མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ཀྲུང་གོའི་བཟོ་བོ་གྲགས་ཅན་སྙིང་འབུམ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-08-26 11:30

མི་ལོ་ཉེར་བརྒྱད་རིང་གི་འབད་བརྩོན་གྱིས། རང་གི་ཁྱད་ཆོས་ལྡན་པའི་རི་མོ་གྲུབ།

2011ལོའི་ཟླ་12པའི་ཚེས་21ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་དམངས་ཁྲོད་ལྷ་རིས་སྒྱུ་རྩལ་གྲགས་ཅན་སྙིང་འབུམ་ལ། རྒྱལ་ས་པེ་ཅིན་ནས“ཀྲུང་ཧྭའི་རིག་རྩལ་ན་གཞོན་བྱ་དགའ”ཞེས་པ་འཐོབ་པས། གསར་འགོད་པ་ཆེད་དུ་ཁོ་ལ་བཅར་འདྲི་བྱེད་དུ་སོང་བ་ན། ཁོས་རང་གི་སྐྲ་ལོ་ལག་པས་ཤད་བཞིན“ཀྲུང་ཧྭའི་རིག་རྩལ་ན་གཞོན་བྱ་དགའ་ལེན་སའི་སྟེགས་བུའི་སྟེང་ནས་ལངས་དུས། ངས་དེ་ནི་རང་གིས་ལོ་ངོ་མང་པོར་ཐང་གའི་སྒྱུ་རྩལ་ལ་འབད་པ་བྱས་པའི་འབྲས་བུ་ཡིན་པ་ཤེས་ཤིང་། དེ་དང་མཉམ་དུ་ལོ་འདི་འགར་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་གོང་འཕེལ་བྱུང་བ་ལ་ཡང་རག་ལས་པ་ཤེས་སོང་། གལ་ཏེ་སྤྱི་ཚོགས་ཀྱི་གནས་བབ་ཡག་པོ་འདི་འདྲ་མེད་ཚེ། ང་ཡང་ལྷ་བཟོ་གོང་མ་རྣམས་དང་འདྲ་བར། རང་ཚོད་ཀྱིས་རེབ་གོང་སྒྱུ་རྩལ་འདི་ཉིད་རྒྱུད་འཛིན་བྱ་རྒྱུ་ལས་ད་སྐབས་དང་འདྲ་བའི་དར་སྤེལ་གཏོང་ག་ལ་ཐུབ་སྙམ་པའི་བསམ་ཚུལ་སྐྱེས”ཟེར། ལོ12སྟེང་ནས་བཟུང་ལྷ་བཟོ་མཁས་ཆེན་ཤ་བོ་ཚེ་རིང་གི་རྗེས་སུ་འབྲངས་ནས་ཐང་ག་འབྲི་བཞེངས་ལ་སྦྱོང་བ་བྱས་ཤིང་། ད་ལོར་སྲིད་གཞུང་ཕྱོགས་ཀྱི་མ་ཡིན་པའི་རིག་གནས་བྱ་དགའ་མཐོ་ཤོས་བླངས་པའི་བར་དུ་མི་ལོ28འདས། དེའི་རིང་ལ་ཁོས་རང་ཉིད་ཀྱི་བརྩོན་སེམས་དང་འཚོལ་སྙེག་ལ་བརྟེན་ནས་སྒྱུ་རྩལ་གྱི་ལམ་བུར་འོད་འཚེར་བའི་རྐང་རྗེས་རེ་རེ་བཞག་ཡོད།

དགེ་རྒན་ཤ་བོ་ཚེ་རིང་གི་རྗེས་སུ་འབྲངས་ཏེ། སྙིང་འབུམ་ཡང་སྔ་ཕྱིར་བོད་ལྗོངས་དང་ཀན་སུའུ། ཡུན་ན། ཧྲང་ཧེ། ཐེནཅིན། ཀོང་ཀྲིག། ཧྲིན་ཀྲིན། སི་ཁྲོན་སོགས་སུ་སྒྱུ་རྩལ་གསར་གཏོད་ཕྱོགས་ཀྱི་བགྲོ་གླེང་དང་འགྲེམས་སྟོན་གྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་པ་དང་། དེ་དག་ལས་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཁྱད་འཕགས་དག་ལ་སྒྱུ་རྩལ་ལས་རིགས་སྟེང་གི་མི་རྣམས་ཀྱིས་གདེང་འཇོག་ལེགས་པོ་གནང་མྱོང་།

