མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

སྟོབས་ཤུགས་ཡོད་དགུས་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-08-26 11:30

 མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང“ས་ཁུལ་གསུམ་གྱི་འཐབ་ཇུས”དང“གསར་བ་གཉིས་ཀྱི་དམིགས་འབེན”གྱི་བླང་བྱ་གསར་བ་བཏོན། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཁུལ་ཡིན་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ཡོད། ཚན་རིག་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དངོས་འབེབས་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་བསྒྱུར་བ་དེ་ཐོད་བརྒལ་བྱེད་སར་བརྩི་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་སྔོན་འགྲོར་བརྩི་བ། ཁྱད་ལྡན་ཕྱུགས་ལས་ཐོན་ཁུངས་རྒྱབ་རྟེན་ཏུ་བརྩི་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་བཅོས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དེ་དཀྱིལ་སྙིང་དུ་བརྩི་བ། ཚན་རྩལ་གསར་བསྐྲུན་སྒུལ་ཤུགས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་བཅོས་དང་ཐོན་ཁུངས་ལུགས་མཐུན་སྒོས་བཀོད་སྒྲིག་དང་། ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་དང་ལག་རྩལ་སྒྲིག་སྦྱོར་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚན་རྩལ་དང་འཕྲིན་གསར། དངོས་ཟོག ཐོན་སྐྱེད་སོགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྷད་མེད་དང་སྐྱེ་ཁམས། སྐྱེ་ལྡན་མིང་གྲགས་ཐོན་རྫས་གསར་བསྐྲུན་བྱེད་པར་དམིགས་ཏེ། ཁེ་ལས་གཙོ་བོས་སྣེ་ཁྲིད་དང་ཆེད་ལས་མཉམ་ལས། ཞིང་བ་ཁྱིམ་ཚང་ཞུགས་པ་བཅས་ཐབས་ལམ་གཙོ་བོར་བརྩིས་ནས། ཚོང་ར་ཅན་དང་ཚད་གཞི་ཅན། མིང་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བདག་གཉེར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་མངོན་འགྱུར་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ཆེན་པོ་འབྱུང་བ་མངོན་འགྱུར་ཏེ། སྟོབས་ཤུགས་ཡོད་དགུས་མཚོ་བྱང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་དགོས།

“བསྒྱུར་བ་བཞི”མངོན་འགྱུར་བྱེད་དགོས།

ཐོན་སྐྱེད་བྱེད་སྟངས་བསྒྱུར་ཏེ། སྔོན་ཆད་ཀྱི་ཁྱིམ་ཚང་གཙོ་ཡིན་པའི་ཐོན་སྐྱེད་བྱེད་སྟངས་ཆུང་བ་བསྒྱུར་བ་དང་། མ་རྐང་ལམ་ལུགས་ཀྱི་བདག་གཉེར་བྱེད་སྟངས་ཀྱིས་ཕྱུགས་ཟོག་དང་རྩྭ་ས་ལེགས་སྒྲིག་མཉམ་བསྲེས་བྱས་ནས། གཞི་ཁྱོན་བདག་གཉེར་དང་གཅིག་བསྡུས་དོ་དམ་མངོན་འགྱུར་བྱེད་དགོས། རྩ་འཛུགས་བྱེད་སྟངས་བསྒྱུར་ཏེ། དམངས་གཉེར་དང་དམངས་ཀྱིས་དོ་དམ། དམངས་ཕན་བཅས་ཀྱི་རྩ་དོན་ལྟར་མ་རྐང་མཉམ་ལས་ལམ་ལུགས་གཙོ་ཡིན་པའི་སྣ་མང་བདག་གཉེར་ཀྱི་མཉམ་ལས་ཁང་རྩ་འཛུགས་བྱས་ནས། འབྲོག་པ་མང་ཚོགས་ཀྱི་ཚོང་རའི་བདག་གཉེར་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས། བགོ་བཤའི་བྱེད་སྟངས་བསྒྱུར་ཏེ། རྩྭ་སར་བལྟས་ནས་ཕྱུགས་གྲངས་གཏན་ཁེལ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་བྱེད་ཐབས་ཁྱབ་སྤེལ་བྱེད་པ་དང་། ས་ཁག་བགོས་ནས་ཕྱུགས་འཚོ་རེས་དང་ཕྱུགས་ཟོག་ར་ནང་དུ་གསོ་བ་གོང་དུ་སྤེལ་ནས། ཕྱུགས་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་དགོས།

