མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱིས་རྒྱལ་ཡོངས་འབྲོག་ཁུལ་ལ་ཐབས་ལམ་གསར་བ་བཏོད་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2012-07-27 10:19

ལོ་ངོ་བཞིའི་རིང་གི་འཕེལ་རྒྱས་བརྒྱུད། དབྱར་མཚོ་རྒྱས་པ་ལྟར་དར་བཞིན་པའི“མེ་ལོང་དཔེ་དབྱིབས”དང“ཐོན་ལས་གསུམ་པས་སྐུལ་ཁྲིད་བྱེད་པ” “ཁེ་ལས་ཀྱིས་སྣེ་ཁྲིད་པ”སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི་རྣམ་པ་གསར་བ་རབ་དང་རིམ་པ་ཞིག་མཚོ་སྔོན་གྱི་འབྲོག་ཁུལ་དུ་སྐྱེ་སྟོབས་དང་བཅས་ཏེ་འབྱུང་གིན་ཡོད།

ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་དང་། རྩ་བའི་ཐོག་ནས་མི་ཕྱུགས་རྩྭ་གསུམ་གྱི་འགལ་བ་ཐག་གཅོད་པ། འབྲོག་པའི་འཚོ་བ་ལེགས་བཅོས་དང་ཕྱུགས་ལས་མུ་མཐུད་དུ་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་བཅས“གསུམ་རྒྱལ”མངོན་འགྱུར་བྱས། རིམ་བཞིན་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་བཙུགས་ཏེ་རྩྭ་ཐང་གི་ཕྱུགས་ལས་མུ་མཐུད་དུ་འཕེལ་ཐུབ་པའི་ལམ་གསར་བར་བགྲོད་པ་བཅས་ཀྱི་ཆེད་དུ། ལོ་ངོ་བཞིའི་རིང་གི་འཕེལ་རྒྱས་བརྒྱུད། སྒྲིག་སྲོལ་ནང་རྐྱེན་གྱི་སྟེང་ནས་རྩྭ་ཐང་གི་ཕྱུགས་ལས་མུ་མཐུད་དུ་འཕེལ་ཐུབ་པའི་ལམ་གསར་བ་ཞིག་བཏོད་པར་མ་ཟད། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་ཐོག་མར་གྱུར།

2009ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་ཅིན་སོག་རིགས་ཞང་གི་ཧར་ཅིན་སྡེ་བའི་ཨ་ཧོང་ཝེ་ཡིས་རང་ཁྱིམ་གྱི་རྩྭ་ས་མུའུ་སྟོང་གཅིག་དང་སུམ་བརྒྱ་དང་ཕྱུགས་ཟོག་ཉིས་བརྒྱ་བཞི་བཅུ་མ་རྐང་བྱས་ནས་སྡེ་བའི་ཆེད་ལས་མཉམ་ལས་ཁང་དུ་བཞག་པས། རང་ཉིད་མ་རྐང་བདག་པོ་ཞིག་ཏུ་གྱུར་བར་མ་ཟད་ཆེད་གཉེར“རྫི་བོ”རུ་གྱུར། ཁོས་བཤད་རྒྱུར་མཉམ་ལས་ཁང་དུ་ཞུགས་རྗེས་ཁྱིམ་མི་བཞི་བོའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དགུ་རེ་ཡོད། ཁྱིམ་མི་ཡོངས་ཀྱི་ཡོང་སྒོ་མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལས་སྒོར་ཁྲི་གཅིག་དང་སྟོང་གཉིས་ཀྱིས་ཇེ་མང་དུ་སོང་། ན་ནིང་མི་རེར་སྒོར་ཁྲི་གཅིག་དང་བཞི་བརྒྱ་ཡོད་པའི་ཁར་རང་ཉིད་ཀྱི་གླ་ཕོགས་དང་ཆུང་མའི་ཞོར་ལས་བྱས་པའི་ཡོང་སྒོ་བསྣན་ན། ཁྱིམ་ཚང་གང་བོར་སྒོར་ཁྲི་བདུན་བརྒྱད་ཀྱི་ཡོང་སྒོ་ཡོད་ཟེར། ཨ་ཧོང་ཝེ་ནི་རང་ཞིང་གི་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་དགུ་བརྒྱའི་ཁྲོད་ཀྱི་གཅིག་རེད། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་བརྒྱད་བརྒྱ་གྱ་གསུམ་གྱི་ཁྲོད་དུ། སྡེ་བ་དྲུག་བརྒྱ་བདུན་བཅུ་ཡི་འབྲོག་དམངས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་རྩ་འཛུགས་བཙུགས་ཡོད་ལ། བསྡོམས་པས་རྩྭ་ས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་གཅིག་བསྡུས་བྱས་ཡོད། དེས་སྡེ་བའི་རྩྭ་ས་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་ལྔ་ཟིན་ཡོད། ཕྱུགས་ཟོག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་ལྷག་གཅིག་བསྡུས་བྱས་ཡོད་པ་དེས་སྤྱིའི་ཕྱུགས་གྲངས་ཀྱི་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་གཉིས་ཟིན་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་ཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། རང་ཞིང་གིས་རྒྱལ་ཡོངས་ནས་ཐོག་མར་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་བཏོན་ཅིང་སྤེལ་བ་དང་། ཆེས་ཐོག་མར་རྩྭ་སའི་ཕྱུགས་ལས་གོང་དུ་སྤེལ་སྟངས་བསྒྱུར་བ་རེད། ད་དུང་མཉམ་ལས་རྩ་འཛུགས་ལ་བརྟེན་ནས་ཐོག་མར་འབྲོག་ཁུལ་གྱི་ཁ་ཐོར་ངང་བདག་གཉེར་བྱེད་པའི་ཕྱུགས་རྒྱུད་ལེགས་གསོ་དང་ཕྱུགས་རྒྱུད་ལེགས་སྒྱུར། གནོད་འབུ་དང་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱེད་པ་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་གཏོང་དཀའ་བའི་གནད་དོན་རིགས་ཐག་གཅོད་བྱས་པ་རེད། རྩྭ་ས་ཁག་བགོས་ནས་ཕྱུགས་ཟོག་རེས་མོས་སུ་འཚོ་བ་དང་ཕྱུགས་ཟོག་ཚན་རིག་ལྟར་ཁྱུ་དགར་བ། ངལ་རྩོལ་པའི་ལག་རྩལ་ལ་བརྟེན་ནས་ལས་ཀ་བགོ་བ་བཅས་ལ་བརྟེན་ནས། འབྲོག་པའི་ཕྱུགས་ལས་ཀྱི་ཡོང་སྒོ་ཁག་ཐེག་བྱས་པའི་ཆ་རྐྱེན་འོག ངལ་རྩོལ་པ་ཁ་ཤས་ཐོན་ལས་གཞན་པར་ཞུགས་སུ་བཅུག་ནས་ཡོང་སྒོ་བཙའ་བའི་ཐབས་ལམ་ཇེ་ཆེར་བཏང་ཞིང་། སྲོལ་རྒྱུན་གྱི་ཕྱུགས་ལས་བགོ་བཤའ་རྒྱག་སྟངས་བཅོས་བསྒྱུར་བྱས་ནས། ཕྱུགས་ལས་ཐོན་སྐྱེད་ཀྱི་ནུས་པ་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱས།  །