རི་མོའི་བཟོ་རྩལ་ཇེ་ལེགས་སུ་གཏོང་ཆེད། ཁོ་རང་ཆེད་དུ་ཁྲིན་ཏུའུ་ལ་སོང་ནས་སྲོལ་རྒྱུན་གྱི་ཞིབ་བྲིས་བཟོ་རྩལ་ལ་ཆེད་སྦྱོང་གནང་བས། ཁོའི་སྒྱུ་རྩལ་མཐོང་ལམ་དང་བཟོ་རྩལ་གྱི་མངོན་སྟངས་སྔར་ལས་ལྷག་པར་རྒྱ་བསྐྱེད་ཅིང་ཕུན་སུམ་ཚོགས་པར་གྱུར། ཁོས་ཁྲིན་ཏུའུ་ནས་ཐེངས་དང་པོར་རང་ཉིད་ཀྱི་བརྩམས་ཆོས་ཚོང་ལམ་དུ་བཅུག་པ་རེད། ཁོས་བཤད་རྒྱུར། སྐབས་དེར་ང་རང་ཚོང་པ་ཞིག་དང་འཕྲད་དེ་ངོ་ཤེས་སུ་གྱུར། ཁོས་ང་ལ་ཐང་ག73གྱི་ཚོང་ལམ་ཞིག་ངོ་སྤྲོད་བྱས་ཤིང་། ཐང་ག་དེ་དག་ཚང་མ་རང་རྒྱལ་གྱི་ཤར་བྱང་ས་ཁུལ་གྱི་པའོ་ཉིན་དགོན་པ་ན་ཉར་ཚགས་བྱས་ཡོད་ཚུལ་ངས་རྗེས་ནས་ད་གཟོད་ཤེས་ཟེར།

སྙིང་འབུམ་གྱི་རི་མོ་ལ་ཁོ་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ཤིག་གྲུབ་ཡོད་པ་དེ། ཚོན་བྱུགས་སྟངས་ཀྱི་ངོས་ནས་བཤད་ན་ཡང་རྩ་བའི་ཁ་དོག་གི་ཚོན་མདངས་སྣ་ཚོགས་བསྲེས་ནས་སྡེབ་སྦྱོར་ལེགས་པར་བྱས་ཡོད། ལྷག་ཏུ་རི་མོའི་རྣམ་པ་ཡག་པོ་ལ་ཚོན་སྣ་ཆེས་ལེགས་པའི་ཚོན་སྒྱུར་བྱས་ཚེ། དངོས་ཡོད་དང་སྒྱུ་འཕྲུལ་གྱི་ཉམས་སྣང་ལས་ཐོན་པའི་ཐང་གའི་བཟོ་རྩལ་གྱི་མཛེས་པ་ཞིག་གིས། ཁྱད་མཚར་བའི་སྒྱུ་རྩལ་གྱི་ཁམས་ཡངས་པོ་ཞིག་སྐྲུན་ཡོང་། བོད་ཀྱི་རིག་གནས་རྟེན་མཛོད་ཁང་དུ་འཛམ་གླིང་སྟེང་ཆེས་རིང་བའི་ཐང་ག་ཞིག་ཡོད་ལ། དེ་ལེགས་གྲུབ་བྱུང་བ་ལ་ལྷ་རིས་པ་སུམ་བརྒྱ་ལྷག་གི་འབད་བརྩོན་དང་འབྲལ་ཐབས་མེད་ཅིང་། སྙིང་འབུམ་ཡང་དེའི་གྲས་ཀྱི་གཅིག་རེད། སྙིང་འབུམ་གྱིས་“པར་རིས་མང་བོ་ཞིག་པིར་སྨྱུག་ཕྲ་མོ་ལ་བརྟེན་ནས་བྲིས་པ་ཡིན་ལ། དེ་དག་ཀྱང་ཕྲ་མཐོང་མེ་ཤེལ་ལས་མ་བལྟས་ན་མཐོང་དཀའ།”ཟེར།

