མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

རེབ་གོང་སྒྱུ་རྩལ་གྱིས་བོད་ཁམས་རི་གྲོང་ལ་འབྱོར་འབྲིང་དུ་སྐྱོད་པའི་བགྲོད་ལམ་བཏོད།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-04-30 12:02

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ“རེབ་གོང་སྒྱུ་རྩལ་གྱི་ཕ་སའི་མཚན་སྙན”ཐོབ། རེབ་གོང་རིག་གནས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིགརིག་གནས་རྩ་འཛུགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་དང་།གནས་དེ་ནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་བཙུགས་པས། རེབ་གོང་སྒྱུ་རྩལ་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་ཐུབ་པ་དང་།བོད་ཁམས་རི་གྲོང་དག་འབྱོར་འབྲིང་དུ་སྐྱོད་པའི་བགྲོད་ལམ་ཞིག་བཏོད།

སྒྱུ་རྩལ་པའི་དཔེ་སྟོན་ནུས་པ་བཏོན་ནས་མང་ཚོགས་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱས།

“རེབ་གོང་སྒྱུ་རྩལ་གྱི་ཕ་སའི”མཚན་སྙན་ཐོབ་པའི་ཡུལ་གྲུ་འདིའི་སྟེང་མཁར་ས་གྲུ་བཞི་ཅན་གྱི་དུད་ཁྱིམ་མང་པོ་ཡོད།སྲོལ་རྒྱུན་གྱི་སྒྱུ་རྩལ་པ་དང་བཟོ་རྩལ་སྦྱང་བཞིན་པའི་མང་ཚོགས་རྣམས་ཀྱིས་མཉམ་དུ་ཐང་ཀ་ལས་བཟོ་དང་འཇིམ་བརྐོགཙགས་དྲུབ་སོགས་རེབ་གོང་སྒྱུ་རྩལ་ཕྱིར་བཙོང་བྱེད་ཀྱིན་ཡོད་པ་དང་།སྲོལ་རྒྱུན་གྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་དང་མཉམ་དུ་ཡོང་སྒོ་ཡང་འཕར་སྣོན་གཏོང་བཞིན་ཡོད།

རེབ་གོང་སྒྱུ་རྩལ་ནི་བོད་རྒྱུད་ནང་བསྟན་གྱི་རི་མོའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་།ནང་གསེས་སུ་ཐང་ཀ་དང་ལྡེབས་རིས།འཇིམ་བརྐོའཇིམ་བཟོ།བཟོ་སྐྲུན་གྱི་རྒྱན་སྤྲས་རི་མོ་སོགས་ཡོད་པ་དང་།དེ་དག་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་དང་གཙན་ཚ་སོགས་ནས་དར་བ་རེད།ཉེ་བའི་ལོ་འགའི་ནང་། “བོད་རིགས་སྒྱུ་རྩལ་གྱི་རིག་གནས་ལ་སྤྲོ་སྣང”ཇེ་ཆེར་སོང་བ་དེས།ནང་དོན་ཕུན་སུམ་ཚོགས་པ་དང་།ཁྱེར་བདེ་བའི་བོད་རྒྱུད་ནང་བསྟན་གྱི་ཐང་ཀ་སྔོན་མ་བྱས་ནས་བོད་ཁུལ་ལས་བརྒལ་ཏེ།སྒྱུ་རྩལ་པ་དག་གི་གསོག་ཉར་དང་ཤ་ཉེ་འབྲེལ་ལ་ལེགས་སྐྱེས་སུ་འབུལ་བའི་དངོས་རྫས་སུ་གྱུར།

