མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

སྟོབས་ཤུགས་ཡོད་ཚད་བཏོན་ཏེ་མཚོ་ལྷོ་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།

རྩོམ་པ་པོ། སྒྲོལ་མ་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-08-26 11:30

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙན་ཞུའི་ནང་བསྟན་དོན། “བཟོ་ལས་ཅན་གྱི་འདུ་ཤེས་ཡིས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ལས་དང་བཟོ་ལས། ཞབས་ཞུ་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། འཁོར་སྐྱོད་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས”། བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དོན་དངོས་དང་ཡོངས་སུ་མཐུན། མཚོ་ལྷོ་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། དེར་བརྟེན་ནས་ཞིང་ཕྱུགས་ལས་གྲུབ་ཚུལ་དེ་ས་ཁོངས་ཅན་དང་ཐོན་སྐྱེད་ཆེད་ལས་ཅན། ཐོན་རྫས་ཚད་གཞི་ཅན། བདག་གཉེར་གཞི་གཅིག་ཅན། ཞབས་ཞུ་སྤྱི་ཚོགས་ཅན། དོ་དམ་ཁེ་ལས་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་སྣེ་ཁྲིད་བྱེད་རྒྱུ་ནི། ཁུལ་སྟོབས་འབྱོར་དང་མི་དམས་འབྱོར་ཕྱུག་ལྡན་པ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཉག་ཅིག་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས། ཁུལ་གྱི་གནས་ཚུལ་ལ་ཞིབ་འཇུག་དབྱེ་ཞིབ་དང་། ཚན་རིག་གི་ཁུངས་སྐྱེལ། མང་གྲོས་བློ་བསྡུ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་རྨང་གཞིའི་སྟེང་། ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ཁུལ་སྟོབས་འབྱོར་དང་མི་དམངས་འབྱོར་ཕྱུག་ལྡན་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཏུ་བཞག་ཏེ། ཚད་གཞི་མཐོན་པོས་ས་ཁུལ་འཆར་འགོད་དང་། ཐོན་ལས་ལ་བརྟེན་ནས་ས་ཁུལ་བཀོད་སྒྲིག་བྱེད་པ། མ་དངུལ་བཏང་ཏེ་ས་ཁུལ་འཕེལ་རྒྱས་སུ་གཏོང་བ། ལས་གཞིར་བརྟེན་ནས་ས་ཁུལ་ལ་སྣེ་ཁྲིད་བྱེད་པ། འདུ་ཤེས་གསར་བས་ས་ཁུལ་བདག་གཉེར་བྱེད་པ་དང་། གནད་ས་འབུར་དུ་ཐོན་པར་བྱེད་པ། ཚན་རིག་ལྟར་འཆར་འགོད་བྱེད་པ། མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། བརྟན་འཇགས་ངང་སྐུལ་འདེད་བཅས་བྱེད་པ། ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་དང་། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་བྱེད་སྟངས་བསྒྱུར་བ། རོང་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པར་རྨང་གཞི་བཟང་བོ་བཏང་།“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ནི་མཚོ་ལྷོ་ཁུལ་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་བྱེད་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། དུས་སྐབས་འདིར་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་དེས་དམིགས་འབེན་ཅི་ཞིག་དང་ཕྱོགས་གང་ཞིག་གི་ཐད་དུ་འབད་འཐབ་བྱེད་རྒྱུ་ནི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙན་ཞུའི་ནང་བསྟན་དོན། “རྨང་གཞི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། སྒྲིག་སྲོལ་ནང་རྐྱེན་གསར་བསྐྲུན་བྱེད་པ། ཐོན་ལས་འབྲེལ་ཐག་རིང་དུ་སྲིང་བ། ཐོན་ལས་ཚོགས་པ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བྱེད་པ་དང་། ཐོན་ལས་ས་ཁུལ་གྱི་གཅིག་འདུས་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ”དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་དང་བྱེད་ཕྱོགས་ཡིན་པས། མཚོ་ལྷོ་ཁུལ་ལ་མཚོན་ན་ཧུར་ཐག་གིས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་ནི། “མཚོ་ལྷོའི་སྐྱེ་ཁམས་ཕྱུགས་ལས”འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གོམ་རིམ་དངོས་ཡིན་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ཁྱོན་ཀུན་ནས་ལག་ལེན་དངོས་འབེབས་བྱེད་པའི་མཚོན་བྱ་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན། ང་ཚོས་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་དྲག་པོས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དེ་ནང་དོན་གཙོ་བོར་བརྩི་བ་དང་། བྱེད་སྟངས་བསྒྱུར་བ་དེ་ནང་དོན་གལ་ཆེན་ཏུ་བརྩི་བ། དམངས་འཚོ་ལེགས་བཅོས་བྱེད་པ་དེ་སྔོན་མར་བརྩིས་ཏེ། ནན་ནན་ཏིག་ཏིག་གིས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།

