མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

མཚོ་སྔོན་གྱི་ཁྱད་ལྡན་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་གནད་སའི་དབྱེ་ཞིབ།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-08-26 11:30

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ནི། མཚོ་སྔོན་གྱིས་འཕེལ་རྒྱས་བྱེད་སྟངས་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོད་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་ལ། ཁྱད་སྟོབས་དམ་འཛིན་དང་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བྱེད་རྒྱུ་ནི། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་དེ་སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་ཐོད་བརྒལ་དང་རྒྱུན་མཐུད་འཕེལ་རྒྱས་འབྱུང་བར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན།

གཅིག མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཁྱད་སྟོབས་ཀྱི་དབྱེ་ཞིབ།

ཞིང་ཕྱུགས་ཐོན་ལས་མ་ལག་ཕལ་ཆེར་ཆགས། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཉིན་རེ་བཞིན་ཇེ་གསལ་དང་། ཞིང་ཕྱུགས་ལས་ཐོན་ལས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་དང་དཔེ་དབྱིབས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཀྱི་མ་ལག་ཆེན་པོ་བཅུ་ཕལ་ཆེར་ཆགས་པ་དང་། ས་ཁུལ་ཆེན་པོ་བརྒྱད་དུ་མུའུ་ཁྲི་དང་ཕྱུགས་ཟོག་ཁྲི་ཡི་འཆར་གཞི་བདེ་བླག་ངང་སྤེལ་བ་དང་། ཐོན་ལས་ཅན་གྱི་བདག་གཉེར་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་ཏེ། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོད་བརྒལ་འཕེལ་རྒྱས་ལ་ཐོན་ལས་ཀྱི་རྨང་གཞི་གལ་ཆེན་བཏིང་། ཁྱད་པར་དུ“ས་ཁུལ་བཞི་དང་རྒྱུད་གཉིས་ལམ་ཐིག་གཅིག”གི་ས་ཁོངས་འཕེལ་རྒྱས་ཀྱི་གྲུབ་ཚུལ་ལ་དམིགས་ཏེ། མཚོ་ཤར་དང་མཚོ་བྱང་། མཚོ་ལྷོ། རྨ་ལྷོ་བཅས་དང་དེ་མིན་ཏ་ཐུང་དང་ཧུའུ་ཀྲུའུ་སོགས་ཀྱི་དེང་རབས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། རེ་རེར་ཁྱད་ཆོས་རེ་ལྡན་ཞིང་ཁྱད་སྟོབས་ཕན་ཚུན་ཁ་གསབ་དང་ཕན་ཚུན་སྐུལ་འདེད་ཀྱི་ཞིང་ཕྱུགས་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འབྱུང་བའི་རྣམ་པ་གསར་བ་ཞིག་ཆགས།

ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཞབས་ཞུ་སྔར་ལས་ཇེ་དྲག་ཏུ་གྱུར། ཞིང་ཕྱུགས་ལས་ཚན་རྩལ་ནི་དེང་རབས་ཞིང་ཕྱུགས་ལས་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱེད་པའི་རྨང་གཞིའི་འདེགས་སྐྱོར་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཕྱུགས་ལས་དཔལ་འབྱོར་ཁྲོད་ཀྱི་ཚན་རྩལ་གསར་བསྐྲུན་གྱི་འདེགས་སྐྱོར་ནུས་པ་དང་སྣེ་ཁྲིད་ཀྱི་ནུས་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཤུགས་ཆེན་པོས་ཚན་རྩལ་ལ་བརྟེན་ནས་ཞིང་ཕྱུགས་ལས་དར་སྤེལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཤིང་། རྒྱུན་ཆད་མེད་པར་ཞིང་ཕྱུགས་ལས་ཚན་རྩལ་ཐད་ཀྱི་མ་དངུལ་གཏོང་ཤུགས་ཇེ་མང་དུ་བཏང་བ་དང་། ཤུགས་ཕུད་དེ་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་མཁོ་འདོན་ནུས་པ་ཇེ་མཐོར་བཏང་བས། ལག་རྩལ་གཙོ་བོ་ཁ་ཤས་ཞིབ་འཇུག་གསར་སྤེལ་དང་སྔོན་ཐོན་གྱི་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་བྱེད་པར་གྲུབ་འབྲས་ཆེན་པོ་བླངས། སྡོམ་རྩིས་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”སྐབས་སུ་མཚོ་སྔོན་ཞིང་ཆེན་ལ་བསྡོམས་པས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཉིས་བརྒྱ་ང་དགུ་ཐོབ་པ་དང་། ལག་རྩལ་གསར་བ་བརྒྱ་དང་དོན་ལྔ་ཁྱབ་སྤེལ་བྱས། ཚད་ངེས་ཅན་ཞིག་གི་སྟེང་ནས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ནུས་པ་ཇེ་མཐོར་སོང་ནས། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་དགོས་ངེས་ཀྱི་ལག་རྩལ་རྨང་གཞི་བཏིང་།

སྲིད་ཇུས་ཐད་ནས་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་སྐྱོན་བྲལ་ཞིང་རྒྱུན་མཐུད་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་དགོས་ན། རྒྱལ་ཁབ་དང་ས་གནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོ་དགོས་པ་རེད། རང་རྒྱལ་སྲིད་གཞུང་གིས་ནུབ་རྒྱུད་ཀྱི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། ཆེ་ཕྱོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཕྱོགས་སྟོན་གསལ་བ་དང་འདེགས་སྐྱོར་གྱི་ནུས་པ་ལྡན་པས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ཀྱི་ལྷད་མེད་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་སྔར་ལས་གལ་ཆེན་འདོན་སྤྲོད་བྱེད་ངེས་རེད། ཁྱད་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་དོན་དངོས་ལྟར། སྔ་གཞུག་ཏུ«སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར»དང«“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་འཆར་འགོད»«ཞིང་ཕྱུགས་ལས་ཚན་རྩལ་གསར་བསྐྲུན་ལ་ཤུགས་བསྣན་ཏེ་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར»སོགས་འཆར་འགོད་དང་སྲིད་ཇུས་གལ་ཆེན་རབས་དང་རིམ་པ་འགྲེམ་སྤེལ་བྱས་ཤིང་། དེ་ལ་མདུན་ལྗོངས་རང་བཞིན་དང་མཛུབ་སྟོན་རང་བཞིན། སྤྱོད་སྒོ་རང་བཞིན་བཅས་ལྡན་པས། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྲིད་ཇུས་ཀྱི་ཁོར་ཡུག་ཆེན་པོ་ཞིག་བསྐྲུན་པ་རེད།

ལྷད་མེད་འཛད་སྤྱོད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་གྱུར། ད་ལྟའི་དུས་འདིར་ལྷད་མེད་ལ་བརྩི་མཐོང་དང་བདེ་ཐང་ལ་བསྙེགས་པ་དེ་འཛད་སྤྱོད་ཀྱི་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད། འཛམ་གླིང་གི་ལྷད་མེད་ཟས་རིགས་ཚོང་རའི་འཛད་སྤྱོད་ཀྱི་ཚད་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བཞི་ཅུའི་མྱུར་ཚད་ཀྱིས་འཕར་སྣོན་འབྱུང་བཞིན་ཡོད་པས། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཚོང་རའི་བར་གསེང་རྒྱ་ཆེན་པོ་དང་ཚོང་རའི་དགོས་མཁོ་ཆེན་པོ་འདོན་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ། “མཐོ་སྒང་རྟགས་ཅན”དང“ལྷད་མེད་རྟགས་ཅན”“སྐྱེ་ལྡན་རྟགས་ཅན”བཅས་གཙོ་སྒྲུབ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་པེ་ཅིན་དང་ཧྲང་ཧེ། ཞང་ཀང་སོགས་གྲོང་ཁྱེར་ཆེན་པོའི་ཚོང་རར་བཏང་བ་མ་ཟད། འཇར་པན་དང་ལྷོ་ཁོ་རེ་ཡ། ཡོ་རོབ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་འཚོང་བྱས་ཏེ། ཚོང་རའི་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་བཏང་། མུ་མཐུད་དུ་སྤྱི་ལ་གནོད་པ་མེད་པའི་ཞིང་ཕྱུགས་ཐོན་རྫས་དང་ལྷད་མེད་ཟས་རིགས། སྐྱེ་ལྡན་ཟས་རིགས་བཅས་ཀྱི་ཐོན་ལས་མགྱོགས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ན། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་དཔལ་འབྱོར་ཐད་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་ཁྲིད་བྱེད་ངེས་རེད།