ཐང་ཀའི་སྒྱུ་རྩལ་པ་སྙིང་འབུམ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་ཡིན་པ་དང་།ཁོས་གསར་འགོད་པར་བཤད་རྒྱུར།ཉེ་བའི་ལོ་འདི་དག་གི་རིང་ལ་ཁོའི་མདུན་དུ་སློབ་གཉེར་བྱེད་དུ་འོང་བའི་སློབ་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྒྱུ་རྩལ་རྒྱུད་འཛིན་བྱེད་ཆེད།ཁོས2007ལོར“རེབ་གོང་སྒྱུ་རྩལ་གླིང”བཙུགས་པ་དང་།ཐང་ཀའི་སྲོལ་རྒྱུན་གྱི་ཁྱིམ་ཚང་རང་བཞིན་གྱིས་རྒྱུད་འཛིན་བྱེད་པའི་རྣམ་པ་དོར་ནས།གཅིག་བསྡུས་སྒོས་སློབ་ཁྲིད་བྱས་ཏེ་མི་མང་པོར་རི་མོ་འབྲི་བའི་ལག་རྩལ་ཁོང་དུ་ཆུད་དུ་བཅུག་པ་ཡིན་ཟེར།

སྙིང་འབུམ་གྱིས་བཤད་རྒྱུར།ང་རང་ཆུང་དུས་སུ་ཐང་ཀའི་སྒྱུ་རྩལ་པ་བཟང་བོ་ཞིག་གི་ཐང་ཀ་ཡང་སྒོར་བཅུ་ཕྲག་འགའ་མ་གཏོགས་སྟེར་མི་དགོས་ལ། 2006ལོ་ནས2009ལོའི་བར།ཐང་ཀའི་རིན་གོང་ལྡབ་བཅུ་ཕྲག་ནས་ལྡབ་བརྒྱ་ཕྲག་འགའ་འཕར་ཡོད་ཟེར།ཉེ་བའི་ལོ་འདི་གཉིས་ཀྱི་རིང་ལ་ས་ཆ་ཕྱི་ནས་ཡོང་བ་དང་རྒྱལ་ཁབ་གཞན་ནས་ཡོང་བའི་མགྲོན་པོ་དག་ཆེད་དུ་རང་ཁྱིམ་དུ་ཡོང་ནས་ཐང་ཀ་ཉོ་བཞིན་ཡོད་པས།ཚོང་རའི་ནང་དུ་ཐང་ཀའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་ཟེར།ཐང་ཀ་ཉོ་མཁན་མང་བས་མི་མང་པོ་ཞིག་ཐང་ཀའི་ལས་རིགས་སུ་ཞུགས་ཀྱིན་ཡོད།བསྡོམས་རྩིས་བྱས་པ་ལྟར་ན།ཐུན་རིན་ས་ཁུལ་དུ་ལོ་བཅུའི་རིང་ལ་ཐང་ཀའི་སྒྱུ་རྩལ་པ་ཉིས་བརྒྱ་མི་ལོན་པ་ནས་སྟོང་གཉིས་དང་བཞི་བརྒྱ་ཉེར་བརྒྱད་ལ་བསླེབས་ཡོད།རོང་བོ་གྲོང་རྡལ་གྱི་སེང་གེ་གཤོང་དང་སྒོ་དམར།གཉན་ཐོག་སོགས་ཀྱི་སྡེ་བའི་ནང་།ཕལ་ཆེར་ཁྱིམ་ཚང་རེ་རེར་རི་མོ་འབྲི་ས་ཡོད་པ་དང་མི་ཚང་མ་སྒྱུ་རྩལ་པ་རེད།ཐང་ཀ་འབྲི་སྦྱོང་གི་ལག་རྩལ་དེ་སྲོལ་རྒྱུན་གྱི་དགེ་སློབ་བར་བརྒྱུད་པ་དེ་ད་ལྟ་གཞི་ཁྱོན་ཆེ་བའི་སློབ་གྲྭའི་སློབ་ཁང་དུ་སླེབས་པ་དང་།ཐ་ན་རོང་འབྲོག་པའི་ལག་རྩལ་གསོ་སྦྱོང་གི་ནང་དོན་དུ་ཡང་ཚུད་ཡོད།ཐང་ཀ་མ་གཏོགས་རེབ་གོང་རིག་གནས་ཀྱི་ཚབ་བྱེད་འཇིམ་བཟོ་དང་གཙགས་དྲུབ།རྡོ་བརྐོས་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་ཡང་མི་མང་པོ་ཞིག་གིས་དགའ་བསུ་ཐོབ་ཀྱིན་ཡོད་པ་དང་།སྔོན་དགོན་པའི་ནང་ཉར་ཚགས་བྱས་ཡོད་པའི་སྒྱུ་རྩལ་དེ་དག་དར་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཁར་རྩེ་རྒྱལ་གྱིས་བཤད་རྒྱུར།བོད་རིགས་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་མི་རབས་ནས་མི་རབས་ལ་རྒྱུད་འཛིན་དང་དར་སྤེལ་བྱེད་བཞིན་ཡོད་པ་དང་།མི་མང་པོ་ཞིག་ལ་གཟུགས་འདས་རིག་གནས་ཤུལ་བཞག་གི་སློབ་དཔོན་ཆེན་མོའི་གདམས་ངག་ཐོབ་པ་མཚན་སྙན་དུ་བརྩིས་ནས།རང་འགུལ་སྒོས་ལས་གྲྭ་འཛུགས་པ་དང་།ཀུང་ཟིའི་ཚོང་གཉེར་གྱི་རྒྱ་ཇེ་ཆེར་བསྐྱེད་ཀྱིན་ཡོད།ས་གནས་སྲིད་གཞུང་གིས་ཀྱང་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་སྔར་ལས་མང་བའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་སྐྱོད་པར་ལམ་སྟོན་བྱེད་ཀྱིན་ཡོད་ཟེར།

