མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བརྒྱད་ལག་བསྟར་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-03-28 11:19

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བར་ཞིབ་འཇུག་བྱས། གསར་འགོད་པས་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་ཀྱི་སྲིད་ཇུས་བཟང་བོ་བརྒྱད་ལག་བསྟར་བྱས་ཏེ། ལས་ཞུགས་ཀྱི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ་དང་། ལས་ཞུགས་ཀྱི་ཁོར་ཡུག་ལེགས་བཅོས་བཟང་བོ་བྱས་ནས། ལོ་ནང་དུ་མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་ལྔ་སྟོང་དྲུག་གསར་དུ་འཕར་སྣོན་བྱེད་པ་དང་། ལས་ཤོར་མི་སྣ་ཁྲི་གཉིས་སྟོང་ལྔ་ཡང་བསྐྱར་ལས་ཀར་ཞུགས་པ། དཀའ་ཁག་ཆེ་བའི་ལས་ཞུགས་མི་སྣ་སྟོང་གསུམ་ཡང་བསྐྱར་ལས་ཀར་ཞུགས་པ། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་གཉིས་ནང་དུ་ཚོད་འཛིན་བྱེད་རྒྱུ་རེད། ད་ལོར་ལག་བསྟར་བྱེད་པའི་བྱེད་ཐབས་བརྒྱད་པོ་དེ་དག་ནི།

གཅིག མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་ཞུགས་ཀྱི་དམིགས་བསལ་འཐབ་ཇུས་དངོས་འབེབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁྲོད་ཀྱི་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་པར་སྐུལ་འདེད་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་བྱ་བའི་མགོ་བརྩམས་ཏེ། ཟི་ལིང་དཔལ་འབྱོར་གསར་སྤེལ་ས་ཁུལ་དང་མཚོ་ཤར་བཟོ་ལས་ས་ཁུལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་སོགས་དཔལ་འབྱོར་ས་ཁུལ་གསུམ་དང་བཟོ་ལས་ས་ཁུལ་བཅུ་གཅིག་ཏུ་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལྟེ་གནས་འཛུགས་པ་དང་། དུས་ཐོག་ཏུ་མི་སྣ་ལས་རྐང་དུ་མངགས་ནས་ཞབས་ཞུ་བྱེད་པ་མ་ཟད། ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱུན་ཆད་མེད་པར་བཟོ་ལས་ས་ཁུལ་དང་ཁེ་ལས་སོགས་སུ་མི་སྣ་བཀོལ་སྤྱོད་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ངལ་རྩོལ་པའི་ལས་ཞུགས་དཀའ་བ་དང་ཁེ་ལས་ཀྱི་ལས་བཟོ་བ་བསྡུ་དཀའ་བའི་རྣམ་པ་བསྒྱུར་རྒྱུ་རེད།

གཉིས། སྲིད་ཇུས་དངོས་འབེབས་དང་བྱ་བའི་སྤེལ་ཤུགས་ཇེ་ཆེར་གཏོང་བ་དང་། ས་གནས་ཀྱི་གསར་སྐྲུན་དོ་དམ་བྱེད་ཐབས་ལ་མཛུབ་སྟོན་དང་དོ་དམ་བྱེད་སྟངས་ལེགས་བཅོས་བྱས་ཏེ། དོན་ངོ་མའི་སྟེང་ནས་ལས་ཞུགས་ཀྱི་སྲིད་ཇུས་བཟང་བོ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དཔལ་འབྱོར་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་དོ་དམ། ངལ་ལས་བར་ཁེ་བའི་དཔུང་སྡེ་འཛུགས་སྐྲུན་ཁྲོད་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་རེད།