གཉིས། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནད་སའི་དབྱེ་ཞིབ།

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཕེལ་རྒྱས་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན། དེང་རབས་ཅན་བཅས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བརྩིས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་སྟོབས་ཤུགས། ཁོར་ཡུག་གི་ཤོང་ཚད། ཐོན་ལས་ཀྱི་གྲུབ་ཚུལ། ཚོང་རའི་དགོས་མཁོ་བཅས་ལ་གཅིག་གྱུར་གྱིས་བསམ་བློ་བཏང་ནས། གོམ་གང་མདུན་སྤོས་སྒོས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནད་ས་གདམ་གསེས་དང་གཏན་འཁེལ་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་རེད།

མཐོ་སྒང་གི་དེང་རབས་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མཚོ་སྔོན་གྱི་ས་ཁུལ་མང་ཆེ་བའི་མི་དང་ས་ཞིང་བར་གྱི་འགལ་བ་འབུར་ཐོན་ཡིན་པ་དང་། རང་བྱུང་གནོད་འཚེ་མོད་པས། ཞིང་ལས་ཀྱི་རྒྱུན་སྲོལ་ཐོན་སྐྱེད་ཆེས་བརྟན་འཇགས་མིན་པ་རེད། དེར་བརྟེན་ཤུགས་ཆེན་པོས་དེང་རབས་སྒྲིག་ཆས་ཞིང་ལས་གོང་དུ་སྤེལ་བ་དེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་ཕན་འབྲས་མཐོར་འདེགས་གཏོང་བར་དོན་སྙིང་གལ་ཆེན་ལྡན། གཅིག་ནི“གཅིག་གྱུར་འཆར་འགོད་དང་ཚད་གཞི་མཐོར་འདེགས། གཅིག་བསྡུས་འཛུགས་སྐྲུན། མུ་འབྲེལ་འཕེལ་རྒྱས”བཅས་ཀྱི་བླང་བྱ་ལྟར། ཙོང་ཆུ་དང་རྨ་ཆུའི་འབབ་རྒྱུད་དང་ཚྭ་འདམ་གཞོང་ས་ཁུལ་ནས་མུ་མཐུད་དུ་སྒྲིག་ཆས་ཞིང་ལས་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཚད་གཞི་མཐོན་པོའི་ཞིང་ལས་ས་ཁུལ་འཛུགས་སྐྲུན་བྱས་ཏེ། སྒྲིག་ཆས་ཞིང་ལས་ཀྱི་ཁྱད་ལྡན་ཅན་དང་གཞི་ཁྱོན་ཅན། ས་ཁུལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། གཉིས་ནི་ས་ཁུལ་སོ་སོས་གནས་གཤིས་དང་ཐོན་ཁུངས། ས་ཁོངས་བཅས་ཀྱི་ཁྱད་སྟོབས་གཞིར་བཟུང་ཏེ། སྒྲིག་ཆས་ཞིང་ལས་འཕེལ་རྒྱས་ཀྱི་ཚོང་རའི་གོ་གནས་འཚོལ་ཞིབ་བྱས་ཏེ། ཚད་གཞི་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། གཞི་ཁྱོན་ཅན་བཅས་ཀྱི“ཚོད་སླེ”ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ཚད་མཐོ་ཞིང་སྤུས་ལེགས་པ། ཕན་འབྲས་མཐོ་བའི་སྒྲིག་ཆས་ཞིང་ལས་ཐོན་སྐྱེད་ས་ཁུལ་ཆགས་པར་བྱེད་པ།