2007ལོའི་ཟླ་6པར། སྐབས་དང་པོའི་ཀྲུང་གོའི་བཟོ་བོ་གྲགས་ཅན་དྲིལ་སྒྲོག་དང་མཚམས་སྦྱོར་བྱ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་པས་དཔྱད་འཇོག་བྱས་མཐར། སྙིང་འབུམ་ལ་“སྐབས་དང་པོའི་ཀྲུང་གོའི་བཟོ་བོ་གྲགས་ཅན”གྱི་མཚན་སྙན་གནང་།

ཐང་གའི་བཟོ་རྩལ་རྒྱུན་འཛིན་དར་སྤེལ་བྱས་པས། ཀུན་གྱིས་གོང་བཀུར་བསྟོད་པའི་བསྔགས་བརྗོད་ཐོབ།

2003ལོར་བཟོ་བོ་མཁས་ཆེན་ཤ་བོ་ཚེ་རིང་ལགས་སྐུ་གྲོངས་ཁར། ཁོང་གིས་དངོས་སློབ་སྙིང་འབུམ་ལ་“སློབ་གྲྭ་ཞིག་ཡོད་ན་ཅི་མ་རུང་། སློབ་གྲྭ་ཞིག་ཡོད་ཚེ་མི་མང་པོ་ཞིག་ལ་ཐང་གའི་བཟོ་རྩལ་སློབ་དུ་འཇུག་ཆོག་ལ། མི་མང་བོ་ཞིག་ལ་ཐང་གའི་བཟོ་རྩལ་རྟོགས་སུ་འཇུག་ཆོག་ཨང་”ཞེས་ཁ་ཆེམས་ཀྱི་ཚུལ་དུ་གསུངས།

2011ལོའི་ཟླ12ཚེས22ཉིན་ཏེ། གྲང་ངར་ཆེ་བའི་དགུན་དུས་ཀྱི་ནངས་མོ་ཞིག་ལ། སྙིང་འབུམ་གྱིས་རེབ་གོང་ཐང་ག་ལས་རིགས་ལག་རྩལ་གསོ་སྤྱོང་སློབ་གྲྭའི་ཐོག་ཁང་གསར་བ་དེའི་མདུན་ནས་སང་ཉིན་གྱི་དཔྱིད་དཔལ་བསླེབ་པར་རེ་སྒུག་བྱེད་བཞིན་མཆིས། སྙིང་འབུམ་གྱིས“སང་ལོའི་ཟླ3པའི་ཚེས15ཉིན་ནི་སློབ་མགོ་རྩོམ་པའི་ཉིན་མོ་ཡིན”ཞེས་བཤད་ཅིང་། ཁོས་བཤད་པ་དེ་ནི་ཐང་གའི་བཟོ་རྩལ་སྦྱོང་སའི་སློབ་གྲྭ་དེ་ཡིན།

བཟོ་བོ་མཁས་ཆེན་ཤ་བོ་ཚེ་རིང་ལགས་ཀྱི་ལྷན་སྐྱེས་ཀྱི་རིག་པ་རྣོ་ལ། སྦྱང་བརྩོན་ལ་འབད་པ་ཆེ་བར་མ་ཟད་ཤེས་རབ་ཀྱི་རྟོགས་པ་མཐོ་བས་ཀྲང་ཏ་ཆན་གྱི་བློར་བབས་ཏེ་ཏུན་ཧོང་གི་ལྡེབས་རིས་འབྲི་བར་ཁྲིད། ལོ་ངོ་གསུམ་ཙམ་གྱི་རིང་ལ་ཁོང་གིས་ཝེ་ཐང་གི་རི་མོའི་འབྲི་སྲོལ་དང་ཝུའུ་ཏའོ་ཙི་གྲུབ་མཐའི་བཟོ་རྩལ་ཉམས་འགྱུར་ཀུན་ནས་རྟོགས་པར་མ་ཟད་། ཏུན་ཧོང་ལྡེབས་རིས་སྒྱུ་རྩལ་གྱི་ཉིང་བཅུད་དང་བཟོ་རྩལ་མངོན་པར་མཁྱེན། སྙིང་འབུམ་གྱིས་རང་གི་དགེ་རྒན་དམ་པ་བླ་རུ་བཀུར་བ་ཡིན་ལ། དགེ་རྒན་དང་འགྲོགས་ནས་ས་ཆ་མང་བོར་སོང་མྱོང་བ་དང་། བཟོ་རྩལ་ཀྱང་རིམ་བཞིན་གོང་ནས་གོང་དུ་འཕེལ།