“རྩ་དོན་ཆེན་པོ་ལྔ”རྒྱུན་འཁྱོངས་བྱེད་དགོས།

མང་ཚོགས་འཐད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། ཐབས་ལམ་གཅིག་ཁོ་ནར་མི་བརྟེན་པ། བྱ་བ་སྣ་ཚོགས་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱུགས་ལས་འཛུགས་སྐྲུན་གྱི་ལས་གཞི་སྣ་ཚོགས་བེད་སྤྱོད་དང་། མ་དངུལ་ལེགས་སྒྲིག་མཉམ་བསྲེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ལས་གཞིར་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། མཉམ་ལས་དཔལ་འབྱོར་རྩ་འཛུགས་ནང་དོན་གཙོ་བོར་བརྩིས་ཏེ། ལས་ཀ་དང་ལས་རིགས་བགོ་བ་དང་། ངལ་རྩོལ་པ་ལྷག་མར་ལས་ཀ་གཞན་པ་བཀོད་སྒྲིག་བྱེད་པ། རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས། མི་དང་རྩྭ་ས། ཕྱུགས་ཟོག་བཅས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས། ཚན་རིག་འཕེལ་རྒྱས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ཕྱུགས་ལས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་བདག་གཉེར་ནང་རྐྱེན་ལེགས་སྒྲིག་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་བྱེད་དགོས། སྐྱེ་ཁམས་སྔོན་མ་བྱས་ནས་འཕེལ་རྒྱས་སུ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་དེ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱེད་པ་དང་། གཅིག་གྱུར་གྱིས་བསམ་གཞིགས་གཏོང་བ་དང་མཐུན་སྦྱོར་སྒོས་སྐུལ་འདེད་བྱེད་དགོས།

“ཟུང་འབྲེལ་དྲུག”དམ་འཛིན་བྱེད་དགོས།

སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བ་དེ་མཁར་གྲོང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། ཚན་རྩལ་གསར་བསྐྲུན་དང་ཟུང་འབྲེལ་དམ་པོ་བྱེད་པ། འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མར་ལས་ཀ་གཞན་པ་བཀོད་སྒྲིག་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་དགོས།

བྱེ་བྲག་གི་ལག་ལེན་ཁྲོད། “བྱ་བ་བདུན”དམ་འཛིན་བྱེད་དགོས།

མཚོ་བྱང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ར་བ་འཛུགས་སྐྲུན་དམ་འཛིན་བྱེད་དགོས། མཚོ་བྱང་ཁུལ་གྱིས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ས་ཁུལ་བཞི་དང་རྒྱུད་གཉིས་ལམ་ཐིག་གཅིག”གི་འཕེལ་རྒྱས་འཐས་ཇུས་ལག་བསྟར་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མཚོ་བྱང་ཁུལ་གྱིས་འཆར་འགོད་བླང་བྱ་ལྟར། མ་དངུལ་སྣ་ཚོགས་བསྡུ་སྒྲིག་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། དཔེ་སྟོན་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། དོན་ངོ་མའི་ཐོག་ནས་ཐོན་རྫས་གསར་བ་དང་ལག་རྩལ་གསར་བ། གྲུབ་འབྲས་གསར་བའི་དཔེ་སྟོན་དང་བཀོལ་སྤྱོད་བྱེད་པ་རྒྱ་བསྐྱེད་དེ། འབད་བརྩོན་སྒོས་དཔེ་སྟོན་ས་ཁུལ་གྱི་ཚན་རྩལ་སྣེ་ཁྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། དཔེ་སྟོན་ས་ཁུལ་གྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་དགོས།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་ནང་རྐྱེན་ལག་བསྟར་བྱ་བ་དམ་འཛིན་བྱེད་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ནི་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་གལ་ཆེན་ཤིག་ཀྱང་ཡིན་ལ། ཆ་ཚང་བའི་བྱ་བའི་གྲུབ་འབྲས་དཔྱད་ཞིབ་ལམ་ལུགས་བཙུགས་ཏེ། དོན་ངོ་མའི་ཐོག་ནས་གཞི་རྩའི་རྩྭ་ས་དབྱེ་འབྱེད་གཏན་འབེབས་བྱ་བ་བཟང་བོར་སྒྲུབ་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་ནང་རྐྱེན་སྲིད་ཇུས་ཁྱོན་ཀུན་ནས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས།