གསུམ་ནི་སྲིད་གཞུང་གིས་ཁྲིད་སྟོན་དང་རོགས་སྐྱོར་བྱེད་པ་དང་། ལས་རིགས་དོ་དམ་སྡེ་ཁག་གིས་མཐུན་སྦྱོར་ལྟ་སྐུལ་བྱེད་པ་བརྒྱུད་དེ། ཧུར་ཐག་གིས“ཁེ་ལས་དང་རྟེན་གཞི ཞིང་བ་ཁྱིམ་ཚང”གི་ཐོན་རྫས་མངག་ཉོའི་ཞིང་ལས་དཔེ་དབྱིབས་འཚོལ་ཞིབ་བྱེད་པ་དང་། ཧུར་ཐག་གིས་རྒྱལ་ཁབ་ཕྱི་ནང་གི་ཚོང་ར་གསར་སྤེལ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཕྱིང་འཚོང་ཐད་འགྲོ་ལམ་བཟང་བོ་ཞིག་བཏོད་པ།

མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་སྤེལ་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཕྱུགས་ལས་དེ་ཚོད་ལྟ་དཔེ་སྟོན་ནས་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། གཅིག་ནི་ས་གནས་སོ་སོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་རྩ་འཛུགས་བྱེད་པ་དེ་རྒྱབ་བརྟེན་ཏུ་བརྩིས་ནས། གོམ་གང་མདུན་སྤོས་སྒོས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་གཞི་ཁྱོན་རྒྱ་བསྐྱེད་པ་དང་། རྩྭ་ས་དང་ས་ཞིང་། ཕྱུགས་ཟོག་བཅས་ཐོན་སྐྱེད་རྒྱུ་ཆ་དག་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བྱས་ཏེ། ཕྱུགས་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་།

གཉིས་ནི་ཕྱུགས་ལས་ཀྱི་ཚན་རྩལ་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཕྱུགས་ཟོག་རྒྱུད་བཟང་ཅན་གྱི་ཚད་རིམ་མཐོར་འདེགས་དང་། ཚན་རིག་ལྟར་ཕྱུགས་གྲངས་ཇེ་ཉུང་དུ་བཏང་ཏེ། རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་པ། གསུམ་ནི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ནང་རྐྱེན་སྲིད་ཇུས་དངོས་འབེབ་བྱས་ཏེ། རྩྭ་ར་བསྐོར་ནས་ཕྱུགས་གསོ་བ་དང་ཕྱུགས་འཚོ་མཚམས་བཞག་ནས་རྩྭ་འདེབས་པ། ས་ཁག་བགོས་ནས་ཕྱུགས་འཚོ་རེས་བྱེད་པ། དེ་མིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་སྲུང་སྐྱོབ་བྱེད་སྐབས་ཁྱོན་ཀུན་ནས་ལག་བསྟར་བྱེད་པ་དང་། སྤུས་ལེགས་གཟན་རྩྭ་དང་གཟན་ཆས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རྩྭ་སའི་ཐོན་སྐྱེད་ནུས་ཤུགས་དང་ཤོང་ཚད་རིམ་བཞིན་ཇེ་མཐོར་གཏོང་བ།

བཞི་ནི་ཁེ་ལས་གཙོ་བོ་དང་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། ཕན་འབྲས་མཐོ་བའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱུགས་ལས་ཐོན་རྫས་ཀྱི་རིན་ཐང་འཕར་སྣོན་ལ་སྐུལ་འདེད་བྱས་ནས། ཕྱུགས་ལས་ལ་ཐོན་འཕར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བཅས་ལ་མཉམ་དུ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱེད་པ།

