མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་རྩྭ་སའི་ཁ་གསབ་བྱ་དགའི་མ་དངུལ་དུས་ཐོག་དང་ཁ་ཚང་དུ་སྟེར་བར་ཁག་ཐེག་བྱས།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-07-27 10:19

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ནང་རྐྱེན་བྱ་བ་ལག་བསྟར་བྱེད་མགོ་རྩོམ་པའི་ཚོགས་འདུ་བསྡུས་རྗེས། ཧི་ནན་རྫོང་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ། དུས་ཡུན་ཐུང་ཐུང་གི་ནང2011ལོའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལག་བསྟར་ཇུས་གཞི་བཟོ་འགོད་བྱ་བ་ཡོངས་འགྲུབ་བྱས་ཤིང་། ཁ་གསབ་བྱ་དགའི་མ་དངུལ་དུས་ཐོག་དང་ཁ་ཚང་དུ་སྟེར་བར་ཁག་ཐེག་བྱས།

ཧི་ནན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན། རྫོང་ཡོངས་སུ་ཞང་ལྔ་དང་གྲོང་རྡལ་གཅིག་ཡོད་པ་དང་། འབྲོག་དམངས་ཨུ་ཡོན་ལྷན་ཁང་སོ་དགུ། འབྲོག་པ་ཁྱིམ་ཚང་སྟོང་དྲུག་ལྔ་བརྒྱ་ལྷག་དང་ཕྱུགས་ལས་མི་གྲངས་ཁྲི་གསུམ་ལྷག་ཡོད། རྩྭ་སའི་གཞི་ཁྱོན་མུའུ་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་ལྷག་དང་ཕྱུགས་ཟོག་སྣ་ཚོགས་འབུམ་བརྒྱད་ལྷག་ཡོད། བཀོད་སྒྲིག་ལྟར་ན། 2011ལོར་རྫོང་ཡོངས་སུ་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་ནང་རྐྱེན་ལག་བསྟར་བྱས་པའི་སྤྱིའི་གཞི་ཁྱོན་ནི་མུའུ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་བཞི་ལྷག་ཡིན། དེའི་ནང་དུ་ཕྱུགས་འཚོ་མཚམས་བཞག་པའི་རྩྭ་སའི་གཞི་ཁྱོན་ནི་མུའུ་ས་ཡ་དྲུག་འབུམ་ལྔ་ཁྲི་གསུམ་ལྷག་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བའི་གཞི་ཁྱོན་མུའུ་ས་ཡ་གཉིས་འབུམ་གསུམ་ཁྲི་གཅིག་ལྷག་ཡིན། ཕྱུགས་ཟོག་ལུག་གི་རྩིས་གཞི་འབུམ་གསུམ་ཁྲི་བརྒྱད་ལྷག་ཇེ་ཉུང་དུ་བཏང་། གཟན་རྩྭའི་སོན་བཟང་མུའུ་ཁྲི་བདུན་སྟོང་ལྔ་ཁ་གསབ་བྱས། རྒྱུད་བཟང་གཡག་ཐིག་ཉིས་བརྒྱ་ལྔ་བཅུ་ཁ་གསབ་བྱས་ཤིང་། འབྲོག་པ་ཁྱིམ་ཚང་སྟོང་དྲུག་ཉིས་བརྒྱ་ཉེར་གཉིས་ལ་ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་ཁ་གསབ་ལག་བསྟར་བྱས། ཁ་གསབ་བྱ་དགའི་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་གཅིག་ས་ཡ་བཞི་བྱིན་པ་དང་འབྲོག་པ་ཁྱིམ་ཚང་སྟོང་དྲུག་ཉིས་བརྒྱ་ཉེར་གཉིས་དང་འབྲེལ་ཡོད།