ཚད་གཞི་ཅན་གྱི་གསོ་སྤེལ་ར་བ་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་དགོས། ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་འཛུགས་སྐྲུན་དེ་ནང་དོན་གཙོ་བོར་བརྩིས་ནས། ཧུར་ཐག་གིས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་ལེན་བྱས་ཏེ་མ་རྐང་དུ་འཇོག་པ་དང་མ་རྩ་ཁེར་འཇོག་བདག་གཉེར་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་གཞི་ཁྱོན་གསོ་སྤེལ་འཛུགས་སྐྲུན་ཁྲོད་ཞུགས་དགོས། ཧུར་ཐག་གིས་ཁེ་ལས་གཙོ་བོ་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ཁྲོད་ཞུགས་པར་རོགས་སྐྱོར་དང་། སྲིད་ཇུས་ཕྱོགས་ནས་རྒྱབ་སྐྱོར་བྱེད་པ་བརྒྱུད་དེ། ཁེ་ལས་གཙོ་བོ་དང་ཁྱད་པར་དུ་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་ཁེ་ལས་གཙོ་བོ་རང་ཉིད་འཛུགས་སྐྲུན་དང་མ་རྐང་དུ་ཞུགས་ནས་མཉམ་འབྲེལ་སྒོས་འཛུགས་སྐྲུན་སོགས་ཀྱི་བྱེད་སྟངས་ཀྱིས་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་དགོས། ཞིང་བའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་གཞི་ཁྱོན་ཅན་གྱི་གསོ་སྤེལ་འཛུགས་སྐྲུན་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྲིད་ཇུས་དང་མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་བྱེད་པ། ཞིང་སྡེའི་གསོ་སྤེལ་གྱི་རྨང་གཞི་སྒྲིག་ཆས་ཁྱོན་ཀུན་ནས་མཐོར་འདེགས་བཏང་ཏེ། ཁྱིམ་ཚང་གི་ཐར་ཐོར་གསོ་སྤེལ་དེ་ས་ཁུལ་ཆུང་བ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ནས་གཅིག་བསྡུས་སྒོས་གསོ་སྤེལ་བྱེད་པའི་ཕྱོགས་སུ་མངོན་འགྱུར་བྱེད་དགོས།

ཕྱུགས་ཟོག་གི་རྒྱུད་བཟང་བཟོ་སྐྲུན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཧུར་ཐག་གིས་མོ་ཕྱུགས་ཀྱི་བསྡུར་ཚད་བརྒྱ་ཆའི་རེ་ལྔ་ཡན་ཏུ་བསླེབས་པར་བྱེད་པའི་དུས་མཚུངས་སུ། གོམ་གང་མདུན་སྤོས་སྒོས་རྒྱུད་བཟང་ཕྱུགས་ཟོག་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། རྒྱུད་བཟང་གསོ་སྤེལ་རྟེན་གཞི་དང་གསོ་སྤེལ་ར་བ། ཐོན་ཁུངས་སྲུང་སྐྱོབ་ར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ། ནོར་ནག་དང་བོད་ལུག་སོགས་ཀྱི་རྒྱུད་བཟང་གསོ་སྤེལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས། བོད་ལུག་གསོ་སྤེལ་ཕྱོགས་བསྡུས་ཆ་ཚང་ལག་རྩལ་གསར་བ་ཁྱབ་སྤེལ་བྱས་ཏེ། ཧུར་ཐག་གིས་བོད་ལུག་གསོ་སྤེལ་གྱི་ཚད་ཇེ་མཐོར་གཏོང་དགོས། 2015ལོའི་བར། གཡག་ཐུག་སྟོང་གཉིས་བརྒྱད་བརྒྱ་བཅུ་གསུམ་ནང་འདྲེན་བྱས་ཏེ། ནོར་ནག་གི་སྤྱིའི་གཞི་ཁྱོན་འབུམ་གཅིག་ཁྲི་ལྔ་ལ་བསླེབས་པར་བྱེད་པ་དང་། ཁྲོམ་ཁྲི་གཉིས་གསོ་སྤེལ་བྱས་ཏེ། དཔེ་སྟོན་ས་ཁུལ་ལ་ཁྲོམ་ཁྲི་གཉིས་མཁོ་སྤྲོད་བྱེད་དགོས།

ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཧུར་ཐག་གིས་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་དང་འབྲེལ་བ་ཅུང་ཆེན་པོ་ཡོད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་ཅུང་ཆེན་པོ་ལྡན་པ། འཕྲོ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཅུང་དྲག་པོ་ལྡན་པའི་སྐམ་ལུག་གི་ཤ་དང་། གནས་སོགས་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་ཁེ་ལས་སྐོར་ཞིག་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ཚད་ཇེ་མཐོར་བཏང་ཏེ། 2015ལོའི་བར་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ཚད་བརྒྱ་ཆའི་དྲུག་ཅུ་ཡན་ཏུ་བསླེབས་པར་བྱེད་དགོས།