ཁྲིན་ཏུའུ་གྲོང་ཁྱེར་ནས་ཐང་ག་འབྲི་ཞོར་དང་བཙོང་ཞོར་བྱས་པ་ནས། ལྷ་ས་ནས་རི་མོ་ཚབ་བཙོང་བྱེད་མཁན་བཙལ། “ལྷ་ས་ནས་་ལོ་བརྒྱད་འགོར་སོང་། ”སྙིང་འབུམ་གྱིས་དེ་ལྟར་བཤད་ཞོར་ཁོས་དཀའ་སྡུག་གི་ལོ་ཟླ་དེའི་ཁྲོད་ནས་ད་གཟོད་དེ་རིང་གི་འབྲས་བུ་འདིའི་ས་བོན་བསགས་ཚུལ་གླེང་།

“སྒོར་མོ་རང་དགར་བསྐྱུར་བཞག་ན་ག་ལ་འགྲིག” ཁོས་ནམ་ཡང་རང་གི་དགེ་རྒན་གྱི་ཁ་ཆེམས་དེ་བརྗེད་མེད་པས། གཞི་ནས་རང་གི་གསོག་དངུལ་ཡོངས་རྫོགས་དང་། དེའི་ཁར་ཕ་མ་སྤུན་མཆེད་ཀྱི་ལག་ནས་བསྐྱིས་ཡོང་བའི་སྒོར་མོ་བསྣན་ནས་རི་མོ་ཁང་ཞིག་བཙུགས་པ་རེད།

ཏག་ཏག་ལོ་དེ་དག་གི་རིང་ལ། ཐང་གའི་རིན་གོང་སྒོར་བརྒྱ་གྲངས་ནས་ད་ལྟའི་ཁྲི་གྲངས་ལ་འཕར། རེབ་གོང་གི་ཐང་གའི་བཟོ་བོ་ཡང་བརྒྱ་གྲངས་ནས་ཁྲི་གྲངས་ལ་འཕར་སོང་། རེབ་གོང་རི་མོ་ཁང་གིས་དེ་དུས་ཀྱི་བུ་ལོན་འཇལ་བར་མ་ཟད་ད་དུང་ཐང་གའི་བཟོ་རྩལ་འཁྲིད་པའི་ལས་རིག་ལག་རྩལ་སློབ་གྲྭ་ཞིག་ཀྱང་བཙུགས། “མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་ཚང་མ་རི་མོ་ཁང་ནས་བཏང་བ་ཡིན”ཞེས་སྙིང་འབུམ་གྱིས་དེ་ལྟར་བཤད་རྗེས། རི་མོ་ཁང་འཕེལ་རྒྱས་བྱུང་བ་འདི་འདྲ་མགྱོགས་པ་ནི་གཙོ་བོ་མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ལེགས་པར་སྤེལ་བ་དང་། དེར་འབྲེལ་གྱི་སྲིད་ཇུས་ལེགས་པོ་དང་ཆ་རྐྱེན་བཟང་པོ་སོགས་ལ་འབྲེལ་བ་དམ་པོ་ཡོད། རེབ་གོང་གི་ཐང་གའི་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ། ངེས་པར་སྲིད་གཞུང་སྡེ་ཁག་གིས་འབད་འབུངས་བྱ་དགོས་ལ། བཟོ་བོ་ཞིག་ཡིན་པའི་ཆ་ནས་ཁོ་རང་གིས་ཀྱང་འོས་སུ་བབས་པའི་འགན་འཁུར་དགོས་ཟེར།

