མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ་གཅོད་པ།

“ རྒྱལ་ཡོངས་ཕུལ་བྱུང་མི་དམངས་ཉེན་རྟོག་པའམ”ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའི་ཆབ་སྲིད་ཨུ་ཡོན་གཅོད་པ་ཡི་གནས་ཚུལ་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-10-27 11:02

ཉེན་རྟོག་བྱ་བར་ཞུགས་པའི་ལོ་ངོ་སོ་བདུན་རིང་གི་ཕྱེད་ཀ་རོང་འབྲོག་ས་ཁུལ་དུ་བསྡད་ཅིང་། དུས་ཡུན་རིང་བོར་མང་ཚོགས་དང་ལྷན་དུ་མཉམ་འདུག་མཉམ་འགྲོ་དང་མཉམ་བཟའ་མཉམ་འཐུང་བྱས་པས་ཕན་ཚུན་བར་ཤ་ཁྲག་གི་མཛའ་བརྩེ་ལྟ་བུ་ཞིག་ཆགས། ཁོ་ནི“རྒྱལ་ཡོངས་ཕུལ་བྱུང་མི་དམངས་ཉེན་རྟོག་པའམ”ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའི་ཆབ་སྲིད་ཨུ་ཡོན་གཅོད་པ་རེད།

སྡེ་བ་གཉིས་ཀྱིས་སུས་སུ་ལའང་བཟོད་སྒོམ་མ་བྱས་པས་རྩྭ་ས་རྩོད་གླེང་གི་དོན་རྐྱེན་ཞིག་མི་འགྱངས་པར་འབྱུང་ལ་ཉེ། དུས་ཐོག་ཏུ་ཐོན་པའི་ཉེན་རྟོག་པ་གཅོད་པ་ཡིས་རང་གི་ཉེན་ཁ་ལ་བསམ་བློ་སྤུ་ཙམ་ཡང་མི་གཏོང་བར་སྡེ་བ་གཉིས་ཀྱི་བར་ལ་སོང་སྟེ་ལག་པ་དགུང་ལ་བཏེགས་ནས“ང་གཅོད་པ་ཡིན། ཧོལ་རྒྱུགས་མ་བྱེད”ཅེས་བཤད་པར་མ་ཟད། ཕྱོགས་གཉིས་ཀར་སེམས་ཞིབ་མོས་ཁ་ལ་སློབ་གསོ་བཏང་བས་རྩོད་གླེང་ཆེན་པོ་ཞིག་འདི་ལྟར་འདུམ་འགྲིག་བྱས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྔ་གཞུག་ཏུ་ཞིང་ཆེན་བར་དང་རྫོང་ཁག་བར། ཞིང་སྡེ་བར་རྩྭ་ས་རྩོད་གླེང་གི་དོན་རྐྱེན་མི་འདྲ་བ་སྣ་ཚོགས་འབྱུང་བཞིན་ཡོད་ཅིང་། སྐབས་དེར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་གཞི་རིམ་མངག་གཏོང་ཁང་དུ་བྱ་བ་གཉེར་བཞིན་པའི་གཅོད་པར་མང་ཚོགས་ཀྱི་ཁྲོད་དུ་མཚན་སྙན་མི་དམན་པ་ཞིག་ཡོད། དེའི་རྐྱེན་གྱིས་ཁོ་རང་ཡུལ་དངོས་སུ་ཐོན་ཚེ་རྩོད་གླེང་གི་དོན་རྐྱེན་འདུམ་འགྲིག་བྱེད་ཐུབ་ལ། ས་གནས་ཀྱི་མང་ཚོགས་མང་པོ་ཞིག་གིས་ཁོ་ལ་ཤ་ཉེ་ཉེ་ཡིས་ཨ་ཁུ་གཅོད་པ་ཞེས་འབོད་བཞིན་ཡོད། གཅོད་པ་ནི་ཚོགས་འདུས་དོན་རྐྱེན་ཐག་གཅོད་བྱེད་པར་ཀུན་གྱིས་ཁས་ལེན་པའི་ཉེན་རྟོག་པ་བཟང་བོ་ཞིག་ཡིན་པར་མ་ཟད། ཉེས་ཅན་ཚོས་ཐོས་པ་ཙམ་གྱིས་དངངས་སྐྲག་གི་བ་སྤུ་གྱེན་དུ་གཟེངས་སྲིད་པའི་ཕུལ་བྱུང་ཉེན་རྟོག་པ་ཞིག་ཀྱང་ཡིན། 1992ལོར་ཞུང་ཧྭ་རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པའམ་མྱུལ་ཞིབ་བདེ་སྲུང་བྱ་བའི་གཙོ་འགན་བཞེས་པ་ནས་བཟུང་། ས་གནས་ཀྱི་བདེ་འཇགས་ཆེད་དུ་གནད་འགག་གི་སྐབས་སུ་ཁོ་ནམ་ཡིན་ཡང་ཚང་མའི་སྔོན་ལ་ཐོན་ངེས་ཡིན། གཅོད་པ་ཉེན་རྟོག་པའི་བྱ་བར་ཞུགས་པ་ནས་བཟུང་བསྡོམས་པས་གྱོད་གཞི་སྣ་ཚོགས་ལྔ་བརྒྱ་ལྷག་ཐག་བཅད་པ་དང་། དོགས་ཡོད་ཉེས་ཅན་བཞི་བརྒྱ་བདུན་ཅུ་འཛིན་བཟུང་བྱས།