སྣ་མང་ཅན་གྱི་དངུལ་གཏོང་ནང་རྐྱེན་འཛུགས་དགོས། གཅིག་ནི་བརྟན་འཇགས་ཀྱི་སྲིད་གཞུང་དངུལ་གཏོང་ནང་རྐྱེན་འཛུགས་པ། ལོ་རེ་བཞིན་སྔོན་རྩིས་ནང་གི་ཞིང་ཕྱུགས་ལས་ཀྱི་མ་དངུལ་གཏོང་ཚད་འཕར་སྣོན་བྱས་ཏེ། ནོར་སྲིད་ཀྱིས་ཞིང་ཕྱུགས་ལས་ལ་མ་དངུལ་གཏོང་ཚད་འཕར་སྣོན་བྱེད་པ་དེ་རྒྱུན་ལྡན་རང་བཞིན་གྱི་ནོར་སྲིད་ཡོང་སྒོའི་འཕར་སྣོན་བསྡུར་ཚད་ལས་ཆེས་ཆེར་མཐོ་བར་ཁག་ཐེག་བྱས་པ་མ་ཟད། དེའི་ཁྲོད་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་ལ་བཏང་བའི་མ་དངུལ་གྱི་བསྡུར་ཚད་གསལ་བོར་བྱས།

གཉིས་ནི་ཐབས་ལམ་མང་པོ་ནས་རྒྱལ་ཁབ་ལས་གཞིའི་མ་དངུལ་གྱི་རོགས་སྐྱོར་བརྩོན་ལེན་བྱེད་པ། ཐབས་ལམ་མང་པོ་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་། རྒྱུད་བཟང་གསོ་སྤེལ་ཚོད་ལྟའི་དཔེ་སྟོན་སོགས་ལས་གཞིའི་ཐད་བཏང་བའི་མ་དངུལ་དང་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་བྱས་ཏེ། དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་མ་དངུལ་གཏོང་བ་དང་། དཔེ་སྟོན་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་དཔེ་སྟོན་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། “གཅིག་གྱུར་འཆར་འགོད་དང་གཅིག་བསྡུས་སྒོས་མ་དངུལ་གཏོང་བ། གོ་རིམ་ལྡན་པ། བཀོལ་སྤྱོད་བྱེད་ས་མི་འགྱུར་བ། རང་འགན་རང་འཁུར། ནུས་ཤུགས་མཉམ་འདོན”བཅས་ཀྱི་རྩ་དོན་ལྟར། སྡེ་ཁག་སོ་སོར་ཁྱབ་ཡོད་པའི་ཞིང་ཕྱུགས་ལས་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། གཙོ་བོ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་ལས་གཞི་བཀོད་སྒྲིག་བྱེད་པའི་ཐད་གཏོང་བ་དང་། ཐོན་ཁུངས་གཅིག་བསྡུས་ཀྱི་ཕན་ནུས་འདོན་སྤེལ་བྱས།

གསུམ་ནི་ཕྱོགས་མང་པོས་མ་དངུལ་གཏོང་བ་ལག་བསྟར་བྱེད་པ། “སུས་མ་དངུལ་བཏང་ན་དེ་ལ་ཕན་འབྲས་ཐོབ་པའི”རྩ་དོན་ལྟར། “རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་རོགས་སྐྱོར། སྲིད་གཞུང་གི་དངུལ་གཏོང་། ལས་གཞི་དམ་འཛིན། ཡིད་རྟོན་དངུལ་བུན་འགན་སྲུང་། ཁེ་ལས་ཀྱི་མ་རྩ་ཐོ་འགོད། མང་ཚོགས་ཀྱིས་མ་དངུལ་རང་སྒྲིག སྤྱི་ཚོགས་ཡོངས་ཞུགས་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་ཀྱི་མ་དངུལ་སྣ་ཚོགས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་གཏོང་བར་སྐུལ་མ་བཏང་བ་དང་། ཤུགས་ཕུད་དེ་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་ཐད་ཀྱི་དཀའ་ཁག་ཐག་གཅོད་བྱས། དཔེ་སྟོན་ས་ཁུལ་གྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོར་སྔོན་མ་བྱས་ནས་ནོར་སྲིད་ཀྱི་སྐྱེད་ཀའི་མ་དངུལ་བཀོད་སྒྲིག་བྱེད་པ་དང་། སྔོན་མ་བྱས་ནས་ནོར་སྲིད་ཀྱི་རོགས་སྐྱོར་ལས་གཞི་སྣ་ཚོགས་ཡར་ཞུ་བྱས་ཏེ། རིམ་བཞིན་ཐབས་ལམ་མང་པོ་དང་ཕྱོགས་མང་པོ་ནས་མ་དངུལ་བསྡུ་སྒྲིག་དང་། ཕྱོགས་མང་པོས་མཉམ་དུ་འཛུགས་སྐྲུན་གྱི་རྣམ་པ་བཟང་བོ་ཆགས།

