མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

ཧུར་ཐག་གིས་རྒྱལ་ཁབ་རིམ་པའི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་དགོས།

—རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ཅཱིན་ཧེ་ལ་བཅར་འདྲི་བྱས་པའི་གནས་ཚུལ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-03-28 11:19

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ཅིན་ཧེ་ཡིས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཚོགས་སྟེང་བསམ་འཆར་འདོན་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏེ་རྒྱལ་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་དུ་བདམས་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚད་རིམ་ནས་ཞིབ་འཇུག་བྱས་ཏེ། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་འཆར་འགོད་གཏན་འབེབ་བྱས་བྱས་ཤིང་། རྒྱལ་ཡོངས་ཀྱི་མཐོ་སྒང་ས་ཁུལ་གྱི་དེང་རབས་ཕྱུགས་ལས་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་བཏང་ནས། བོད་ཁུལ་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།

“མཚོ་བྱང་ཁུལ་ནི་མཚོ་སྔོན་པོའི་བྱང་རྒྱུད་དང་། མདོ་ལ་རི་འདབས་སུ་གནས་ཡོད་པ་དང་། ས་བབས་ཀྱི་ཁྱད་སྟོབས་དང་འགྲིམ་འགྲུལ་གྱི་ཁྱད་སྟོབས་ཧ་ཅང་མངོན་གསལ་ཡིན་ཏེ། མཚོ་ངོས་ལས་མུས་བཞི་སྟོང་ཡོད་པའི་མཚོ་སྔོན་གྱི་ལྷོ་རྒྱུད་ས་ཁུལ་དང་བསྡུར་ན། མཚོ་བྱང་ཁུལ་དུ་རང་བྱུང་གནོད་འཚེ་ཅུང་ཉུང་བ་དང་། རང་སྐྱོང་ཁུལ་གྱི་ཕྱུགས་ལས་ཐད་ལོ་རེའི་ཡོང་སྒོ་ཧ་ཅང་བཟང་ལ། མཐོ་སྒང་གི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ཡང་ཧ་ཅང་བཟང་།”

ཡན་ཅཱིན་ཧེ་ཡིས་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུའི་དུས་མཇུག་གི“ཆ་ཚང་སྒྲིག་ཆས་བཞི” དང་། དེའི་རྗེས་ཀྱི“ཆ་ཚང་སྒྲིག་ཆས་ལྔ”། “ཆ་ཚང་སྒྲིག་ཆས་བདུན།” དེ་མིན་ཉེ་བའི་ལོ་འགའི་རིང་གི“ཤར་གཏོང་གསུམ་དང་ཡོད་པ་བཞི། ཆ་ཚང་སྒྲིག་ཆས་ལྔ” བཅས་ཀྱིས། མཚོ་བྱང་ཁུལ་གྱི་ཕྱུགས་ལས་རྨང་གཞིའི་སྒྲིག་ཆས་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་བཞིན་ཡོད་པས། ད་ལྟ། ཁུལ་ཡོངས་སུ་འབྲོག་པ་གཏན་སྡོད་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་དང་། བརྒྱ་ཆའི་བརྒྱད་བཅུའི་འབྲོག་པར“ཆ་ཚང་སྒྲིག་ཆས་ལྔ” མངོན་འགྱུར་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་ཐག་རིང་ཚད་སྤྱི་ལེ་གཅིག་དང་གྲངས་ཆུང་གཉིས་ཀྱི་ནང་ཁུལ་དུ་ཚོད་འཛིན་བྱས་ཡོད། ཁུལ་ཡོངས་སུ་གཞུང་ལམ་སྤྱི་ལེ་སྟོང་གསུམ་དང་སུམ་བརྒྱ་གོ་བརྒྱད་ལ་སླེབས་ཡོད་པ་དང་། ཕྱོགས་ཡོངས་ནས་ཧུར་བརྩོན་བྱས་ཏེ་གློག་མེད་པའི་སྡེ་བ་གཅིག་ཀྱང་མེད་པར་བྱས་པ་དང་། དབྱར་དགུན་གྱི་རྩྭ་ས་ཚང་མར་ལྕགས་ར་སྐོར་བ་དང་། འབྲོག་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱུགས་སྤྱིལ་ཁང་ལས་ཚད་བརྒྱ་ཆའི་བདུན་བཅུ་ལ་སླེབས་ཡོད་པས། ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།

ཡན་ཅཱིན་ཧེ་ཡིས་བཤད་རྒྱུར། “དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ལོ་མང་པོའི་རིང་ཕྱུགས་སྤྱིལ་ཁང་བ་འཛུགས་སྐྲུན་བྱས་པ་དང་། ཚན་རིག་ལྟར་ཕྱུགས་གསོ་བའི་ལག་རྩལ་དང་དེ་མིན་ཚོང་རའི་དཔལ་འབྱོར་གྱི་ཁྲོད་སྦྱོང་བརྡར་ཐོབ་པས། རྩྭ་ས་འཛུགས་སྐྲུན་ཏེ་ལས་རིགས་ཅིག་ཏུ་བརྩིས་ནས། རྩྭ་ཕྱུགས་དོ་མཉམ་དང་། སྐྱེ་དངོས་སྲུང་སྐྱོབ། ཕྱུགས་ལས་ཕན་འབྲས་བཅས་ཀྱི་ཐད་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ཏེ་མཚོ་བྱང་ཁུལ་གྱི་མི་རྣམས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གསལ་བོར་གནས་ཡོད”ཟེར།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་ཤུགས་ཆེན་པོས་རྩྭ་ཕྱུགས་དོ་མཉམ་ཡིན་པ་དེ་ནང་དོན་གཙོ་བོ་བྱས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ2011ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་སྔ་རྗེས་སུ་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་པ་དང་། ཐོན་སྐྱེད་ཀྱི་བདག་གཉེར་རྣམ་པ་བསྒྱུར་བ་དེ་ཐོད་བརྒལ་བྱེད་ས་ཞིག་ཏུ་རྒྱུན་འཁྱོངས་བྱས་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་རྩྭ་སར་ལྕགས་ར་སྐོར་བ་དང་། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་གསབ་འདེབས་བྱེད་པ། ས་ཁུལ་བགར་ནས་ཕྱུགས་འཚོ་བ་དང་དེ་མིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་ནས། རང་བྱུང་རྩྭ་ཐང་གི་ཚད་བརྒལ་གྱི་ཕྱུགས་འཚོ་སྟངས་ཇེ་ཉུང་དུ་བཏང་ནས་ཕྱུགས་སྤྱིལ་ཁང་དུ་ཕྱུགས་གསོ་བ་དང་། ཧུར་ཐག་གིས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་བཏང་སྟེ། ཁུལ་ཡོངས་སུ་ལུ་གུ་ཆེད་ལས་ཅན་གྱི་ཐོན་སྐྱེད་སྐོར་ཞིག་དང་། བལ་འཇམ་ལུག་དང་བལ་ཕྱེད་འཇམ་ལུག བོད་ལུག་གསོ་སྤེལ་དང་དེ་མིན་བཞོན་མ་དང་ཕག་གསོ་སྤེལ་གཙོར་བྱས་པའི་ཁྱད་ལྡན་གསོ་སྤེལ་རྟེན་གཞི་བཙུགས་ཡོད།

ད་དུང་། སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག རིགས་སོ་སོའི་ཞིང་ཕྱུགས་ལས་ཁེ་ལས་གཙོ་བོ་འཕེལ་རྒྱས་སུ་གཏོང་བ་དང་ཆེད་ལས་དཔལ་འབྱོར་མཉམ་ལས་རྩྭ་འཛུགས་འབུར་དུ་ཐོན་པར་བྱས་ནས། ཕྱུགས་ལས་ཀྱི་འཇོན་མི་དང་བར་ཁེ་བའི་དཔུང་སྡེ་གསོ་སྐྱོང་བྱས་པས། སྲིད་གཞུང་གི་འགན་ནུས་སྡེ་ཁག་གཙོ་བོ་ཡིན་པ་དང་། ཞིང་ཕྱུགས་ལས་ཀྱི་ཁེ་ལས་གཙོ་བོ་དང་ཆེད་ལས་མཉམ་ལས་རྩ་འཛུགས་རྨང་གཞི་ཡིན་པ། སྤྱི་ཚོགས་ནུས་ཤུགས་ཀྱི་ཁ་གསབ་བྱས་པའི་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཐོག་མར་ཆགས།

ཡན་ཅཱིན་ཧེ་ཡིས་བཤད་རྒྱུར། ལོ་མང་པོའི་རིང་འཕེལ་རྒྱས་བྱས་པ་བརྒྱུད། མཚོ་བྱང་ཁུལ་གྱིས་མགྱོགས་མྱུར་སྒོས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཁྱད་སྟོབས་འབུར་དུ་ཐོན་པར་བྱས་ནས། རྨང་གཞི་བརྟན་པོ་བཙུགས་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏེ་རྒྱལ་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་དུ་བདམས་པའི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་བྱས་རྗེས། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ལོ་གཉིས་ཀྱི་རིང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། འཚོལ་ཞིབ་ལག་ལེན་བྱས་པས། ཕྱུགས་ལས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་བ་དང་། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་སུ་གཏོང་བ་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཐོན་སྐྱེད་བདག་གཉེར་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། མང་ཚོགས་ཀྱི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་གོམ་སྟབས་གལ་ཆེན་ཞིག་ལ་བསྙེགས་པ་དང་། བདག་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། ལག་ལེན་གྱི་ཉམས་མྱོང་མང་པོ་བསགས་ཡོད། འོན་ཀྱང་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་བཀག་རྒྱ་ཐེབས་ཡོད་པས། ཁུལ་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་སྔར་བཞིན་ཅུང་རྗེས་ལུས་ཡིན་པ་དང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ཐད་མ་དངུལ་མི་འདང་བས། དེང་རབས་སྐྱེ་ཁམས་ཕྱུགས་ལས་སྔར་ལས་ལྷག་པར་འཕེལ་རྒྱས་སུ་གཏོང་བར་བཀག་རྒྱ་ཐེབས་ཡོད་ཟེར།

ཡན་ཅཱིན་ཧེ་ཡིས་བཤད་རྒྱུར། “དེ་བས། ངས་བསམ་འཆར་གྱི་ཁྲོད་བཏོན་པས། ལས་གཞིའི་མ་དངུལ་དང་། ཐོན་ལས་སྲིད་ཇུས། ལག་རྩལ་འཇོན་མི་སོགས་ཀྱི་ཐད་རྒྱབ་སྐྱོར་གནང་དགོས་པ་དང་། རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། མ་དངུལ་གཏོང་ཚད་ཇེ་མཐོར་བཏང་ནས། གཅིག་བསྡུས་སྒོས་ཆུ་ཚད་སྔར་ལས་མཐོ་བའི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་དགོས” ཟེར། །