མདུན་ཤོག- དཔལ་འབྱོར།- འབྱོར་བའི་གཏམ་རྒྱུད།

བར་སྐོར་གླིང་གི་ཐང་ག་བ་ཚེ་བརྟན་རྣམ་རྒྱལ།

ལྗོན་སྨྱུག་ནས་སྒྲིག་བསྒྱུར་བྱས།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-07-27 10:20

ལས་ལ་གཞོལ་བའི་ཐང་ག་བ་ཚེ་བརྟན་རྣམ་རྒྱལ།

       སྔོན་ཆད་ཚེ་བརྟན་རྣམ་རྒྱལ་གྱིས་འདྲུད་འཐེན་འཕྲུལ་འཁོར་སྐོར་སྐབས། དུས་རྒྱུན་ཁོམ་པ་ཏིལ་ཙམ་ཡོད་དུས་ལམ་སང་ས་ནས་ཤིང་ཐུར་རེ་འཐུས་ནས་སར་རི་མོ་འབྲི་བ་ཡིན། ད་ལྟ་ཁོང་ནི་སྨན་ཐང་པའི་རྒྱུད་འཛིན་པ་རབས་དགུ་བའི་ཡ་གྱལ་ཡིན། དང་ཐོག་བར་སྐོར་གླིང་ནས་གཉེར་བའི་ཚོང་ཁང་ཆུང་ཆུང་དེ་ད་བར་དུ་མིང་གྲགས་ཆེ། ད་ལྟ་ཁོང་ནི་ཐང་ག་འབྲི་བཞེངས་ལ་མཁས་པའི་ལྷ་རིས་པ་ཞིག་ཡིན་པ་མ་ཟད།ད་དུང་མིང་དོན་མཚུངས་པའི་ཚོང་བ་ཞིག་ཀྱང་ཡིན། 
     
1996ལོར་བར་སྐོར་གླིང་གི་ལྷོ་ངོས་ནས་ཚེ་བརྟན་རྣམ་རྒྱལ་ལ་དབང་བའི་ཐང་ག་འབྲི་འཚོང་གི་ཚོང་ཁང་ཞིག་རག་ཐུབ་པ་བྱུང་བ་དང་།    དུས་དེར་ཚོང་ཁང་ནང་ཚོང་རྒྱག་མཁན་ཁོང་རང་ཚུད་པའི་མི་གསུམ་ལས་མེད།ཐང་ཁ་འབྲི་བཞེངས་ཀྱི་ཁང་བར་མཚོན་ན་ཉི་འོད་ནི་མེད་དུ་མི་རུང་བ་ཞིག་ཡིན་ན་ཡང་ཏག་ཏག་ཁང་བ་དེ་རྙིང་རུལ་དོག་མོ་ཞིག་ཡིན་པ་མ་ཟད། ཁང་ནང་ཉི་འོད་ཕོག་ཕྲ་བའི་འོད་མདངས་ཀྱིས་དབེན་པ་ན། ཚེ་བརྟན་རྣམ་རྒྱལ་གྱིས་སེམས་རྩ་མ་གཡོས་པར་ལས་རིགས་གསར་གཏོད་ཀྱི་བཞུད་ལམ་ལ་སོམ་ཉི་མེད་པར་ཆས་འགོ་བརྩམས། 
    
 དུས་དེར་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་མི་མང་པོ་མེད་ཅིང་། ཕྱི་རྒྱལ་བ་འགའ་མ་གཏོགས་བར་སྐོར་གླིང་དུའང་མི་མང་པོ་མེད།  ཡུལ་སྐོར་བ་ཁ་ཅིག་ཐང་གའི་ཚོང་ཁང་དུ་ཡོང་ནས་ཐང་གར་ལྟ་བ་ལས་གཞན་ཐང་ག་ཉོ་མཁན་མང་ཤས་ས་གནས་རང་གི་སྐུ་མགྲོན་རེད་ཅེས་ཚེ་བརྟན་རྣམ་རྒྱལ་གྱིས་ཕྱིར་དྲན་གྱི་ཚུལ་དུ་བརྗོད་བྱུང་། དུས་དེར་བར་སྐོར་གླིང་གི་བཤམས་ཚོང་དང་ཚོང་ཁང་གཉེར་བྱ་ཕལ་ཆེ་བ་ཞིང་འབྲོག་ས་ཁུལ་ལ་མཁོ་བའི་ཡོ་ཆས་དང་འཚོ་བའི་མཁོ་ཆས་དག་ཡིན། 