ཧི་ནན་རྫོང་གི་ཁ་གསབ་བྱ་དགའི་ནང་རྐྱེན་གཞུང་ལས་ཁང་གིས་ཐོག་མའི་ཞིབ་རྩིས་ལྟར་ན། རྫོང་ཡོངས་སུ་ཁྱིམ་ཚང་སྟོང་གཅིག་ལྷག་གི་ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་སྟོང་ལྔ་ལས་དམའ་བ་དང་། ཁྱིམ་ཚང་ཉིས་བརྒྱ་ཉི་ཤུའི་ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་ཁྲི་ལྔ་ལས་མཐོ་བ་རེད། རྫོང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་ཏེ་ཆེས་དམའ་བའི་ཁ་གསབ་དང་ཆེས་མཐོ་བའི་ཁ་གསབ་བྱེད་ཐབས་ལག་བསྟར་བྱེད་རྒྱུའི་གཏན་ཁེལ་བྱས་པ་སྟེ། ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་སྟོང་ལྔ་ལས་དམའ་ན་ཁྱིམ་ཚང་རེར་སྒོར་སྟོང་ལྔ་ལྟར་ཁ་གསབ་བྱས་པ་དང་། ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་ཁྲི་ལྔ་ལས་མཐོ་ན་ཁྱིམ་ཚང་རེར་སྒོར་ཁྲི་ལྔ་ལྟར་ཁ་གསབ་བྱས། འབྲོག་པ་ཁྱིམ་ཚང་གཞན་པར་མུའུ་རེར་སྒོར་བཅུ་བཞི་ཟུར་དྲུག་སྐར་བདུན་ལྟར་ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་བྱས།

བྱེ་བྲག་གི་ལག་བསྟར་གོ་རིམ་ཁྲོད། ཧི་ནན་རྫོང་གིས་ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལས་འགན་གཏན་ཁེལ་བྱེད་པ་དེ་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབས་བྱེད་པའི་གནད་འགག་ཏུ་བརྩིས་ཏེ། ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལས་འགན་གཏན་ཁེལ་བྱེད་པ་ཡང་དག་དང་དོན་དངོས་དང་མཐུན་པར་བྱས། ཕྱུགས་འཚོ་མཚམས་བཞག་པའི་ས་ཁུལ་གྱི་རྩྭ་ས་མུའུ་ས་ཡ་དྲུག་འབུམ་ལྔ་ཁྲི་གསུམ་ལྷག་དེ་ལག་བསྟར་བྱས་ཟིན་པའི་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་དང་ཟུང་འབྲེལ་བྱས་ནས། སྡེ་བའམ་འབྲོག་པ་ཁྱིམ་ཚང་གཞི་རྩའི་སྡེ་ཁག་ཡིན་པ་དང་། དབྱར་སྟོན་རྩྭ་ས་གནད་སར་བཞག་ཅིང་། སྐྱེ་ཁམས་དང་རྩྭ་ས་ཉམས་ཞན་ཏུ་གྱུར་བ་དེར་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་ཕྱུགས་འཚོ་མཚམས་འཇོག་པའི་བཀའ་ཁྱབ་སྤེལ་ནས་ཐོག་མར་ཕྱུགས་བཀག་རྩྭ་གསོ་བྱས། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ས་ཁུལ་གྱིས་རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་གྲངས་ལྟར། ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་འཆར་གཞི་བཟོས། 2011ལོ་ནས2013ལོའི་བར་གྱི་ལོ་གསུམ་གྱི་ནང་ཕྱུགས་ཟོག་ལུག་གི་རྩིས་གཞི་འབུམ་གསུམ་ཁྲི་བརྒྱད་སྟོང་གསུམ་ཇེ་ཉུང་དུ་གཏོང་རྒྱུ་ཞིབ་བཤེར་གཏན་འབེབས་བྱས། དེའི་ནང་སྔོན་མའི་ལོ་དང་པོ་དང་ལོ་གཉིས་པར་སོ་སོར་བརྒྱ་ཆའི་བཞི་བཅུ་རེ་ཇེ་ཉུང་དུ་གཏོང་བ་དང་། ལོ་གསུམ་པར་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་གཏོང་རྒྱུ་བྱས་ཡོད། 2011ལོར་རྫོང་ཡོངས་སུ་རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ལུག་གི་རྩིས་གཞི་འབུམ་གཅིག་ཁྲི་ལྔ་སྟོང་གསུམ་ལྷག་ཇེ་ཉུང་དུ་བཏང་སྟེ། འཆར་གཞིའི་ལས་འགན་གྱི་བརྒྱ་ཆའི་བརྒྱ་ཡོངས་འགྲུབ་བྱས།  །