གསུམ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བྱེད་པ་དེ་ལས་ཞུགས་བྱ་བའི་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སློབ་མཐར་ཕྱིན་ནས་ལས་ཞུགས་བྱེད་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་སློབ་མའི་འཕྲིན་གསར་འབྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་པ་དང་། མིང་ངོ་མ་འགོད་པའི་ལམ་ལུགས་རྨང་གཞི་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྡོམ་རྩིས་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་ཤོར་ཐོ་འགོད་ལམ་ལུགས་ཁྱོན་ཀུན་ནས་སྤེལ་ཏེ། མུ་མཐུད་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་ལས་འགན་འཁུར་བ་དང་། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག ཆེད་བཙུགས་ལས་རྐང་གི་དགེ་རྒན། མཚོ་སྔོན་ལྷོ་ཕྱོགས་ཀྱི་འཆར་འགོད་སོགས་གཞི་རིམ་གྱི་ཞབས་ཞུ་ལས་གཞི་ལག་བསྟར་བཟང་བོ་བྱེད་པ། ཁེ་ལས་འབྲིང་ཆུང་དང་གཞུང་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་ཁེ་ལས་སུ་ལས་ཞུགས་བྱེད་དུ་འཇུག་པར་སྐུལ་མ་གཏོང་བ་དང་། གཞི་རིམ་གྱི་ཞབས་ཞུ་ལས་རྐང་དང་ལྟ་སྦྱོང་ལས་རྐང་ཤུགས་ཆེན་པོས་གསར་སྤེལ་བྱས་ཏེ། ལས་ཞུགས་བྱེད་དཀའ་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་གནད་སར་བཞག་ནས་ཐག་གཅོད་བྱེད་པ། མུ་མཐུད་དུ“སློབ་གྲྭ་ཆེན་མོ་བའི་ལས་བསྐྲུན་སྣེ་ཁྲིད་འཆར་གཞི”དང“ལས་བསྐྲུན་གསོ་སྦྱོང་སློབ་གྲྭར་བསྐྱོད་པའི”བྱ་འགུལ་སྤེལ་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་གིས་ལས་ཀ་འཚོལ་བར་རྒྱབ་སྐྱོར་བྱེད་པ། མུ་མཐུད་དུ་བོད་རིགས་འདུས་སྡོད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་ཤུགས་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། ཡུས་ཧྲུའུ་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཚོད་ལྟའི་བྱ་བ་སྤེལ་ཏེ། སྟོབས་ཤུགས་ཡོད་དགུས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་ཡར་སྐུལ་བྱེད་རྒྱུ་རེད།

བཞི། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལས་ཀ་གཞན་ལ་བསྐོར་བའི་ལས་ཞུགས་བྱ་བའི་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལས་རིགས་གསོ་སྦྱོང་དང་ལས་རིགས་ཞབས་ཞུ། ངལ་རྩོལ་དབང་ཆ་སྲུང་སྐྱོབ་བཅས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་ས་དེ་གར་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་དང་། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་ཀ་གཉེར་བ། རིམ་པ་བཞིན་མཁར་གྲོང་དུ་སོང་ནས་ལས་ཀ་གཉེར་བར་སྐུལ་འདེད་བྱེད་པ། ངལ་ལས་མིང་རྟགས་མིང་གྲགས་ཅན་གསར་སྤེལ་བྱས་ཏེ། མུ་མཐུད་དུ་ཞིན་ཅང་ས་ཁུལ་དུ་སོང་ནས་སྲིང་བལ་འཐུ་བ་དང་མཚོ་ནུབ་ཁུལ་དུ་སོང་ནས་འདྲེ་ཚེར་མ་འཐུ་བའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ས་ཁུལ་དུ་ལས་བཟོ་བ་མཁོ་བའི་གནས་བབ་དང་ཟུང་དུ་འབྲེལ་ཏེ། འཕྲིན་གསར་ཞབས་ཞུ་དང་ནུས་རྩལ་གསོ་སྦྱོང་། ངལ་རྩོལ་པ་མངག་གཏོང་སོགས་ཀྱི་བྱ་བ་གནད་སར་བཞག་ནས་བཟང་བོར་སྒྲུབ་པ་དང་། ལས་ཞུགས་འབྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་རྒྱུ་རེད།

ལྔ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་མཁར་གྲོང་དུ་སོང་ནས་ལས་ཀ་གཉེར་བའི་ཞིང་སྡེའི་ངལ་རྩོལ་པ། ལས་ཞུགས་བྱེད་དཀའ་བའི་མི་སྣ་བཅས་གནད་སར་བཞག་ཏེ། འབྲེལ་ཡོད་སྡེ་ཁག་དང་ཚོགས་པ་སོགས་ལ་མཉམ་འབྲེལ་སྒོས“ལས་ཞུགས་རོགས་སྐྱོར་ཟླ་བ”དང“དམངས་གཉེར་ཁེ་ལས་ཀྱིས་མི་སྣ་བསྡུ་བའི་གཟའ་འཁོར”“མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ཟླ་བ”སོགས་སྤྱི་པའི་ལས་ཞུགས་དང་ཤེས་ཡོན་ཅན་གྱི་ཞབས་ཞུའི་ཆེད་དམིགས་བྱ་འགུལ་མུ་མཐུད་དུ་སྤེལ་རྒྱུ།

