མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕེལ་རྒྱས་བྱུང་བ།

རྩོམ་པ་པོ། རིག་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-04-30 12:02

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་རྒྱབ་སྐྱོར་གང་ལེགས་བྱས་ནས། མི་རིགས་ས་ཁུལ་གྱི་ཞིང་ཕྱུགས་ལས་ཐད་ཀྱི་ཞིང་སྐྱོར་དང་ཞིང་ཕན་སྲིད་ཇུས་འདོན་སྤེལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བའི་རྐྱེན་གྱིས། མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕེལ་རྒྱས་བྱུང་བ་དང་། འཚོ་བའི་ཆ་རྐྱེན་མུ་མཐུད་དུ་མཐོར་འདེགས་སུ་སོང་ཡོད། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་སྤྱི་ཁྱབ་རུ་ཁག་གིས་གསར་དུ་བསྒྲགས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་ཞིང་ཕྱུགས་ལས་ཀྱི་རྩིས་བཤེར་རྒྱུ་ཆ་ལས་ཤེས་པ་ལྟར་ན། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་དང་མི་རིགས་རང་སྐྱོང་རྫོང་ལྔའི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་མོ་བཞི་སྟོང་བདུན་བརྒྱ་གྱ་བཞི་ལྷག་ལ་སླེབས་ཡོད་པས། ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་དྲུག་ལྷག་འཕར་ཡོད།

ཐོན་སྐྱེད་ཐད་བཏང་བའི་འགྲོ་སྒོ་འཕར་སྣོན་ཆེན་པོ་བྱུང་བ། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཁྱིམ་ཚང་གི་ཚོང་གཉེར་འགྲོ་གྲོན་ཆ་སྙོམས་ཀྱིས་སྒོར་ཆིག་སྟོང་ཆིག་བརྒྱ་སུམ་ཅུ་ལྷག་ཏུ་སླེབས་ཏེ། དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་ལྷག་འཕར་བ་དང་། དེའི་ནང་ཞིང་ལས་ཐོན་སྐྱེད་ཀྱི་འགྲོ་གྲོན་སྒོར་བཞི་བརྒྱ་དང་ཞེ་གསུམ་ལྷག་ཏུ་སླེབས་པ་དང་། ཕྱུགས་ལས་ཐོན་སྐྱེད་ཀྱི་འགྲོ་གྲོན་སྒོར་བཞི་བརྒྱ་དང་ཞེ་ལྔ་ལྷག་ཏུ་སླེབས་པས། སོ་སོར་བརྒྱ་ཆའི་ཞེ་དགུ་ལྷག་དང་བརྒྱ་ཆའི་སོ་དྲུག་ལྷག་འཕར་ཡོད། མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་ཐད་བཏང་བའི་ཆ་སྙོམས་མ་དངུལ་དེ་སྔོན་ཆད་ལས་འཕར་སྣོན་ཆེན་པོ་བྱུང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཐོན་སྐྱེད་རྒྱུ་ཆའི་རིན་གོང་མུ་མཐུད་དུ་འཕར་བ་དང་། མ་དངུལ་གཏོང་ཤུགས་འཕར་སྣོན་ཆེན་པོ་བྱུང་བ་དེ་རེད།

འཚོ་བའི་འཛད་སྤྱོད་ཁྲོད་ཀྱི་འགྲོ་གྲོན་དེ་སྨན་བཅོས་ལུས་གསོའི་འགྲོ་གྲོན་ཁོ་ན་མར་བབས་པ་ལས་གཞན་ཚང་མ་འཕར་སྣོན་བྱུང་ཡོད། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་གྲོན་སྒོར་མོ་བཞི་སྟོང་སུམ་བརྒྱ་སོ་གསུམ་ལྷག་ཏུ་སླེབས་ཏེ། དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་ལྷག་འཕར་བ་དང་། ཟས་རིགས་དང་གྱོན་ཆས། སྡོད་ཁང་། ཁྱིམ་ཚང་གི་ཅ་ལག འགྲིམ་འགྲུལ་དང་འཕྲིན་གཏོང་ཡོ་བྱད། རིག་གནས་སློབ་གསོ། རྩེད་འཇོ། སྨན་བཅོས་ལུས་གསོ་སོགས་ཀྱི་འགྲོ་སྒོ་ཁྱོན་ཡོངས་ནས་འཕར་ཡོད།

རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་སྤྱི་ཁྱབ་རུ་ཁག་གི་དབྱེ་ཞིབ་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་འཕར་བའི་རྒྱུ་མཚན་ནི་གཅིག་ནས་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་རྒྱུན་མཐུད་སྒོས་ཇེ་མང་དུ་སོང་བ་རེད། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ནས་མི་རིགས་ས་ཁུལ་གྱི་རོང་འབྲོག་པའི་ཡོང་སྒོ་བརྒྱ་ཆའི་གྱ་དགུ་ལྷག་འཕར་བས། ལོ་ཧྲིལ་བོའི་ཡོང་སྒོ་རྐྱང་བ་བརྒྱ་ཆའི་བཞི་ལྷག་འཕར་བར་སྐུལ་ཁྲིད་བྱས་པ་དང་། གཉིས་ནས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཀྱི་ཐོན་ལས་དང་བོའི་ཡོང་སྒོ་རྐྱང་རྐྱང་བརྒྱ་ཆའི་བཅུ་དགུ་ལྷག་འཕར་བས། ལོ་ཧྲིལ་བོའི་ཡོང་སྒོ་རྐྱང་བ་བརྒྱ་ཆའི་དགུ་ལྷག་འཕར་བར་སྐུལ་ཁྲིད་བྱས་པ་དང་། གསུམ་ནས་ཞིང་སྐྱོར་དང་ཞིང་ཕན་སྲིད་ཇུས་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱས། 2011ལོར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་དུ་བསྒྱུར་སྤོར་རང་བཞིན་གྱི་ཡོང་སྒོའི་ཁྲོད་ཀྱི་འབྲུ་རིགས་ཁ་གསབ་དང་འབྲོག་པའི་གཏན་སྡོད་བཟོ་བཀོད་ལ་སོགས་པའི་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་སྣ་ཚོགས་ཀྱི་ཡོང་སྒོ་མི་རེར་ཆ་སྙོམས་བྱས་ན་སྒོར་མོ་སུམ་བརྒྱ་དང་ང་གསུམ་ལྷག་ཡོད་པ་དང་། བརྒྱ་ཆའི་སོ་གཅིག་ལྷག་འཕར་བས། ལོ་ཧྲིལ་བོའི་ཡོང་སྒོ་རྐྱང་བ་བརྒྱ་ཆའི་གཉིས་ལྷག་འཕར་བར་སྐུལ་ཁྲིད་བྱས་པ་རེད། །