སྙིང་འབུམ་གྱིས“རྒྱུ་ནོར་སྤྱི་ཚོགས་ནས་བླངས་ཤིང་། ཕྱིར་སྤྱི་ཚོགས་ལ་གཏོང་དགོས། ད་སྐབས་ང་ལ་དེ་འདྲའི་ནུས་པ་ཡང་ལྡན་ཡོད་སྙམ”ཞེས་བཤད་པ་དང་། དེ་ནི་སྙིང་འབུམ་གྱིས་རེབ་གོང་ཐང་ག་བཟོ་རྩལ་ལས་རིགས་སློབ་གྲྭ་འཛུགས་པའི་ཐོག་མའི་ཀུན་སློང་ཡང་རེད། སློབ་གྲྭའི་ཆེ་ཆུང་ལ་མུས་གྲུ་བཞི་མ་བཞི་སྟོང་ལྷག་ཡོད་ལ། སློབ་མ་སུམ་བརྒྱ་ལྷག་གིས་སློབ་སྤྱོང་བྱེད་ཆོག

རི་མོ་ཁང་དང་སློབ་གྲྭ་བཙུགས་པའི་ཐད་ནས་མི་མང་ཆེ་བས་ད་ནི་སྙིང་འབུམ་གྱིས་གྲུབ་འབྲས་མཐོ་ཤོས་བླངས་འདུག་སྙམ་བཞིན་ཡོད་མོད། སྙིང་འབུམ་ལ་མཚོན་ན་དེ་ཙམ་གྱིས་མི་ངོམས་པར་ད་དུང་རེབ་གོང་གི་ཐང་གའི་བཟོ་རྩལ་གྱི་རྟེན་མཛོད་ཁང་ཞིག་བཙུགས་ཏེ། བཟོ་བོ་མཁས་ཆེན་དག་གི་བརྩམས་ཆོས་ལེགས་ཤོས་ཕྱོགས་གཅིག་ཏུ་བསྡུས་ནས་སློབ་སྦྱོང་བྱེད་མཁན་རྣམས་ལ་རོལ་མྱོང་གི་བགོ་སྐལ་ཞིག་བསྐྲུན་ན་ཅི་མ་རུང་སྙམ་བཞིན་ཡོད།

དང་ཐོག་སྙིང་འབུམ་ལ་མགྲོན་ཁང་གཉེར་ཏེ་ཚེ་སྨད་བདེ་སྐྱིད་ཀྱིས་རོལ་བར་སྐུལ་མཁན་རྣམས་ཀྱིས་ཁོའི་དྲན་ཚུལ་དེ་གོ་རྗེས་ཧ་ལས་ཤིང་། ཁྱོད་ཀྱིས་མི་ཐོག་གཉིས་ཀྱི་ལས་ཀ་ལས་འདོད་པ་ཡིན་ནམ་ཞེས་འདྲི་མཁན་ཡང་བྱུང་། འོན་ཀྱང་སྙིང་འབུམ་གྱིས་ངའི་མི་ཐོག་འདིའི་ལས་ཀ་ཡག་པོ་ཞིག་བསྒྲུབ་འདོད་པ་ཙམ་ཡིན་ཟེར།“ཐང་གའི་བཟོ་རྩལ་ནི་རྨ་ལྷོ་ཁོ་ནས་མ་ཡིན་པར། མཚོ་སྔོན་གྱི་ཡིན་ལ། ལྷག་ཏུ་ཀྲུང་གོའི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན། ང་ཚོའི་མེས་པོ་དག་གིས་འདི་ནས་ལོ་ངོ་བདུན་བརྒྱ་ལྷག་ལ་རི་མོ་བྲིས་ཡོང་བས། དེ་འདྲའི་ཁྱད་དུ་འཕགས་པའི་ཐང་གའི་བཟོ་རྩལ་ཞིག་ང་ཚོར་བཞག་པ་རེད། ང་ཚོས་ངེས་པར་རང་ནུས་ཅི་ཡོད་ཀྱིས་བཟོ་རྩལ་འདི་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། འཛམ་གླིང་ཡོངས་ཀྱིས་དགའ་བསུ་ཐོབ་པ་ཞིག་བྱ་དགོས”ཟེར།