            ཚོང་ཁང་གི་གཞི་ཁྱོན་ཧ་ཅང་ཆུང་ན་ཡང་། ཚེ་བརྟན་རྣམ་རྒྱལ་གྱི་ཚོང་ཁང་ནི་བར་སྐོར་གླིང་དུ་ཆེས་ཐོག་མར་ཡུལ་དངོས་སུ་ཐང་ག་འབྲི་བཞེངས་དང་ཕྱིར་ཚོང་གཉིས་ཟུང་དུ་འབྲེལ་བའི་ཚོང་ཁང་ནང་གི་གཅིག་ཡིན། ཐང་ག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ཞིག་ཡིན། སྐབས་དེར་མཚོན་ན་ཡུལ་སྐོར་བ་ཉུང་ན་ཡང་ངས་ཁོང་ཚོར་ཐང་ག་འབྲི་བཞེངས་ཀྱི་བརྒྱུད་རིམ་གསལ་བོ་ཞིག་མཐོང་ཐུབ་ཏུ་འཇུག་པ་དང་། ཐང་གའི་སྒྱུ་རྩལ་ལ་ཤེས་རྟོགས་བྱེད་ཐུབ་ཏུ་འཇུག་པར་མོས་པ་ཡོད་པས། ཚོང་ཁང་དུ་ཡོང་མཁན་མི་གང་ཞིག་ཡིན་རུང་རང་འདོད་ཅི་དགར་གྱིས་གཟིགས་དཔྱད་གནང་ཆོག་པའི་སྒོ་མོ་ཡངས་པོ་ཕྱེ་བ་ཡིན།  ཡུལ་སྐོར་བ་མང་པོ་ཞིག་བྱེད་སྟངས་འདིར་བརྟེན་ནས་ཐང་གར་སྤྲོ་བ་ཆེན་པོ་བྱུང་བ་ཡིན། ཐ་ན་རྒྱལ་ཕྱིའི་ཡུལ་སྐོར་བ་འགའ་ཕྱིར་རང་རྒྱལ་དུ་ལོག་རྗེས་ང་བཙལ་ནས་ཐང་ག་ཉོ་བ་ཡིན་ཟེར།  


བར་སྐོར་གླིང་གི་ཐང་གའི་སྒྱུ་རྩལ་འཁྱམ་ར།

    

        རི་མོ་འབྲི་བ་ནི་ཚེ་བརྟན་རྣམ་རྒྱལ་གྱི་དགའ་ཕྱོགས་ཤིག་ཡིན། ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་མི་ལེགས་སྟབས། ཆུང་དུས་ནས་སློབ་བྱོལ་བྱས་ཏེ་ཕྱི་རོལ་ཏུ་གླ་ལས་བྱེད་པར་ཕྱིན། དང་ཐོག་རྫོང་ཐོག་ནས་འདྲུད་འཐེན་འཕྲུལ་འཁོར་སྐོར། ཟླ་རེར་གླ་སྒོར་༡༦ཡས་མས་བཙལ་ཐུབ། རྒྱུན་པར་ཁོམ་ལོང་གི་དུས་ཚོད་ཙམ་ཡོད་དུས་ལམ་སང་ཤིང་ཐུར་ཐོགས་ནས་སར་རི་མོ་འབྲི་བ་ཡིན། ངས་ད་བར་དུ་བརྗེད་ཐབས་མི་འདུག སྐབས་དེར་འབྲི་རྒྱུ་ཧ་ཅང་དགའ་བ་ནི་ཕག་དང་། བ་གླང་། ཁྱི་ལ་སོགས་པའི་སྲོག་ཆགས་དང་། རི་ཆུ་ནགས་གསུམ་བཅས་ཡིན་ཟེར།  
       ཚེ་བརྟན་རྣམ་རྒྱལ་གྱིས་འདྲུད་འཐེན་འཕྲུལ་འཁོར་སྐོར་བའི་ལོ་འགའི་རྗེས་སུ་ཤིང་བཟོ་ལས་ཀ་བསྒྲུབས་ཤིང་། དེ་ནི་ཁོས་རང་གི་ཕུགས་སེམས་དང་ཐག་ཇེ་ཉེར་བཏང་བ་ཙམ་རེད་ལ། རྒྱུ་མཚན་ནི་ཤིང་བཟོ་བས་མཚམས་རེར་ཤིང་ཆའི་སྟེང་དུ་རྒྱན་སྤྲས་རི་མོ་སྣ་ཚོགས་འབྲི་བ་དང་། དེའི་སྟེང་ཁ་དོག་སྣ་ཚོགས་ཀྱིས་ཚོན་བྱུག་པ་ཡིན་ལ། དེར་སྤྲོ་བ་ཆེན་པོས་འགོངས་བས་ན་མ་འགྱང་བར་ཤིང་གི་བཟོས་པའི་ཁྱིམ་ཆས་སྟེང་རི་མོ་སྣ་ཚོགས་འགོད་པའི་རི་མོ་བ་ཆུང་ཆུང་ཞིག་ཏུ་གྱུར། 
         དེ་ནས་རང་ཉིད་ཀྱི་འབད་འབུངས་གང་མང་བྱས་འོག ལྷ་སར་ཐོན་དུས་ཤིང་བཟོ་དང་ཁྱིམ་ཆས་རིས་འགོད་གང་རུང་སྒྲུབ་པར་བྱང་ཆ་ལྡན། རིས་འབྲིའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། སྨན་ཐང་བའི་ལྷ་རིས་པ་ཞིག་གི་དྲུང་ནས་ཧུར་བརྩོད་ལྷོད་མེད་བྱས་མཐར་ཆེད་ལས་ཀྱི་ཐང་གའི་ལྷ་རིས་པ་ཞིག་ཏུ་གྱུར།