མཐོ་སྒང་གི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་ཕྱུགས་ལས་ཚོད་ལྟའི་རྫོང་དང་རྒྱལ་ཁབ་ཀྱི་སྐོར་ཐེངས་གསུམ་པའི་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་རྟེན་གཞི་ཡིན་ཞིང་། ཞིང་ཆེན་ཕྱི་ནང་དུ་མིང་གྲགས་ངེས་ཅན་ལྡན། དཔེ་མཚོན་དཔེ་སྟོན་དང་ཁྲིད་སྟོན་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་མི་གཏོང་ག་མེད་རེད། གཅིག་ནི་ཧུར་ཐག་གིས་སྐྱེ་ལྡན་ཕྱུགས་ལས་ཀྱི་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ལྡན་ཐོན་རྫས་དང་ཉོ་ཚོང་སོགས་ཐད་ཀྱི་བདེན་དཔང་ར་སྤྲོད་བྱ་བར་སྐུལ་འདེད་བྱེད་པ་མ་ཟད། སྐྱེ་ལྡན་གསོ་སྤེལ་ཐོན་སྐྱེད་དང་སྐྱེ་ལྡན་ཟས་རིགས་ལས་སྣོན། སྐྱེ་ལྡན་གཟན་རྩྭ་ཐོན་སྐྱེད། སྐྱེ་ལྡན་ལུད་ཐོན་སྐྱེད་དང་ཕྱིར་འཚོང་ཐོན་ལས་ཅན་གྱི་ཐོན་སྐྱེད་བདག་གཉེར་དང་སྤུས་ཚད་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།

གཉིས་ནི་གཞི་ཁྱོན་ངེས་ཅན་ལྡན་པའི་ཚད་གཞི་ཅན་གྱི་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་རྒྱུད་བཟང་ཕྱུགས་ཟོག་གསོ་སྤེལ་དང་ཕྱུགས་ཁྱུ་ལེགས་སྒྲིག་བྱེད་པ། ཤུགས་ཕུད་དེ་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ཚོགས་པ་གསོ་སྐྱོང་བྱེད་པ།

གསུམ་ནི་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་ལྷད་མེད་དགོས་མཁོར་དམིགས་ཏེ། ཕྱུགས་ལས་ཐོན་རྫས་ཚོང་རའི་མ་ལག་དང་མིང་གྲགས་ཐོན་རྫས་གསར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཚོང་རའི་ནུས་ཤུགས་ལྡན་པའི་མིང་གྲགས་དང་ཁྱད་ལྡན། གསབ་བ་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་མང་པོ་ལས་སྣོན་ཞིབ་མོ་བྱས་ཏེ། ཕྱུགས་ལས་དེ་སྲོལ་རྒྱུན་གྱི་རགས་ལས་ཅན་ནས་དེང་རབས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་དགོས།

སྤྱི་ཡོངས་ནས་བལྟས་ན། མཚོ་སྔོན་གྱིས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཁྱད་སྟོབས་མངོན་གསལ་ལྡན་པའི་དུས་མཚུངས་སུ། སྣང་མེད་དུ་འཇོག་མི་རུང་བའི་ཚོད་འཛིན་གྱི་རྒྱུ་རྐྱེན་ཁ་ཤས་ཀྱང་གནས་ཡོད་པས། རིམ་པ་སོ་སོས་སྲིད་གཞུང་གིས་དེའི་འཆར་འགོད་དང་རྩ་འཛུགས། དོ་དམ། ཁྲིད་སྟོན་སོགས་ཐད་ཀྱི་ཞབས་ཞུ་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཚོད་འཛིན་གྱི་འགག་སྒོ་གཏོར་བ་དང་། ཁྱད་སྟོབས་འདོན་སྤེལ་དང་འཕེལ་རྒྱས་ཀྱི་གནད་ས་འབུར་ཐོན། འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བསྐྲུན་བཅས་བྱས་ནས། སྟོབས་ཤུགས་ཡོད་དགུས་མཚོ་སྔོན་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་དེ་ཆུ་ཚད་སྔར་ལས་མཐོན་ཞིག་ཏུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་དགོས། །