རེབ་གོང་གི་རི་མོ་ཁང་དུ་སྙིང་འབུམ་གྱིས་དྭ་ཕྲུག23ལ་ཐང་ག་འབྲི་ཚུལ་འཁྲིད་བཞིན་ཡོད། ཁོས་རྒྱུན་དུ་སློབ་མ་ཚོར་མ་འོངས་པར་ཁྱོད་ཚོར་གྲུབ་འབྲས་ཐོབ་ཚེ། ཁྱོད་ཚོས་ཀྱང་མི་གཞན་ལ་ཐང་ག་བཞེངས་ལུགས་འཁྲིད་དགོས། མི་རེས་སློབ་མ་བཅུ་རེ་སྐྱོང་བའི་དབང་དུ་བཏང་ཚེ། ཁྱོད་ཚོས་སློབ་མ230སྐྱོང་ཐུབ་པ་རེད། དེ་ནས་ཁྱོད་ཚོའི་སློབ་མས་ཀྱང་སློབ་མ་བསྐྱངས་ཚེ་ནམ་ཞིག་སློབ་མ་དང་ཡང་སློབ་ཀྱིས་ས་སྟེང་ཁྱབ་ནས་ཐང་གའི་བཟོ་བོ་བགྲང་ལས་འདས་པ་འབྱུང་ངེས་ལ། ཐང་གའི་བཟོ་རྩལ་ཀྱང་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བྱེད་ཐུབ་ཅེས་བརྗོད་ཀྱིན་ཡོད།

“ལས་རིགས་སློབ་གྲྭ་འགྲུབ་རྗེས། སྔར་བཞིན་དྭ་ཕྲུག་་དང་ཆ་རྐྱེན་ཞན་པའི་བྱིས་པ་དམིགས་བསལ་གྱིས་བསྡུ་རྒྱུ་ཡིན་ལ། ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་སོགས་ཀྱང་ང་རང་གིས་འགན་འཁུར་རྒྱུ་ཡིན”ཟེར། ལོ་ངོ28ལ་བློ་གཅིག་སེམས་གཅིག་གིས་ཐང་ག་འབྲི་བཞེངས་ལ་བྲེལ་བའི་ཕོ་རྒོད་སྙིང་འབུམ་གྱིས་དེ་ལྟར་བཤད་དུས། ཁོའི་མགོ་འཕང་གཞན་ལས་མཐོ་ལ་སྤོབས་པ་སྔར་ལས་ཆེ།

བཟོ་བོ་མཁས་པའི་མཚན་སྙན་ཐོབ་གྱུར་ཀྱང་། ཐང་གའི་བཟོ་རྩལ་སྤེལ་བའི་འགན་མི་འདོར།

ཐང་གའི་རིན་གོང་འཕར་བ་དང་བསྟུན་ནས་ཚོང་ལམ་ཡང་སྔར་ལས་ཆེ་བར་གྱུར་པས། བརྩམས་ཆོས་རྫུན་མ་ཡང་རང་བཞིན་གྱིས་བྱུང་སྟེ། ཐང་གའི་བཟོ་རྩལ་གྱི་མཚན་སྙན་ལ་དངོས་བརྒྱུད་གང་རུང་ནས་གནོད་ཀྱིན་ཡོད། དེར་སྙིང་འབུམ་གྱིས་ཀྱང་སེམས་ཁྲལ་བྱེད་བཞིན་ཡོད། ཁོས་ང་ཚོར་བཤད་དོན། “ཐང་གའི་ཚོང་ལམ་བདེ་བླག་ཡོང་བའི་ཆེད་དུ་རིམ་པ་སོ་སོའི་སྲིད་གཞུང་དང་ཐང་གའི་བཟོ་བོ་ཚང་མའི་དེ་འབྲེལ་གྱི་བྱ་བ་སྒྲུབ་བཞིན་ཡོད་ལ། ང་ཚོས་རེབ་གོང་ཐང་གའི་བཟོ་རྩལ་དཔྱད་འཇོག་ཨུ་ཡོན་ལྷན་ཚོགས་ཤིག་ཀྱང་བཙུགས་ཡོད”ཟེར། ཨུ་ཡོན་ལྷན་ཚོགས་དེས་རེབ་གོང་ས་ཁུལ་གྱིས་འབྲི་བཞེངས་བྱས་པའི་ཐང་གའི་སྤུས་ཀར་དཔྱད་འཇོག་བྱ་དགོས་ལ་ཁོ་རང་ཉིད་ཀྱང་ཨུ་ཡོན་གྱི་གྲས་སུ་ཡོད།

