང་གི་དུད་ཁྱིམ་ཆ་རྐྱེན་ཅུང་ཞན་པའི་མང་ཚོགས་རྣམས་བཀོད་སྒྲིག་བྱས་ཏེ། གྲོང་ཚོའི་ནང་དམངས་གཉེར་ཁེ་ལས་ཞིག་གཉེར་ཐོག་ལག་རྩལ་ལྡན་པའི་འཚེམ་བཟོའི་དགེ་རྒན་སོགས་གདན་ཞུ་བྱས་ཏེ་ན་གཞོན་ཚོར་འཚེམ་བཟོའི་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་ནས་སྣམ་བུའི་སྟོད་ཐུང་དང་། ཕྱུ་པ། པང་གདན་སོགས་བཟོ་བཞིན་ཡོད་པ་དང་། ཁོང་ཚོར་ཡང་ཟླ་རེར་བླ་ཕོག་སྤྲད་དེ་འཚོ་བའི་འགྲོ་གྲོན་ཐད་ལ་ཕན་འབྲས་ངེས་ཅན་ཞིག་ཐོན་ཐུབ་པ་བྱུང་ཡོད་ལ་དམངས་གཉེར་ཁེ་ལས་ཆུང་ཆུང་དེ་གཉེར་བ་ནས་བཟུང་མང་ཚོགས་ཚོར་ཕྱི་ཕྱོགས་སུ་ཡོང་འབབ་འཚོལ་དུ་འགྲོ་བའི་དཀའ་ངལ་ལས་གྲོལ་ཏེ། ད་ཆ་རང་ཁྱིམ་སྒོ་འགྲམ་དུ་ཞོར་ལས་འཚོལ་ས་ཡོད་པར་བརྟེན་ཁོང་ཚོར་སྟབས་བདེ་གང་ལེགས་བསྐྲུན་ཐུབ་པ་བྱུང་ཡོད།  

གྲོང་ཚོའི་མང་ཚོགས་ཀྱིས་སྣམ་བུ་འཐག་བཞིན་ཡོད་པ།

གྲོང་ཚོའི་མང་ཚོགས་ཀྱིས་སྣམ་བུ་འཐག་བཞིན་ཡོད་པ།