མིག་སྔར།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཉིས་དང་སུམ་བརྒྱར་བསླེབས་ཡོད་པ་དང་།རེབ་གོང་སྒྱུ་རྩལ་པ་དག་གི་མི་རེའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་ལ་བསླེབས་ཡོད་ཅིང་།དཔེ་སྟོན་གྱི་ཕན་འབྲས་ཡང་ཧ་ཅང་མངོན་གསལ་རེད།རྨ་ལྷོའི་རེབ་གོང་རིག་གནས་ཐོན་ལས་གཉེར་བའི་ལས་ཁུངས་དགུ་བཅུ་ལྷག་ཡོད་པ་དང་།རེབ་གོང་སྒྱུ་རྩལ་གྱི་ལས་རིགས་གསར་སྐྲུན་བྱེད་པའི་རོང་འབྲོག་པ་མི་སྟོང་བདུན་ལྷག་ཡོད།

སྲིད་གཞུང་གི་རྒྱབ་སྐྱོར་འོག་སྲུང་སྐྱོབ་དང་རྒྱུན་འཛིན་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་ཞང་གི་ཧོར་སྡེ་བར་ཐོན་པ་ན།སོ་ཕག་གི་ཁང་བ་ཕྲེང་བར་བསྒྲིགས་པ་མིག་ལམ་དུ་མངོན་ཞིང་།དིང་སྒྲ་བར་མེད་དུ་བསྒྲགས་ཡོང་།དེ་ནི་རྡོ་བརྐོ་སྒྱུ་རྩལ་པས་རྡོ་བཟོ་བྱེད་པའི་བཞིན་པའི་སྒྲ་རེད།སྲོལ་རྒྱུན་གྱི་སྒྱུ་རྩལ་པ་ཞིག་ཡིན་པའི་ཧོར་སྡེ་བའི་སྡེ་མང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར།སྡེ་བ་དེའི་ཁྱིམ་ཚང་བརྒྱ་དང་དོན་གསུམ་གྱི་འབྲོག་པ་མང་ཚོགས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་ཏེ2005ལོར་སྔ་རྗེས་སུ་གནས་འདིར་སྤར་བ་དང་།ཚང་མའི་རྡོ་བཟོ་དང་ཕྱུགས་ལས་ལ་བརྟེན་ནས་ཡོང་སྒོ་འཚོལ་གྱིན་ཡོད།སྲིད་གཞུང་གིས་གསོ་སྦྱོང་བྱས་པ་བརྒྱུད།སྡེ་བའི་ནང་ལག་རྩལ་ཁྱད་དུ་འཕགས་པའི་མི་ཉིས་བརྒྱ་དང་རེ་བཞི་ཡོད་པ་དང་།མི་རེའི་ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་སྟོང་བཞི་དང་བདུན་བརྒྱ་རེད་ཟེར།

རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། “ས་གནས་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་རྒྱབ་སྐྱོར་གནང་བས།ང་ཚོའི་སྡེ་བའི་རྡོ་བརྐོས་སྒྱུ་རྩལ་གྱི་ཁྱད་ལྡན་ཐོན་ལས་ཇེ་རྒྱས་ནས་ཇེ་ཆེར་འགྲོ་བའི་རེ་བ་ཡོད་ལ།ད་ལྟ་ང་ཚོའི་སྡེ་བའི་རྡོ་བརྐོས་སྒྱུ་རྩལ་གྱི་སྙན་གྲགས་ཅུང་ཙམ་ཡོད་པ་དང་།ཉེ་འདབས་ཀྱི་དགོན་པར་མ་ཎི་བརྐོ་བཞིན་ཡོད་པ་མ་ཟད།ད་དུང་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་རྒྱུ་ཆ་ལས་སྣོན་བྱེད་བཞིན་ཡོད་པས།ཚོང་རྫས་ངག་ཉོ་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།མི་ཚང་མས་ཀྱང་རྡོ་བརྐོས་སྒྱུ་རྩལ་ཀུང་ཟི་ཞིག་འཛུགས་འདོད་ཡོད”ཟེར།

མཁར་རྩེ་རྒྱལ་གྱིས་བཤད་རྒྱུར།རེབ་གོང་སྒྱུ་རྩལ་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་དེ་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་འབྲེལ་ཐབས་མེད།སྲིད་གཞུང་གི་སྣེ་ཁྲིད་འོགརེབ་གོང་རིག་གནས་ཐོན་ལས་ཅན་འཕེལ་རྒྱས་དེ་སྔར་ལས་གཞི་ཁྱོན་ལྡན་པ་དང་གསོན་ཤུགས་གསར་བ་རྒྱས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན།དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ཚུན་ལ།མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་ནས་རེབ་གོང་སྒྱུ་རྩལ་ཞིབ་འཇུག་གླིང་བཙུགས་པ་དང་།ས་གནས་སྲིད་གཞུང་གིས་སློབ་གྲྭ་ཆུང་འབྲིང་དུ་རེབ་གོང་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ་འཆད་ཁྲིད་བྱེད་མགོ་བརྩམས་པ་དང་།མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་དུ་ཡང་རེབ་གོང་སྒྱུ་རྩལ་དེ་རིག་གཞུང་ཚན་ཁག་གི་གྲས་སུ་ཚུད་ཡོད།སློབ་གླིང་གི་སློབ་གསོ་ལག་བསྟར་བྱས་པ་བརྒྱུད།རེབ་གོང་སྒྱུ་རྩལ་དེ་སྔར་ལས་ལྷག་པའི་སྒོ་ནས་མི་ཀུན་གྱིས་གདེང་འཇོག་ཐོབ།ས་གནས་དེའི་ད་དུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ།རྒྱུན་ཆད་མེད་པར་ཞིབ་འཇུག་གི་ནུས་ཤུགས་ཆེད་དུ་གསོ་སྐྱོང་བྱས་པ་མ་ཟད།རེབ་གོང་སྒྱུ་རྩལ་ལ་ཡང་སྔར་ལས་བཟང་བའི་སྒོ་ནས་ཞིབ་འཇུག་སྔོག་འདོན་ཐོབ།