དེ་ཡང་བཙོང་རན་པའི་ཐང་ག་དག་ལ་ངེས་པར་དུ་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་འཇོག་དང་ཁས་ལེན་བྱ་དགོས། གཞི་འདིང་བ་དང་སྐྱ་ཐིག་འཕེན་པ། ཚོན་བྱུགས་པ། གསེར་སྐུད་འདྲེན་པ་སོགས་གོ་རིམ་ཡོངས་རྫོགས་ལ་དཔྱད་འཇོག་ནན་མོ་བྱེད་དགོས། སྙིང་འབུམ་གྱིས་བཤད་ན། བརྩམས་ཆོས་དག་ལ་ཡང་རིམ་པ་དགར་ཡོད་དེ། དཔེར་ན་ཉར་ཚགས་སུ་རུང་བའི་ཐང་ག་དང་ཐང་ག་སྤུས་དག་ཅན། རིམ་པ་དང་པོ་དང་གཉིས་པའི་ཐང་ག དྲན་རྟེན་དུ་རུང་བའི་ཐང་ག་སོགས་ཡོད། རིམ་གྲས་མི་གཅིག་པ་སོ་སོའི་རིན་གོང་ལ་ཡང་མཐོ་དམན་གྱི་ཁྱད་པར་ཡོད་པ་རེད།

ཨུ་ཡོན་ལྷན་ཚོགས་ཀྱིས་རེབ་གོང་གི་ཐང་གའི་ཚོང་རྟགས་འབྲེལ་ཡོད་སྡེ་ཁག་ལ་རེ་ཞུ་བྱས་ཡོད་ལ་སང་ལོར་ཆོག་མཆན་འཐོབ་ཐུབ། སྐབས་དེར་ཐང་གའི་སྤུས་ཀ་དཔྱད་འཇོག་གི་ཕྱོགས་ནས་སྔར་ལས་ཀྱང་ཡིད་རྟོན་རུང་བ་རེད། དེ་ཡང་དོན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་ཆེད་ཡིན་པ་དང་། ལྷག་པར་ཏུ་ཐང་གའི་བཟོ་རྩལ་གྱི་ཆེད་དུ་རེད། སྙིང་འབུམ་གྱིས་དཔྱད་འཇོག་བྱེད་ཕྱོགས་གྱི་ཆ་ནས་ཞིབ་ཆ་དོད་ནས་ཐག་གཅོད་བཞིན་པའི་སྒང་ཡིན་ལ། ཐང་གའི་བཟོ་རྩལ་ལས་ཁེ་ཕན་རེག་ཐུབ་པའི་བཟོ་བོ་སྔར་ལས་མང་བོ་འབྱུང་ངེས་རེད། ད་སྐབས་རེབ་གོང་གི་མི་མང་བོ་ཞིག་གིས་ཐང་ག་ལ་བརྟེན་ནས་ཁང་པ་གསར་བ་ལས་ཤིང་རླངས་འཁོར་སྐོར་བཞིན་ཡོད་པས། ཉེ་འཁོར་གྱི་སྡེ་མི་མང་པོས་ཀྱང་ཐང་གའི་བཟོ་རྩལ་སློབ་འདོད་ཡོད་པ་རེད། སྙིང་འབུམ་གྱིས་བལྟས་ན། ཐང་ག་འབྲི་བཞེངས་ནི་སྒྱུ་རྩལ་གྱི་ལས་ཀ་ཁོ་ན་ཙམ་མ་ཡིན་པར། ས་གནས་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་དམ་པོར་ཡོད་པར་སྙམ། ད་ལོར་རེབ་གོང་རི་མོ་ཁང་གིས་སྒོར་བྱེ་བ་གསུམ་གྱི་ཡོང་སྒོ་བླངས་པ་རེད།

ལོ་མང་པོར་འབད་བརྩོན་བྱས་པས་རེབ་གོང་གི་ཐང་གའི་བཟོ་རྩལ་གྱི་མཚན་སྙན་ཡུལ་ཕྱོགས་ཀུན་ལ་ཁྱབ་ཡོད། སྙིང་འབུམ་གྱིས་དེ་ནི་སྲིད་གཞུང་སྡེ་ཁག་གིས་གཙིགས་མཐོང་ཆེན་པོ་བྱས་པ་དང་ཐང་ག་བཟོ་བོ་དག་གིས་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད་ཟེར། །