བཞི་ནི་རོང་འབྲོག་མང་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སྤེལ་བྱེད་པ། ས་ཞིང་དང་རྩྭ་སའི་རིན་ཐང་འབེབས་པ་དང་། ཞིང་ཕྱུགས་ལས་འཕྲུལ་ཆས་མ་རྐང་དུ་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་ཁུར་གྱི་ནང་རྐྱེན་ཆགས་ལ། རོང་འབྲོག་མང་ཚོགས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས། དེར་མ་ཟད་ཐོན་སྐྱེད་རྒྱུ་ཆར་བོགས་དངུལ་ངེས་ཅན་སྟེར་བ་དང་། དཔེ་སྟོན་ས་ཁུལ་གྱི་ཡོང་སྒོ་བགོ་བཤའི་ཁྲོད་ཞུགས་པའི་བྱེད་ཐབས་སྤྱད་ནས། དཔེ་སྟོན་ས་ཁུལ་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐུན་མོང་གི་ཁེ་ཕན་ཞིག་ཏུ་འགྱུར་བར་བྱས།

ཕན་ནུས་ལྡན་པའི་འཁོར་སྐྱོད་ནང་རྐྱེན་ཆགས་སུ་འཇུག་དགོས། གཅིག་ནི་ཧུར་ཐག་གིས་ཡིད་རྟོན་ཆོག་པའི་ལག་རྩལ་ནང་རྐྱེན་འཚོལ་ཞིབ་བྱས། སློབ་གྲྭ་ཆེ་འབྲིང་དང་ཚན་རྩལ་ཞིབ་འཇུག་སྡེ་ཁག ཆེད་ལས་ལག་རྩལ་ཚོགས་པ་བཅས་དང་མཉམ་ལས་དམ་ཟབ་བྱེད་པར་ཤུགས་སྣོན་པ་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་མི་སྣ་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་ཐད་ཀར་དཔེ་སྟོན་ས་ཁུལ་དུ་ཡོང་ནས་ཚན་རྩལ་རང་བཞིན་གྱི་ཁེ་ལས་གཙོ་བོ་དང་ཚོད་ལྟའི་རྟེན་གཞི་གསར་སྒྲུབ་བྱེད་པར་སྐུལ་མ་གཏོང་བ་དང་། དཔེ་སྟོན་ས་ཁུལ་གྱི་ཚན་རྩལ་འདུས་ཚད་མཐོ་བའི་ཐོན་ལས་ཀྱི་ཁྱད་ཆོས་དང་། སྤུས་ཚད་མཐོ་བའི་ལས་བསྐྲུན་ཁོར་ཡུག་གང་ལེགས་སྒོས་བེད་སྤྱད་དེ། ཞིང་ཕྱུགས་ལས་ཀྱི་ལག་རྩལ་མཐོ་བའི་མི་སྣ་དཔེ་སྟོན་ས་ཁུལ་དུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བྱེད་དགོས།

གཉིས་ནི་མཚོ་ལྷོ་ཁུལ་གྱི་རང་བྱུང་ཐོན་ཁུངས་གནས་ཚུལ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་ཏེ། རང་ཉིད་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། གཅིག་བསྡུས་སྒོས་ཐོན་སྐྱེད་གསར་སྤེལ་དང་། ལྷད་མེད་ཀྱི་ཞིང་ཕྱུགས་ཐོན་རྫས་དང་ཟས་རིགས། སྐྱེ་ལྡན་ཟས་རིགས་ཀྱི་མིང་གྲགས་གསར་བསྐྲུན་བྱེད་པ་མ་ཟད། སྔོན་ཉོ་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་སོགས་ཀྱི་རྣམ་པ་བརྒྱུད་དེ། མཐའ་བསྐོར་གྱི་རོང་འབྲོག་པ་རྩ་འཛུགས་བྱས་ཏེ། ཁྱད་ལྡན་ཐོན་རྫས་གཙོ་བོའི་ཐོན་ལས་ཅན་གྱི་རིམ་གྲས་ཇེ་མཐོར་གཏོང་དགོས།

