མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

མཚོ་སྔོན་པོའི་འགྲམ་གྱི་ཕྱུག་བསྒྱུར་སྣེ་ཁྲིད་པ།

—གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱི་གནས་ཚུལ་བཀོད་པ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2012-03-18 10:42

ཁེ་ལས་པ་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ།

ད་ལོར་ལོ་བཞི་བཅུར་ལོན་པའི་དཔལ་མཁར་རྒྱལ་གྱི་གཅེས་མིང་ལ་དཔལ་བྷོ་ཟེར་ཞིང་། དཔལ་བྷོ་ནི་རབ་འོག་མ་སྡེ་བའི་ནང་གི་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མ་དང་པོ་རེད། 1996ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ཕྱིར་རྩྭ་ཐང་དུ་ལོག་པ་དང་། སྔ་གཞུག་ཏུ་སྤྲེལ་ནག་ཞང་དང་ཆབ་ཆ་ཞང་ནས་དྲུང་ཡིག་བྱས། 2004ལོར་གོ་སྐབས་དམ་འཛིན་བྱས་ནས་ཁང་གཞིས་ཐོན་ལས་ཀུང་ཟི་ཞིག་ཐོ་འགོད་བྱས་པ་དང་ཁང་གཞིས་ཐོན་ལས་གཉེར་བའི་ཐད་མ་དངུལ་སྒོར་ས་ཡ་ལྷག་བཏང་།

2010ལོའི་ལོ་མགོར། རབ་འོག་མ་སྡེ་བའི་མང་ཚོགས་ཁ་ཤས་ཤིག་དཔལ་བྷོའི་ཀུང་ཟི་ནང་སོང་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་ཁོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པའི་གདན་འདྲེན་ཞུས་པ་དང་། ཏང་ཡོན་ལས་བྱེད་པ་ཁྲིད་ནས་རབ་འོག་མ་སྡེ་བའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་དགོས་བའི་རེ་བ་བཏོན།

ལྷག་བསམ་རྣམ་དག་གི་གདན་འདྲེན་ཞུས་པ་དེས། དུས་རྒྱུན་དུ་སེམས་ཐག་གཅོད་སླ་བའི་དཔལ་བྷོ་འདང་རྒྱག་གི་ནང་དུ་ལྷུང་། དེ་ལྟར་ཉིན་འགའ་འགོར་རྗེས་རྒྱ་ལོ་ཚེ་བཞིའི་ཉིན་རབ་འོག་མ་སྡེ་བའི་མཚན་སྙན་མཐོ་བའི་རྒན་པ་འགའ་དཔལ་བྷོ་ཚང་ལ་ཡོང་ནས“ཁྱོད་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་མ་ཁུར་ན། ཕྱིན་ཆད་སྡེ་བའི་འཕེལ་རྒྱས་ལ་གནོད་པ་བྱུང་ན་ཁྱོད་ཀྱིས་འགན་འཁུར་དགོས”ཟེར།

སྐད་ཆ་དེར་ཉན་ན་མགོ་སྐོར་འཇིགས་སྐུལ་གྱི་སྐད་ཆ་ཡིན་པ་ཤེས་འདུག་མོད། འོན་ཀྱང་སེམས་བཟང་བའི་དཔལ་བྷོས་སྡེ་དམངས་ཚང་མར་བསམས་ཏེ། སེམས་ཐག་བཅད་ནས་ཕྱིར་སྡེ་བར་ལོག་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པ་རེད།

དབུལ་ཕོངས་སྡེ་བ་ནས་མིག་དཔེ་སྡེ་བར་གྱུར།

ད་ལོའི་ཟླ་གསུམ་པར། སྡེ་བའི་ལས་བྱེད་པ་སྐབས་བརྗེ་འདེམ་བསྐོ་བྱེད་དུས། ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པའི་དཔལ་བྷོས་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་རེད།

ཕྱོགས་མང་པོར་རྟོག་ཞིབ་བྱས་པ་དང་རང་སྡེ་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དཔལ་བྷོས་སྡེ་བའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་མཉམ་ལས་ཁང་འཛུགས་རྒྱུའི་ཐག་བཅད། ཁོས་བསམ་ཚུལ་དེ་མང་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་ཁྱབ་བསྒྲགས་བྱས་རྗེས། མང་ཚོགས་ཚང་མ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་པར་འཐད་པ་བྱུང་།

སྲོལ་རྒྱུན་གྱི་ཕྱུགས་ལས་ནས་དེང་རབས་ཅན་གྱི་ཕྱུགས་ལས་སུ་བསྒྱུར་ན། ཐོག་མར་རོང་འབྲོག་པའི་བསམ་བློ་རྙིང་བ་དེ་བསྒྱུར་རྒྱུ་ཧ་ཅང་གལ་ཆེ་ཞིང་དཀའ་ངལ་ཡང་མང་པོ་ཡོད། དེ་བས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་ཏང་ཡོན་སོ་བཞི་ཡིས་སྣེ་ཁྲིད་ནས་མཉམ་ལས་ཁང་གི་འཛུགས་སྐྲུན་ནང་ཞུགས་པ་རེད། སྡེ་དཔོན་ཚེ་སྐྱོང་ཕུན་ཚོགས་དང་སྡེ་དཔོན་གཞོན་པ་སྐལ་འབུམ་ཐར། ཧྲུའུ་ཅི་གཞོན་པ་སྙིང་འབུམ་རྒྱལ། རྩིས་གཉེར་པ་བཙུན་ཐར་རྒྱལ་སོགས་ཁྱིམ་ཚང་རེ་རེར་སོང་ནས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པར་མ་ཟད། ད་དུང་སྡེ་དམངས་ཁྲིད་ནས་མཉམ་ལས་ཁང་བསྒྲུབས་ཚུལ་བཟང་བའི་ཐེམ་ཆེན་རྫོང་དང་ཆི་ལེན་རྫོང་སོགས་ས་ཁུལ་དུ་སོང་ནས་རྟོག་ཞིབ་བྱས། སྡེ་བའི་ན་གཞོན་འགའ་སྐུལ་ཁྲིད་བྱས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁོ་ཚོར་འདུ་ཤེས་གསར་བ་དང་ལེན་བྱེད་དུ་བཅུག གོ་སྐོན་བློ་འགུག་གི་སློབ་གསོའི་བྱ་བ་ཡང་ཡང་སྤེལ་རྗེས་ཕན་འབྲས་མངོན་གསལ་ཐོབ་སྟེ། མང་ཚོགས་ཚང་མ་མཉམ་ལས་ཁང་ནང་ཞུགས་པ་དང་། རོང་འབྲོག་པ་མཉམ་ལས་ཁང་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས།

སྔར་ཡོད་ཀྱི་འབྲོག་པ་ཁྱིམ་ཚང་གི་གྲངས་ཀ་ལྟར། མཉམ་ལས་ཁང་གིས་ཐོན་སྐྱེད་བདག་གཉེར་ཚན་ཆུང་ལྔ་བཙུགས། དེའི་ནང་ཕྱུགས་ལས་བདག་གཉེར་ཚན་ཆུང་ནང་མི་བརྒྱ་དང་གོ་གཉིས་ཡོད་པ་དང་། འདེབས་འཛུགས་ལས་རིགས་བདག་གཉེར་ཚན་ཆུང་ནང་མི་བཅུ་གཅིག ནོར་ལུག་ཚོ་གསོ་ཚན་ཆུང་ནང་མི་དོན་ལྔ། ངལ་རྩོལ་པ་གནས་གཞན་ལ་སྐོར་བའི་ཚན་ཆུང་ནང་མི་བཞི་བརྒྱ་བརྒྱད་ཅུ། ཐོན་ལས་གཉིས་པ་དང་གསུམ་པ་བདག་གཉེར་བའི་ཚན་ཆུང་ནང་མི་སོ་ལྔ་བཅས་ཡོད།

སྐྱེ་ཁམས་ཕྱུགས་ལས་བདག་གཉེར་གྱི་དཔེ་དབྱིབས་གསར་བ་ཞིག་རབ་འོག་མ་སྡེ་བ་ནས་དངོས་སུ་ཆགས་པ་རེད།

དཔལ་བྷོས་བཤད་རྒྱུར། མཉམ་ལས་ཁང་འཛུགས་པའི་དམིགས་ཡུལ་ནི་ཚང་མའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཚང་མ་ཕྱུག་པོའི་ལམ་དུ་སྣེ་ཁྲིད་རྒྱུ་དེ་ཡིན་ཟེར།

ཁོས་འཇོན་མི་མང་པོ་གདན་འདྲེན་བྱས་པར་མ་ཟད། ད་དུང་ཁོ་ཚོར་མ་རྐང་བགོས་ནས་མ་དངུལ་གཏོང་དུ་བཅུག དཔལ་བྷོས་བཤད་རྒྱུར། “སྡེ་བར་མ་དངུལ་མེད་མོད། འོན་ཀྱང་ཐོན་ཁུངས་མོད་པོ་ཡོད། དཔེར་ན་བྱེ་རྡོ་བཟོ་གྲྭ་ལ་མཚོན་ན། ངས་ཀུང་ཟི་གདན་འདྲེན་བྱས་ནས་མ་དངུལ་སྒོར་ས་ཡ་གསུམ་ལྷག་བཏང་བ་ཡིན་པ་དང་། ཕན་འབྲས་ཐོབ་རྗེས་སྡེ་བའི་ཐུན་མོང་ལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་སྤྲད། ད་ལྟ་སྡེ་བའི་རྒན་གསོ་ཉེན་འགོག་མ་དངུལ་དང་སྨན་བཅོས་ཉེན་འགོག སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་འཛུགས་སྐྲུན་གྱི་རང་གིས་མ་དངུལ་གསོག་པའི་གནད་དོན་དང་། ནད་སྟོན་དཀའ་བའི་གནད་དོན། སློབ་གྲྭ་ཆེན་མོ་བའི་སློབ་རིན་དཀའ་བའི་གནད་དོན་ཚང་མ་སྡེ་བས་ཐག་གཅོད་ཀྱིན་ཡོད”ཟེར།