དེ་དང་ཆབས་ཅིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྟེན་གཞི་འཛུགས་སྐྲུན་དང་འཇོན་ཐང་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བྱས།སྲིད་གཞུང་གིས་མ་དངུལ་བཏང་ནས་རེབ་གོང་སྒྱུ་རྩལ་ཁང་གསར་འཛུགས་བྱས་པ་མ་ཟད་རེབ་གོང་སྒྱུ་རྩལ་མཐུན་ཚོགས་བཙུགས་པ་དང་།དམངས་ཁྲོད་དུ་ཡོད་པའི་རེབ་གོང་སྒྱུ་རྩལ་ཐོན་རྫས་རྣམས་གཅིག་བསྡུས་བྱས་ཏེ་འགྲེམས་སྟོན་བྱས་པ་དང་།ལས་བཟོ་བ་རྣམས་ཀྱིས་སློབ་མ་བསྡུས་ཏེ་ལག་རྩལ་བརྒྱུད་སྤེལ་བྱེད་པར་སྐུལ་མ་བྱས། 2005ལོའི་ལོ་མཇུག་ཏུ།རྒྱལ་ཁབ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ལས་རིགས་གསལ་འབྱེད་ལྟེ་གནས་ཀྱིས་ཐང་ཀ་དང་གཙགས་གྲུབ་གཉིས་སྐོར་དང་པོའི་ཆེད་གཉེར་ལས་རིགས་ཀྱི་ནུས་པའི་དཔྱད་ཞིབ་ཁྱབ་ཁོངས་སུ་ཚུད་དུ་བཅུག 2007ལོའི་ལོ་སྨད་དུ།མཚོ་སྔོན་ཞིང་ཆེན་སྤུས་ཚད་ལག་རྩལ་ལྟ་ཞིབ་ཅུའུ་ཡིས«རེབ་གོང་ཐང་ཀ»ཞེས་པའི་ས་ཆའི་ཚད་གཞི་ཁྱབ་བསྒྲགས་བྱས་ཤིང་།དེ་ནི་ཐང་ཀ་ལས་པའི་ས་ཆའི་ཚད་གཞི་ཐོག་མ་ཡིན།ས་གནས་སྲིད་གཞུང་གིས་ཧུར་ཐག་གིས་རེབ་གོང་སྒྱུ་རྩལ་དེ་འཛམ་གླིང་སྟེང་གི་རྒྱལ་ཁབ་དང་ས་ཁུལ་གྱི་ལོ་རྒྱུས་ཤུལ་བཞག་གི་རིན་ཐང་ཁྱད་པར་བ་སྟེ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིགརིག་གནས་རྩ་འཛུགས་ཀྱི་ཤུལ་བཞག་རིག་གནས་ཚོགས་པའི་འཛམ་གླིང་རིག་གནས་ཤུལ་བཞག་གི་ཁྲོད་ཞུགས་པའི་སྙན་ཞུ་ཕུལ། 2009ལོའི་ཟླ་བཅུ་པར།རེབ་གོང་སྒྱུ་རྩལ་དེ་འཛམ་གླིང་སྟེང་གི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད།

མཁར་རྩེ་རྒྱལ་གྱིས་བཤད་རྒྱུར།སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་ཁྱད་ལྡན་རིག་གནས་ཀྱིས་འབྱོར་ཕྱུག་གི་བགྲོད་ལམ་ཞིག་བཏོད་པ་དང་།ཚད་གཞི་རབ་དང་རིམ་པ་བཏོན་པས་རེབ་གོང་སྒྱུ་རྩལ་ལ་སྲུང་སྐྱོབ་རང་བཞིན་གྱིས་གསར་སྤེལ་བྱེད་པ་མངོན་འགྱུར་བྱུང་ཟེར།

ཚན་རིག་འཕེལ་རྒྱས་ལྟ་བས་མི་རིགས་རིག་གནས་ཐོན་ལས་ལ་གཞོགས་འདེགས་སྐུལ་སྤེལ་བྱས།

2008ལོའི་ཟླ་བརྒྱད་པར།རིག་གནས་སྡེ་ཁག་གིས་རིམ་པ་གསུམ་པའི་རྒྱལ་ཁབ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་འཛུགས་པའི་ཆོག་མཆན་བཀོད་པ་དང་།རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་དེ་རྨ་ལྷོ་ནས་འཛུགས་རྒྱུ་ཡིན་པ་དང་།དེ་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་ཐོག་མ་རེད། 2011ལོའི་ཟླ་གཉིས་པར། «རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་འཆར་འགོད།»དེ་རིག་གནས་སྡེ་ཁག་གིས་དངོས་སུ་ཆོག་མཆན་བཀོད་པ་དང་།དེས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་གྱི་འཛུགས་སྐྲུན་དེ་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་སྐས་རིམ་གསར་བ་ཞིག་ལ་བསྙེགས།

ཀྲུང་གོ་དམངས་སྲོལ་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ།མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་མགོ་གཙོ་དགེ་རྒན་ཆེན་མོ་ཀྲའོ་ཙུང་ཧྥུའུ་ཡིས་བཤད་རྒྱུར།ལོ་མང་པོའི་རིང་ལ་འཚོལ་ཞིབ་བྱས་པ་བརྒྱུད།ཀྲུང་གོའི་རྒྱལ་བབས་དང་འཚམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཐབས་གཙོ་བོ་ནི་མྱུར་སྐྱོབ་རང་བཞིན་དང་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་གཉིས་ཡོད།རྨ་ལྷོ་ཁུལ་གྱི་རེབ་གོང་སྒྱུ་རྩལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱིས་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པ་དེ་ས་ཁུལ་གཞན་པས་དཔྱད་གཞིར་འཛིན་འོས་ཟེར།

མཁར་རྩེ་རྒྱལ་གྱིས་བཤད་རྒྱུར།རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དེ་དེའི་ལག་རྩལ་ཁོ་ནར་སྲུང་སྐྱོབ་བྱེད་རྒྱུ་མ་ཡིན་པར།ས་གནས་དང་མི་རིགས་རིག་གནས་དང་ཟུང་འབྲེལ་བྱེད་དགོས།རེབ་གོང་སྒྱུ་རྩལ་གྱིས་འདིའི་ཐད་བླངས་བའི་གྲུབ་འབྲས་དེ་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་འབྲེལ་ཐབས་མེད།རྨ་ལྷོ་ས་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གཙོ་གནད་དུ་བཟུང་ནས་གཏན་འབེབས་བྱས་བའི«རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་གྱི་སྤྱིའི་འཆར་འགོད།»ཀྱིས་རྨ་ལྷོ་ཁུལ་གྱི་ཐུན་རིན།རྩེ་ཁོགགཙན་ཚ་བཅས་རྫོང་གསུམ་ལ་ཁེབས་ཡོད་པ་དང་།ནང་དོན་གྱི་ཆ་ནས་རིག་གནས་ཐོན་ཁུངས་དང་རིག་གནས་སྐྱེ་ཁམས་གྱི་དེང་རབས་རྣམ་པ་དབྱེ་ཞིབ་དང་།རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན།བྱ་བའི་རྩ་དོན་དང་སྲུང་སྐྱོབ་ཀྱི་ནང་དོན་སོགས་འདུས་བར་བྱས་བ་དེས།འཆར་གཞི་དང་གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་བཏང་ནས་རེབ་གོང་སྒྱུ་རྩལ་གྱི་གསོན་ཤུགས་སྔར་ལས་རྒྱས་སུ་བཅུག་ཟེར།།