       ཁོང་ཨ་རི་དང་། བལ་བོ་སོགས་རྒྱལ་ཁབ་ཁག་ལ་ཕྱིན་མྱོང་། རྒྱལ་ཁབ་དེ་དག་ཏུ་ཆེས་སྤྱོད་གོ་ཆོད་པའི་ཚོང་ལས་ཀྱི་ཤེས་བྱ་མང་པོ་ཞིག་རྒྱུ་ལ་འབྱོར།   ཁོང་གིས་རྒྱལ་ཕྱིའི་ཚོང་བས་རྒྱལ་ནང་གི་ཚོང་བ་དང་མི་འདྲ་བར་རང་སྣང་གང་ཤར་གྱིས་རིན་གོང་མི་བཤད་པ་མ་ཟད། སྐུ་མགྲོན་གྱིས་ཉོ་མི་ཉོ་གང་ལ་རྣམ་འགྱུར་གཅིག་འདྲ་འཛིན་ཞིང་། དེ་ལྟའི་ཁེངས་སྐྱུང་གུས་ཞབས་ལྡན་པའི་ཚོང་གཉེར་བྱེད་སྟངས་དེ་རང་དབང་མེད་པར་སེམས་ལ་ཉར་ཞིང་ཡི་རངས་པའི་གནས་སུ་གྱུར་ཟེར། 

        ཉམས་མྱོང་དེ་དག་རང་གི་ལག་ལེན་ཏུ་བླངས།  ཁོས་ཚོང་གཉེར་ལ་ཆེས་གལ་ཆེ་བ་ཞིག་ནི་ཁ་དན་ཚིག་ལ་གནས་དགོས་པ་དེ་ཡིན། ཁ་དན་ཚིག་ལ་གནས་ཐུབ་ན་དཀའ་ངལ་ག་འདྲ་འཕྲད་ཀྱང་ཕམ་མི་སྲིད། ངའི་ལས་ཀའི་གྲུབ་འབྲས་ནི་གཏིང་ཟབ་པའི་རི་མོ་འབྲི་རྩལ་མ་ཡིན་པར་སེམས་ན་ཉར་བའི་ ཁ་དན་ཚིག་གནས་དང་། ཡིད་རྟོན་དང་། འདྲ་མཉམ། རྣམ་འགྱུར་བཅས་ཡིན་ཟེར།

    ད་ལྟ་ཚེ་བརྟན་རྣམ་རྒྱལ་གྱི་ཡོང་འབབ་ཧ་ཅང་ལེགས་ཤིང་། རང་གི་གཞིས་ཁྱིམ་ཇེ་རྒྱས་སུ་གཏོང་བའི་དུས་མཚུངས་སུ་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མ་མི་ཉུང་བ་ཞིག་ལ་མ་དངུལ་གྱི་རོགས་སྐྱོར་གནང་བཞིན་ཡོད། ཁོང་གི་སྐུ་མགྲོན་མང་པོ་ཞིག་གིས་ ཁོ་ལ་ནང་ལོགས་ནས་ཐང་གའི་ཚོང་ཁང་ཞིག་གཉེར་བར་ཁ་ཏ་གནང་ཡང་། ཁོས་ནམ་ཡང་ང་དེ་ལྟར་ཁོམ་ལོང་མེད་པའི་འཚོ་བ་རོལ་འདོད་མེད་ལ། དེ་ལ་སྙེག་ ཡང་མི་འདོད་ཅེས་བཤད་ནས་བསྐྱར་བྱུང་བ་རེད།  ཁོང་བར་སྐོར་གླིང་ནས་ལོ15རིང་ལ་འཚོ་བ་བསྐྱལ་ཞིང་།  དེའི་བར་དུ་ཚོང་ཁང་ཡང་བར་སྐོར་གླིང་ནུབ་ངོས་ནས་ཤར་ངོས་སུ་སྤར། ད་ལྟ་ཐང་ག་འབྲི་ཁང་དཀར་ཞིང་གསལ་ལ། ལས་བཟོ་བ་དང་སློབ་མ་ཡང་སྔོན་ཆད་ཀྱི་མི་གསུམ་ནས་ད་ལྟའི་མི་དགུ་ལ་སླེབས་ཡོད། ཡོད་ཚད་འགྱུར་བའི་ཆོས་ཉིད་ཡིན་ན་ཡང་། ཚེ་བརྟན་རྣམ་རྒྱལ་གྱི་བལྟས་ན་བར་སྐོར་གླིང་ལ་འགྱུར་བ་མ་བྱུང་བ་འདྲ། ཁོས་གལ་ཏེ་དེ་ལྟ་མ་ཡིན་ན་ ང་རང་ཉིད་བར་སྐོར་གླིང་ལ་ཆགས་པའི་བརྩེ་དུང་དེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མ་བྱུང་བ་དེ་ཡིན་ རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། 多杰三智
རྩོམ་སྒྲིག་འགན་འཁུར་བ། 贡布

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག