མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

སྐྱེ་ཁམས་གསོ་སྤེལ་གྱིས་ཁོར་ཡུག་མཛེས་སྡུག་ཅན་དང་མི་དམངས་ཕྱུག་པའི་ལམ་དུ་བསྒྱུར།

རྩོམ་པ་པོ། ཀླུ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-04-30 12:01

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྨར་སྐམ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དེ། ཁྱིམ་མང་མཉམ་འབྲེལ་གྱིས་བདག་གཉེར་དང་། རྩྭ་འདེབས་ཕྱུགས་སྐྱོང་། སྡེ་བའི་ཁེ་ལས་མཉམ་འཛུགས་བཅས་ཀྱི་རྣམ་པར་བསྒྱུར་བས་མཚན་སྙན་ཀུན་ལ་ཁྱབ་ཡོད། གསོ་སྤེལ་བྱེད་ས་ཆུང་བ་དེར་སོང་ཚེ། ང་ཚོའི་མིག་ལམ་དུ་མཐོང་བ་ནི། གྲལ་དག་པའི་ཕྱུགས་སྤྱིལ་ཁང་སུམ་ཅུ་སོ་གཉིས་དེ་བསྟར་ཕྲེང་བསྒྲིགས་ཡོད་པས། ཧ་ཅང་གྲལ་དག་ཅིང་གཙང་མ་ཞིག་རེད། སྡེ་དཔོན་མགོན་པོས་མཚམས་སྦྱོར་བྱས་ནས་བཤད་དོན། སྨར་སྐམ་སྡེ་བར་བསྡོམས་པས་ཁྱིམ་ཚང304ཡོད་ལ། མི་གྲངས་བསྡོམས་པས1223ཡོད། ད་ལྟ་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་བསྡོམས་པས133ཡོད་པ་དང་། མི་གྲངས་བསྡོམས་པས601ཡོད། ལོ་འདི་གཉིས་ནང་བསྡོམས་པས་ཕྱུགས་སྤྱིལ་ཁང32ལས་ཤིང་། ཕྱུགས་སྤྱིལ་ཁང་རེ་རེའི་ནང་ལུག80རེ་གསོས་ཡོད་ཟེར།

རྩྭ་སའི་ཕྱུགས་ལས་ནི་ཀོས་ནན་རྫོང་གི་གཙོ་ཁྲིད་ཐོན་ལས་ཤིག་ཡིན་པས། རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་ནང་རྐྱེན་ལག་བསྟར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཐབ་ཇུས་ཀྱི་རྒྱབ་ལྗོངས་འོག་ཏུ། ཀོས་ནན་རྫོང་གིས་ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་སྤེལ་ནས། ན་ནིང་། རྫོང་ཡོངས་སུ་གཅིག་བསྡུས་སྒོས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་བྱེད་ས་བཞི་བཙུགས་པ་དང་། ཆེད་ལས་ཐད་མཉམ་ལས་བྱེད་པ་རྨང་གཞིར་བཟུང་སྟེ། ཧུར་ཐག་གིས་རྣམ་པ་མི་འདྲ་བར་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཐབས་ལམ་་ཕན་ནུས་ལྡན་པ་རེ་འཚོལ་ཞིབ་བྱས།

སྡེ་དམངས་ནོར་བུ་ནི་ལུག་གསོ་བའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཞིག་ཡིན། ཁོས་ད་ལྟ་ཆེད་དམིགས་བོད་རིགས་གྱོན་ཆས་བཟོ་བ་དང་། བོད་ལུགས་རས་གུར་སྣ་ཚོགས་བཟོ་བའི་བཟོ་འཚེམ་ཁང་ཞིག་གཉེར་བཞིན་ཡོད། ནོར་བུས་དགའ་སྤྲོ་དང་བཅས་པའི་སྒོ་ནས་ང་ཚོར་བཤད་རྒྱུར། དང་ཐོག་མཉམ་ལས་ཁང་ལ་ཞུགས་པའི་དུས་སུ་སེམས་ཁྲལ་ཅུང་ཟད་སྐྱེས་ནས། ནོར་ལུག་ཚང་མ་མཉམ་ལས་ཁང་ལ་སྤྲད་ཟིན་པ་དང་ཤུལ་ན་རང་ལ་ཅི་ཡང་མེད་པས་སེམས་ལ་དོགས་པ་སྣ་ཚོགས་སྐྱེས། ཡིན་ནའང་ན་ནིང་གི་ལོ་མཇུག་ཏུ་ཁེ་སྤོགས་སྒོར་ཁྲི་གཅིག་དང་སྟོང་གསུམ་བགོས་ཡོང་བས། དགོས་མེད་ཀྱི་སེམས་ཁྲལ་དེ་ཡང་ཡོངས་སུ་ཞི་སོང་། བུ་མོ་འབྲུག་མོས་ད་ལྟ་གསོ་སྤེལ་ས་ཁུལ་ཆུང་བར་ནོར་ལུག་བདག་སྐྱོང་བའི་ལས་ཀ་གཉེར་བཞིན་ཡོད་ལ། བུ་ཡིས་གྲོང་རྡལ་ན་གཞན་པར་རོགས་བྱས་ནས་བྱེ་མ་འདྲུད་བཞིན་ཡོད། ང་ལའང་རང་གི་འཚེམ་བཟོ་ཁང་ན་ཡོང་འབབ་ལེན་རྒྱུ་ཡོད་པས། འཚོ་བར་དཀའ་ཁག་ཅུང་ཟད་ཙམ་ཡང་མེད་ཟེར། སྨར་སྐམ་སྡེ་བར་ནོར་བུ་དང་འདྲ་བའི་འབྲོག་པ་ད་དུང་གང་མང་ཞིག་ཡོད།

སྨར་སྐམ་སྡེ་བའི་གསོ་སྤེལ་ས་ཁུལ་ཆུང་བར། མཉམ་ལས་ཁང་གིས་ཕྱུགས་རྩྭ་འདེབས་པ་དང་། ནོར་ལུག་གསོ་བ། ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པ་བཅས་གཞི་གཅིག་ཅན་དུ་གཏོང་བ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཚོང་གཉེར་བཅས་མུ་གཅིག་ཅན་དུ་གཏོང་བ། ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་འཛུགས་པ་བཅས་མངོན་འགྱུར་བྱེད་ཆེད། འབྲོག་ལས་ཚན་ཆུང་དང་། གཟན་རྩྭ་འདེབས་འཛུགས་ལས་སྣོན་ཚན་ཆུང་། ནོར་ལུག་ཚོ་གསོ་ཚན་ཆུང་བཅས་དང་། དེ་མིན་ད་དུང་ངལ་རྩོལ་པ་ཕྱི་གཏོང་ནང་འདྲེན་བྱེད་པའི་ཚན་ཆུང་བཅས་ཐོན་སྐྱེད་ཚན་ཆུང་བཞི་བཙུགས་ཤིང་། ཐོན་སྐྱེད་ཚན་ཆུང་དེ་དག་གི་ལས་བགོས་ཀྱང་མི་འདྲ་བར། སོ་སོ་རང་རང་ལ་རང་རང་གི་ལས་འགན་ཡོད། སྡེ་དཔོན་མགོན་པོས་ང་ཚོར་བཤད་རྒྱུར། མཉམ་ལས་ཁང་ལ་ཞུགས་པའི་འབྲོག་ཁྱིམ་དག་གི་ངལ་རྩོལ་ནུས་ཤུགས་ལ་ལུགས་མཐུན་གྱི་ལས་བགོས་བྱས་རྗེས། ངལ་རྩོལ་པ་ལྷག་མ་རྣམས་རྩལ་ནུས་ཀྱི་སྦྱོང་བརྡར་བྱས་པ་བརྒྱུད་ནས། ས་ཁུལ་རང་ངམ་ཡང་ན་ས་ཆ་གཞན་དུ་ཚོང་གཉེར་བྱེད་པའམ། གླ་གཏོང་རླངས་འཁོར་རྒྱུགས་པ། རླངས་འཁོར་ཞིག་གསོ་བྱེད་པ། ཨར་ལས་སོགས་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་གྱིན་ཡོད་ཟེར།

སྨར་སྐམ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱིས་མིག་ཐོགས་ལག་ཟིན་གྱི་གོམ་པ་སྤོས་ཡོད་ཅིང་། གནས་ཚུལ་དངོས་དང་འཚམས་པའི་འཕེལ་རྒྱས་བགྲོད་ལམ་ཞིག་འཚོལ་རྙེད་བྱུང་ཡོད། མུ་མཐུད་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་ཆེད། ད་ལོར། ཀོས་ནན་རྫོང་གིས་ནོར་སྲིད་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་བཏོན་པ་དང་། ཞིང་ཆེན་རིམ་པའི་ཞིང་ལས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཡོད་པ་དེ་དག་གིས། ཞིང་ཆེན་རིམ་པའི་དཔེ་སྟོན་སྡེ་བ་གསུམ་འཛུགས་པ་དང་། རྫོང་རིམ་པའི་དཔེ་སྟོན་བྱེད་ས་གསུམ་འཛུགས་རྒྱུ་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད། །