རོང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཚད་ལྡན་ཅན་ཏུ་གཏོང་དགོས། དམངས་སྒྲུབ་དང་དམངས་ཀྱིས་དོ་དམ། དམངས་ལ་ཕན་འབྲས་ཐོབ་པ་བཅས་ཀྱི་རྩ་དོན་ལྟར། དོ་དམ་བྱེད་ཤེས་པ་དང་བདག་གཉེར་བྱེད་མཁས་པ། བྱ་བའི་བརྩོན་སེམས་མཐོ་བའི་འབྲོག་པ་མང་ཚོགས་དང་སྡེ་བའི་ལས་བྱེད་པ། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ། ཁེ་ལས་པ་བཅས་ཀྱིས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཉེར་བར་རོགས་སྐྱོར་བྱས་ཏེ། སློབ་གྲྭ་ཆེ་འབྲིང་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་མཉམ་འབྲེལ་བདག་གཉེར་བྱེད་པར་སྐུལ་མ་གཏོང་བ་དང་། ནང་ཁུལ་གྱི་དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་དགོས། མ་རྐང་ལམ་ལུགས་དང་ཁྱིམ་ཚང་མཉམ་འབྲེལ་ལམ་ལུགས། མཉམ་ལས་ལམ་ལུགས་བཅས་དང་དེ་མིན་ཁྱིམ་ཚང་མང་པོས་གཞི་ཁྱོན་འཕེལ་རྒྱས་སོགས་ཀྱི་བདག་གཉེར་བྱེད་སྟངས་ཁྱབ་སྤེལ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ལེགས་བཅོས་བཀོད་སྒྲིག་དང་། གཞི་ཁྱོན་ཅན་གྱི་བདག་གཉེར་དང་ཆེད་ལས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ནང་རྐྱེན་གསར་བ་ཆགས་སུ་འཇུག་དགོས། 2015ལོའི་བར། ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས་སུ་ཞུགས་པའི་རོང་འབྲོག་ཁྱིམ་ཚང་གིས་རོང་འབྲོག་ཁྱིམ་ཚང་སྤྱིའི་བརྒྱ་ཆའི་དགུ་ཅུ་ཟིན་པ་དང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཚད་ལྡན་འཁོར་སྐྱོད་དང་ཕན་འབྲས་འདོན་སྤེལ་བྱེད་ཚད་བརྒྱ་ཆའི་དགུ་ཅུ་ཡན་ཏུ་བསླེབས་པར་བྱེད་དགོས།

ཞིང་ཕྱུགས་ལས་ཀྱི་ཚན་རྩལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། ཚན་རྩལ་སློབ་གསོར་བརྟེན་ནས་ཞིང་ཕྱུགས་ལས་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དངོས་འབེབས་བྱས་ཏེ། དེང་རབས་ཚན་རྩལ་གྱིས་མཐོ་སྒང་གི་ཕྱུགས་ལས་ལ་སྣེ་ཁྲིད་དང་རོགས་སྐྱོར་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱབ་སྤེལ་དང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུ་སྤུས་ཞིབ་བཤེར། ཞིང་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་སྔོན་ཚུད་ཉེན་བརྡ། ཞིང་ཕྱུགས་ལས་ཀྱི་འཕྲིན་གསར་སོགས་ཞབས་ཞུ་མ་ལག་གི་ནུས་ཤུགས་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་བྱེད་དགོས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། སྤུས་ལེགས་གཟན་རྩྭའི་ཐོན་སྐྱེད་དང་ཕྱུགས་ཟོག་ར་ནང་དུ་གསོ་བ། ཕྱུགས་རྒྱུད་ལེགས་བསྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་སྔོན་ཐོན་གྱི་ལག་རྩལ་ཁྱབ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། 2015ལོའི་བར། ཞང་རིམ་པའི་གཟན་རྩྭའི་ཐོན་སྐྱེད་དང་རྩྭ་ས་སྲུང་སྐྱོབ་ཀྱི་ལྟ་སྐུལ་ཚད་ལེན་ས་ཚིགས་དོན་བདུན་དང་། སྡེ་བ་རིམ་པའི་ཕྱུགས་ནད་འགོག་བཅོས་བྱེད་ས་བརྒྱ་དང་དྲུག་གསར་འཛུགས་བྱེད་དགོས།

མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བ་ནི། སྲོལ་རྒྱུན་ཕྱུགས་ལས་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པོ་དང་བརྒལ་གཏོར་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པའི་དངོས་ཡོད་ཀྱི་གདམ་གསེས་ཡིན་ལ། མཚོ་བྱང་གི་ལག་ལེན་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།  །