དྲུག ངལ་རྩོལ་པའི་ལས་བསྐྲུན་ལ་སྐུལ་མ་གཏོང་བའི་ནོར་ཁྲལ་དང་དངུལ་རྩ། བཟོ་ཚོང་། ལས་ར་སོགས་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱས་ཏེ། ལས་བསྐྲུན་གྱི་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་པ་དང་། “སློབ་གྲྭ་ཆེན་མོ་བའི་ལས་བསྐྲུན་སྣེ་ཁྲིད་ཀྱི་འཆར་འགོད”དང“ལས་བསྐྲུན་གསོ་སྦྱོང་སློབ་གྲྭར་བསྐྱོད་པ”“ལས་བསྐྲུན་གསོ་སྦྱོང་སྡོད་ཁུལ་དུ་བསྐྱོད་པ”བཅས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པ་དང་། ཆ་ཚང་སྲིད་ཇུས་འཐུས་ཚང་དུ་བཏང་ཏེ། རྒྱུན་ཆད་མེད་པར་མཚོ་སྔོན་ཞིང་ཆེན་གྱི་ལས་བསྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རོང་འབྲོག་པའི་ལས་སྐྲུན་ལ་རོགས་སྐྱོར་དང་སྐུལ་མ་གཏོང་བའི་སྲིད་ཇུས་བྱེད་ཐབས་གཏན་ཁེལ་དང་འགྲེམ་སྤེལ་བྱས་ཏེ། རོང་འབྲོག་པ་མང་ཚོགས་རང་ཉིད་ཀྱིས་ལས་ཀ་འཚོལ་བར་ཡར་སྐུལ་བྱེད་པ། གཞན་ད་དུང་ཟི་ལིང་དང་ན་གོར་མོ་གྲོང་ཁྱེར་གྱིས་ལས་བསྐྲུན་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དེ་དཀྱིལ་སྙིང་དུ་བརྩིས་ནས། ཧུར་ཐག་གིས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་དང་ལས་བསྐྲུན་ཞབས་ཞུ། ལས་བསྐྲུན་ཁོར་ཡུག་གསར་བསྐྲུན་བྱེད་པའི་ཐད་གསར་བསྐྲུན་འཚོལ་ཞིབ་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་དུ་ཁྱིམ་ཚང་གི་ཞབས་ཞུ་ལས་རིགས་ཀྱི་ཚོད་ལྟ་བྱེད་པའི་རྨང་གཞིའི་སྟེང་། དུས་ཐོག་ཏུ་ཉམས་མྱོང་ཁྱབ་སྤེལ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཆ་རྐྱེན་ཡོད་པའི་ས་ཁུལ་གདམ་གསེས་བྱས་ཏེ་བྱ་བ་སྤེལ་རྒྱུ།

བདུན། ལས་ཞུགས་རོགས་སྐྱོར་གྱི་ལམ་ལུགས་དང་ཡུན་རིང་དུ་ཕན་པ། ཞིབ་ཚགས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་ཞུགས་བྱེད་དཀའ་བའི་མི་སྣ་དང་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་གི་ཐོ་འགོད་གཏན་ཁེལ་དང་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་ཏེ། སྤྱི་ཕན་རང་བཞིན་གྱི་ལས་རྐང་འོས་འཚམ་སྒོས་གསར་སྤེལ་བྱེད་པ་དང་། ལས་རྐང་གི་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཉེན་ཚབ་ཀྱི་ཁ་གསབ་སོགས་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་ཁྱོན་ཀུན་ནས་དངོས་འབེབས་བྱེད་པ། དབང་བོ་སྐྱོན་ཅན་པའི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ་དང་། ཐབས་ལམ་མང་པོ་ནས་དབང་བོ་སྐྱོན་ཅན་པའི་ལས་ཞུགས་ལ་ཡར་སྐུལ་བྱེད་རྒྱུ།

བརྒྱད། མཁར་གྲོང་གི་སྤྱི་པའི་ལས་ཞུགས་དང་ཤེས་ཡོན་ཅན་གྱི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ཏེ། གཞི་རིམ་གྱི་སྤྱི་པའི་ལས་ཞུགས་དང་ཤེས་ཡོན་ཅན་གྱི་ཞབས་ཞུ་བྱ་བའི་སྟེགས་བུ་འཛུགས་སྐྲུན་ལ་ཁྱོན་ཀུན་ནས་སྐུལ་འདེད་བྱེད་པ་དང་། སྤྱི་པའི་ལས་ཞུགས་དང་ཤེས་ཡོན་ཅན་གྱི་ཞབས་ཞུ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། སྤྱི་པའི་ལས་ཞུགས་དང་ཤེས་ཡོན་ཅན་གྱི་ཞབས་ཞུ་འཕྲིན་གསར་མ་ལག་འཛུགས་པ་དང་། ལས་ཤོར་མི་སྣ་དང་ལས་ཞུགས་ཀྱི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་པའི་མི་སྣ་ཐོ་འགོད་བྱེད་པ་གཙོ་ཡིན་པའི་ལས་ཞུགས་ཀྱི་འཕྲིན་གསར་ལྟ་སྐུལ་ཚད་ལེན་ལམ་ལུགས་འཐུས་ཚང་དུ་བཏང་ཏེ། ས་གནས་སོ་སོས་ལས་ཞུགས་འཕྲིན་གསར་གྱི་སྤྱི་པའི་ཞབས་ཞུ་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་པར་མཛུབ་སྟོན་བྱེད་རྒྱུ་བཅས་རེད།  །