རབ་འོག་མ་སྡེ་བ་ཡོངས་སུ་ཁྱིམ་ཚང་སུམ་བརྒྱ་ཞེ་གཅིག་དང་མི་གྲངས་སྟོང་གཅིག་བཞི་བརྒྱ་གོ་དགུ་ཡོད། 2010ལོའི་ལོ་མཇུག་ཏུ་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་གསུམ་དགུ་བརྒྱ་གོ་དགུ་རུ་བསླེབས།

རྩྭ་ཐང་སྟེང་གི་བསྟོད་གླུ།

དཔལ་བྷོས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པའི་ཚུན་དུ། རྩྭ་ཐང་སྲུང་སྐྱོབ་དང་དཔལ་འབྱོར་དུས་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་ཆེད། ཁོས་རྩྭ་ཕྱུགས་ར་བར་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་པས། “མཛེས་ལྗོངས་དང་དཔལ་འབྱོར་མཉམ་དུ་འཕེལ་བ”རྒྱུན་འཁྱོངས་བྱས།

སྐྱེ་ཁམས་ཕྱུགས་ལས་ལ་མཚོན་ན། དཔལ་བྷོས་དུས་རྒྱུན་དུ་སྡེ་དམངས་ལ་བཤད་རྒྱུར། སྐྱེ་ཁམས་ཕྱུགས་ལས་ཀྱིས་ཐོག་མར་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཇི་ལྟར་སྲུང་སྐྱོང་བྱ་དགོས་ཞེ་ན། ང་ཚོས་ཐོག་མར་རང་གི་ཕྱོགས་ནས་གནད་དོན་བཙལ་དགོས་ཟེར།

ཐོག་མར་སྡེ་བའི་གད་སྙིགས་གཙང་སེལ་བྱ་དགོས། གད་སྙིགས་ཚང་མ་གཙང་སེལ་བྱེད་པའི་ཉིན་མོ་ཞིག་གཏན་འཁེལ་བྱས་པ་དང་། ཟླ་རེའི་ཉིན་དང་པོར་མི་བཅོ་ལྔ་ཡིས་གད་སྙིགས་གཙང་སེལ་བྱས་པས་སྡེ་བའི་རྣམ་པ་སྔར་ལས་ཇེ་ཡག་ཏུ་གྱུར།

ད་ལྟ། ཁོའི་བྱ་སྤྱོད་ལེགས་པོ་ཚང་མར་སྡེ་དམངས་ཚང་མས་རྒྱབ་སྐྱོར་ཐོབ་པ་རེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཏན་འཁེལ་བྱས་པའི་སྡེ་སྲོལ་དམངས་ཆིངས་དོན་ཚན་སོ་གཅིག་རིམ་བཞིན་ལག་ལེན་བྱེད་བཞིན་ཡོད་པ་དང་། འབྲོག་པ་བསོད་ཁོས་བཤད་རྒྱུར། དཔལ་བྷོ་ཧྲུའུ་ཅིས་བཤད་པར་ང་ཚོ་ཚང་མ་ཡིད་ཆེས་ཟེར།

ལས་སྐྲུན་བྱེད་སྲོལ་ཡག་ན་དམངས་སྲོལ་ལེགས་བཅོས་བྱེད་ཐུབ། ད་ལྟ། རབ་འོག་མ་སྡེ་བ་རུ་ཤོ་རྒྱག་པའི་གནས་ཚུལ་ངན་པ་མེད་པ་དང་། ཕྱིར་སོང་ནས་གླ་རྒྱག་པ་དང་རང་ཡུལ་ནས་ལས་སྐྲུན་བྱེད་པའི་མི་ཇེ་མང་དུ་སོང་། འཆམ་མཐུན་འགྲིག་མཐུན་བྱེད་པ་ཇེ་མང་དུ་སོང་བས་གང་ས་གང་ནས་ཀྱང་དགའ་འོས་པའི་རྣམ་པ་མཐོང་ཐུབ།

དཔལ་བྷོས་བཤད་རྒྱུར། “ངས་བལྟས་ན། ང་ཚོའི་སྡེ་བ་འཕེལ་རྒྱས་སུ་གཏོང་དགོས་ན། ཐོག་མར་འབྲོག་པ་ཕྱུག་པོར་བསྒྱུར་དགོས་བ་མ་ཟད་སྡེ་བ་འཆམ་མཐུན་ཡིན་དགོས། ད་ལོར་ང་ཚོའི་སྡེ་བ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བར་གྱུར་ཡོད་མོད། འོན་ཀྱང་ངའི་དམིགས་འབེན་ནི་བོད་ཀྱི་ས་ཁུལ་ཚང་མ་ཡིན་ལ། ཐོན་ལས་འཕེལ་རྒྱས་འབྱུང་བ་དང་མང་ཚོགས་བདེ་སྡོད་ལས་བརྩོན་བྱེད་པའི་རྣམ་པ་ཞིག་ཆགས་རྒྱུ་དེ་ཡིན”ཟེར། །