གསུམ་ནི་ཕན་འབྲས་གཙོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་ལ་དམིགས་ནས། དཔེ་སྟོན་ས་ཁུལ་གྱི་ཟམ་པའི་འབྲེལ་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱོགས་གཅིག་ནས་ཁྱད་ཆོས་ལྡན་པའི་རྒྱུད་བཟང་ཁྱབ་སྤེལ་བྱས་ཏེ། མཐའ་བསྐོར་རྟེན་གཞིའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་གསར་སྤེལ་བྱས་ཏེ། ལས་སྣོན་དང་ཐུམ་རྒྱག གསོག་འདྲེན་བཅས་བརྒྱུད་ནས། རིམ་བཞིན་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དེ་ཐོན་ལས་ཀྱི་རིམ་གྲས་འཕར་བ་དང་མང་ཚོགས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱེད་ཐུབ་པའི་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།

གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་དགོས། “དཔེ་སྟོན་ས་ཁུལ་གྱིས་སྣེ་ཁྲིད་དང་ཐོན་ལས་གཅིག་བསྡུས། ཁེ་ལས་གཙོ་བོ་སྐྱེད་སྲིང་། སྤུས་ལེགས་ཐོན་འཕར”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལྟར། ས་གནས་རང་གི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། དཔེ་སྟོན་ས་ཁུལ་གྱི་གཙོ་ཁྲིད་ཁེ་ལས་ལུགས་མཐུན་སྒོས་གཏན་ཁེལ་བྱས་ནས། བཀོད་སྒྲིག་སྒོ་འབྱེད་དང་བྱེད་སྟངས་སྣ་མང་ཅན། ཐོན་ལས་གཙོ་བོར་བརྟེན་པ། རྒྱུ་སྤུས་ཇེ་མཐོར་གཏོང་བ། གཅིག་གྱུར་གྱིས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་རྣམ་པ་ཆགས་སུ་འཇུག་དགོས། ཁྱད་སྟོབས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། གསོག་ཉར་དཔེ་སྟོན་དང་ལག་རྩལ་གསོ་སྦྱོང་གི་ནུས་པར་ཤུགས་སྣོན་པ་དང་། ཞིང་ཕྱུགས་ཐོན་རྫས་ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ། དཔེ་སྟོན་ས་ཁུལ“ཐོན་མཐོ་དང་སྤུས་ལེགས། ཐོན་འཕར། སྐྱེ་ཁམས། བདེ་འཇགས། སྐྱེ་ལྡན”བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཀྱི་གནད་ས་དང་དཔེ་མཚོན་ཏུ་འཛུགས་སྐྲུན་བྱེད་དགོས། དཔེ་སྟོན་ས་ཁུལ་གྱི་ཐོན་ལས་དཔེ་སྟོན་གནས་ཐིག་གཏན་ཁེལ་ལྟར། དཀྱིལ་སྙིང་ས་ཁུལ་རྨང་གཞིར་བརྩིས་ཏེ། ཁྱབ་འགྱེད་ས་ཁུལ་ལུགས་མཐུན་སྒོས་གཏན་ཁེལ་དང་ཁྲིད་སྟོན་ས་ཁུལ་གསལ་བོ་བྱེད་པ་དེ། ཞིང་སྡེ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ། ཆུ་བེད་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། ས་ཞིང་ལེགས་སྒྲིག དབུལ་སྐྱོར་གསར་སྤེལ། སྡེ་བ་ཧྲིལ་བོ་བྱས་ནས་སྐུལ་འདེད་བྱེད་པ་སོགས་ལས་གཞི་དང་ནུས་ཡོད་སྒོས་འབྲེལ་མཐུད་བྱས་ནས། གོམ་གང་མདུན་སྤོས་སྒོས་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས། རྒྱུད་བཟང་ས་བོན་དང་སྔོན་ཐོན་ལག་རྩལ་ནང་འདྲེན་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། ཐོན་རྫས་ཚང་རའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་དགོས།

དཔེ་སྟོན་ས་ཁུལ་སྐྱོན་བྲལ་བའི་ངང་འཕེལ་རྒྱས་འབྱུང་བར་གཅིག་གྱུར་འཆར་འགོད་བྱེད་དགོས། སྲིད་གཞུང་གིས་ཁྲིད་སྟོན་དང་ཚོང་རའི་འཁོར་བསྐྱོད། ཁེ་ལས་ཞུགས་པའི་རྩ་དོན་རྒྱུན་འཁྱོངས་དང་། ཚོང་འགུག་དངུལ་འདྲེན་བྱས་བ་བརྒྱུད་དེ། ཧུར་ཐག་གིས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་ནང་འདྲེན་དང་། ཤུགས་ཆེན་པོས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་གོང་དུ་སྤེལ་ནས། ཐོན་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། “ཁྲིམས་ལྟར་དང་རང་འདོད། རིན་དོད་ཡོད་པ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ས་ཞིང་དང་རྩྭ་ས་འཁོར་རྒྱུགས་ལ་སྐུལ་འདེད་བྱེད་པ་དང་། ཧུར་ཐག་གིས་དཔེ་སྟོན་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་གཞན་ལ་འགན་གཙང་ལེན་བྱེད་དུ་འཇུག་པ་དང་བོགས་མར་གཏོང་བ། མ་རྐང་དུ་འཇོག་པ་སོགས་བྱེད་སྟངས་སྣ་མང་བརྒྱུད་ནས་ས་ཞིང་དང་རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་བརྒྱུད་སྤྲོད་བྱེད་པར་སྣེ་ཁྲིད་བྱས་ཏེ། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བྱེད་པ་དང་། གཞི་ཁྱོན་ཅན་གྱི་ཕན་འབྲས་འདོན་སྤེལ་བྱེད་དགོས། ཧུར་ཐག་གིས་ལྷད་མེད་སྐྱེ་ཁམས་གནས་སྐོར་དང་ཞིང་བའི་འཚོ་བ་མྱོང་ཚོར་བྱེད་པ། རོང་འབྲོག་པའི་སྤྲོ་ཁྱིམ་གནས་སྐོར་སོགས་གོང་དུ་སྤེལ་བ་དང་། རོང་འབྲོག་ཕྱོགས་ཀྱི་སྤྲོ་གསེང་ལས་རིགས་གོང་དུ་སྤེལ་བ་དེ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཏུ་བརྩིས་ནས། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། དཔེ་སྟོན་ས་ཁུལ་གྱི་སོན་བཟང་གསར་བ་དང་ལག་རྩལ་གསར་བའི་ཚོད་ལྟ་འགྲེམ་སྟོན་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་སྤྱི་པའི་ཞབས་ཞུ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ལག་རྩལ་ཁྱབ་སྤེལ་མི་སྣ་དང་ཞབས་ཞུ་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་སྤྱི་པའི་ཞབས་ཞུ་ནུས་ཤུགས་མཐོར་འདེགས་གཏོང་དགོས། ཧུར་ཐག་གིས་ཆེད་ལས་ཅན་གྱི་ཞབས་ཞུ་རྩ་འཛུགས་སྣ་ཚོགས་ལ་རོགས་སྐྱོར་དང་གོང་དུ་སྤེལ་བ་དང་། ཞིང་ལས་ལོ་ཏོག་གི་གནོད་འབུ་སྔོན་འགོག་དང་ཕྱུགས་ཁྱུའི་ནད་ཡམས་སྔོན་འགོག ཞིང་ལས་རྒྱུ་ཆ་མཁོ་འདོན་སོགས་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་དགོས།

དཔེ་སྟོན་ས་ཁུལ་གྱི་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གོམ་གང་མདུན་སྤོས་སྒོས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་གྱི་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྒྲིག་གཞིའི་འགན་འཁྲི་དང་འགན་ནུས་ཇེ་དྲག་ཏུ་གཏོང་བ། དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་དང་ཐོན་སྐྱེད། བདག་གཉེར། ཕྱིར་འཚོང་། དོ་དམ་སོགས་ཀྱི་བྱ་བ་དམ་འཛིན་བྱས་ཏེ། ཧུར་ཐག་གིས་དཔེ་སྟོན་ས་ཁུལ་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པར་སྣེ་ཁྲིད་དང་། དཔེ་སྟོན་ས་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་མཐོར་འདེགས་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དེ་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བའི་ནང་དོན་གཙོ་བོར་བརྩིས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དཔེ་སྟོན་ས་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན། འཕེལ་རྒྱས་སོགས་ཀྱི་བརྒྱུད་རིམ་སོ་སོར་དོ་སྣང་ཆེན་པོ་བྱས་ནས། མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སྔར་ལས་མང་པོ་གཏོང་བ་དང་། འབད་བརྩོན་སྒོས་མཐོ་སྒང་གི་ཁྱད་ཆོས་དང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བཟང་བོ་བསྐྲུན་དགོས།

དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་དགོས། ཕྱོགས་གཅིག་ནས་ཐབས་ལམ་མང་པོ་གང་ལེགས་སྒོས་བེད་སྤྱད་དེ། བྱང་ཚད་མཐོ་བའི་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་མི་སྣ་ནང་འདྲེན་བྱས་ནས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཧུར་ཐག་གིས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱིམ་ཚང་དུ་བསྐྱོད་པ་དང་། ཞིང་ཕྱུགས་ལས་ས་ཁུལ་གྱི་ངལ་རྩོལ་པ་གནས་སྤོས་གསོ་སྦྱོང་། ཚན་རྩལ་གཞི་རིམ་དུ་བསྐྱོད་པ་སོགས་ཀྱི་གོ་སྐབས་བེད་སྤྱད་དེ། རོང་འབྲོག་མང་ཚོགས་ཀྱི་ནུས་རྩལ་གསོ་སྦྱོང་དང་སློབ་གསོར་ཤུགས་སྣོན་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཚན་རྩལ་རིག་གནས་བྱང་ཚད་ཇེ་མཐོར་གཏོང་བ། དཔེ་སྟོན་ས་ཁུལ་གྱི་འདེབས་གསོ་འཇོན་ཐང་ཅན་དང་བདག་གཉེར་དོ་དམ་འཇོན་ཐང་ཅན་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། ས་ཁོངས་ཀྱི་རོང་འབྲོག་པའི་སྤྱི་ཡོངས་ཀྱི་བྱང་ཚད་དང་ཚོང་རའི་གསར་སྤེལ་ནུས་ཤུགས་མཐོར་འདེགས་གཏོང་དགོས།

དཔེ་སྟོན་ས་ཁུལ་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱེད་དགོས། དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དེ“ཞིང་གསུམ”བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་གཞིའི་དཔུང་སྡེ་འཐུས་ཚང་དུ་གཏོང་བ། ཤུགས་ཆེན་པོས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། འགན་ནུས་སྡེ་ཁག་སོ་སོས་རང་འགན་རང་འཁུར་དང་སེམས་ཤུགས་མཉམ་འདོན། གཞོགས་འདེགས་དམ་པོ་བྱས་ཏེ། དུས་ཐོག་ཏུ་བྱ་བའི་ཇུས་གཞི་གཏན་ཁེལ་དང་། ཞབས་ཞུ་སྒྲིག་ཆས་སྔར་བས་འཐུས་ཚང་དུ་གཏོང་བ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་ཀྱི་ལས་གཞིའི་འདེགས་སྐྱོར་བརྩོན་ལེན་བྱེད་པ་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་ཏེ། དཔེ་སྟོན་ས་ཁུལ་གྱི་རིམ་གྲས་དང་ཆུ་ཚད་ཇེ་མཐོར་འགྲོ་བར་འགན་སྲུང་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་ཐོབ་པར་འགན་སྲུང་བྱེད་དགོས། དངུལ་ཁང་དང་ཉེན་ཚབ་སོགས་ལས་ཁུངས་ཀྱིས་ཧུར་ཐག་གིས་དངུལ་རྩའི་ཐོན་རྫས་གསར་བསྐྲུན་དང་། ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས་ཏེ། དོན་ངོ་མའི་ཐོག་ནས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་མཐོར་གཏོང་དགོས། དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ནང་རྐྱེན་བཙུགས་ཏེ། དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དེ་སྡེ་ཁག་སོ་སོ་དང་རྫོང་། ཞང་། གྲོང་རྡལ་བཅས་ཀྱི་ལོ་འཁོར་གྱི་དཔྱད་ཞིབ་དམིགས་འབེན་དུ་བཞག་ནས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་། རྗེས་འདེད་དཔྱད་ཞིབ། དུས་བཅད་ལྟར་འཛུགས་སྐྲུན་མྱུར་ཚད་ཡར་ཞུ་བྱེད་པ། དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་བ་དང་། ལས་འགན་དངོས་འབེབས་བྱས་པ་མི་བཟང་བར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་དགོས།  །