སྡེ་མི་རྣམས་ཀྱིས་གསར་འགོད་པ་གཅོད་པ་ཡི་གནས་ཚུལ་རྒྱུས་ལོན་བྱེད་དུ་ཡོང་ཡོད་པ་ཤེས་རྗེས། གཅིག་འཕྲོ་གཅིག་མཐུད་ནས་ཆབ་སྲིད་ཨུ་ཡོན་གཅོད་པ་ནི་ང་ཚོའི་སེམས་ཁོང་གི་ཆེས་བཟང་བའི་ཉེན་རྟོག་པ་ཡིན་ལ། ཁོས་ང་ཚོར་དོན་དངོས་དང་དོན་བཟང་གང་མང་ཞིག་བསྒྲུབ་པ་དང་། ང་ཚོའི་ཆེད་དུ་དྲང་བདེན་ཡང་མང་པོ་ཞིག་བརྩོན་ལེན་བྱས་མྱོང་ཟེར། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་མྭ་ཁྲིན་མེན་གྱིས་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། “ང་ཚོའི་སྡེ་བ་གྲོང་རྡལ་དང་བར་ཐག་ཉེ་བས་སྔོན་ཆད་སྤྱི་ཚོགས་བདེ་སྲུང་ཧ་ཅང་མི་བཟང་། ཆབ་སྲིད་ཨུ་ཡོན་གཅོད་པ་ཡིས་ང་ཚོར་རྩ་འཛུགས་བྱས་ཏེ་སྡེ་བའི་བདེ་སྲུང་རུ་ཁག་བཙུགས་ཤིང་། དུས་དེ་ནས་བཟུང་བདེ་སྲུང་གི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང”ཟེར། སྡེ་མི་རྣམས་ཀྱིས་བཤད་རྒྱུར། 2007ལོར་ང་ཚོའི་ས་ཞིང་ཆ་ཤས་ཤིག་གཞུང་བསྡུ་བྱེད་པར་ཐག་བཅད་ལ། ཚོང་བདག་རྣམས་ཡང་དང་བསྐྱར་དུ་ང་ཚོར་གྲོས་སྡུར་བྱེད་དུ་ཡོང་མོད། འོན་ཀྱང་ཁ་གསབ་གྲོན་དངུལ་གྱི་ཐད་ལ་ཕྱོགས་གཉིས་ཀར་གྲོས་འཆམ་མ་བྱུང་བས། དོན་དག་དེ་ལྟར་མི་བསྐྱུར་ཀ་མེད་བྱུང་། ན་ནིང་ཆབ་སྲིད་ཨུ་ཡོན་གཅོད་པ་གནས་འདིར་ཡོང་ནས་ང་ཚོའི་སེམས་གཏིང་གི་བསམ་ཚུལ་ལ་ཉན་རྗེས། ང་ཚོས་དོན་མེད་སྒོས་ཨུ་ཚུགས་བྱས་ཏེ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད་པ་མིན་པ་ཤེས་ཏེ། ཁོས་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་ཡང་བསྐྱར་ཁྱིམ་ཚང་རེ་རེ་ཡི་ས་ཞིང་ཚད་འཇལ་བྱས་ནས་ཁ་གསབ་མ་དངུལ་གྱི་གྲངས་ཀ་གཏན་ཁེལ་བྱས་པས། ཚང་མས་སེམས་གཏིང་ནས་ཁས་ལེན་བྱས་ཏེ་ཆབ་སྲིད་ཨུ་ཡོན་གཅོད་པ་ནི་མང་ཚོགས་ལ་དོན་བཟང་བསྒྲུབས་པའི་མི་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་སྐྱེས། བཅར་འདྲིའི་ཁྲོད་གསར་འགོད་པས་དགོད་བྲོ་ལ་དོན་སྙིང་ཟབ་པའི་དོན་དག་ཅིག་རྟོགས། སྡེ་མི་མང་པོ་ཞིག་གིས་ལོ54སོན་པའི་གཅོད་པ་ལས་འཁྱུར་ངལ་གསོ་བྱེད་པར་སེམས་ཁུར་བྱས་ནས། ཚང་མས་བཤད་རྒྱུར། “ཆབ་སྲིད་ཨུ་ཡོན་གཅོད་པ་ཡིས་ལས་འཁྱུར་ངལ་གསོ་བྱས་མི་ཆོག གལ་ཏེ་ཁོ་རང་ལས་འཁྱུར་ངལ་གསོ་བྱེད་དུ་བཅུག་ན་ང་ཚོས་རྩ་འཛུགས་བྱས་ཏེ་གོང་གཏུག་བྱེད་རྒྱུ་ཡིན”ཟེར། སྐད་ཆ་འདི་ལས་ང་ཚོས་མང་ཚོགས་ཀྱིས་གཅོད་པ་ལ་བཅངས་བའི་བརྩེ་འདང་དང་སེམས་པ་དེ་གསལ་བོར་རྟོགས་ཐུབ།

རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཞིག་གིས་གསར་འགོད་པར་བཤད་རྒྱུར། གཅོད་པ་ཡིས་མང་ཚོགས་ཀྱི་བྱ་བ་བསྒྲུབས་པའི་གཅེས་ནོར་གཅིག་ནི་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་ལ་སོང་སྟེ། ཁོ་ཚོར་དོན་དངོས་དང་དོན་བཟང་བསྒྲུབས་པ་དེ་ཡིན། ཉེན་རྟོག་བྱ་བར་ཞུགས་ཏེ་ལོ་ངོ་མང་པོའི་ཁྲོད་ཁོ་ལོ་གཅིག་གི་ནང་མ་མཐའ་ཡང་ལོ་ཕྱེད་ལ་གཞི་རིམ་ནས་འདུག་པ་དང་། ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས་གཅོད་པར་འགན་འཁྲིའི་འདུ་ཤེས་དང་ཁྱོན་ཡོངས་འདུ་ཤེས་དྲག་པོ་ལྡན། བརྟན་འཇགས་འགན་སྲུང་བྱ་བའི་ཐད་གཅོད་པར་ཉེན་ཟོན་འདུ་ཤེས་དང་བྱ་བའི་འགན་འཁྲིའི་འདུ་ཤེས་བརྟན་པོ་ཞིག་ཡོད། 1999ལོའི་དགུན་ཁའི་ཉིན་ཞིག་གཅོད་པ་ཡིས་ཁ་སོ་སྡེ་བའི་སྡེ་མི་ཞིག་གིས་མེ་མདའ་ལྐོག་སྦས་བྱས་ཡོད་པའི་གནས་ཚུལ་ཤེས་རྗེས། ཉེན་རྟོག་པ་ཁྲིད་དེ་མཚན་བརྒྱབ་ནས་འཛིན་བཟུང་བྱེད་དུ་སོང་། ཁ་སོ་སྡེ་བའི་མཐའ་འཁོར་རི་སྒང་མང་པོས་བསྐོར་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ། སྡེ་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་པར་ཡང་རྐང་ལམ་ཕྲ་མོ་རེ་མ་གཏོགས་མེད་ལ་ཉེན་ཁ་ཧ་ཅང་ཆེ་བས་སྡེ་མི་རྣམས་ཀྱང་མཚན་མོ་ཕར་འགྲོ་ཚུར་འོང་གཏན་ནས་མི་བྱེད། འགུལ་སྐྱོད་ལེགས་འགྲུབ་ཀྱི་ཆེད་དུ་གཅོད་པས་རུ་མི་རྣམས་ལ་གློག་སྒྲོན་བཀར་དུ་མ་བཅུག་མོད། འོན་ཀྱང་ཚང་མའི་བདེ་འཇགས་ལ་བསམ་དགོས་པས་ཁོ་ཚོ་རྐང་ལམ་ཕྲ་མོའི་སྟེང་གོག་ནུར་བྱས་ཏེ་མདུན་སྐྱོད་བྱས་པ་ཡིན། སྤྱི་ལེ་བཅུ་ལྷག་གི་ལམ་དུ་དུས་ཚོད་བཞི་ཙམ་ལ་སོང་མཐར་ད་གཟོད་སྡེ་བའི་ནང་ལ་ཐོན། འགན་ཁུར་ལེགས་འགྲུབ་བྱུང་དུས་ནམ་གུང་ཡིན་པ་དང་། བྱ་བ་ལེགས་འགྲུབ་བྱུང་བར་ཚང་མས་དགའ་སྤྲོ་སྐྱེས་བཞིན་པའི་སྐབས་སུ་ཁོ་ཚོའི་ཅུའུ་ཀྲང་གི་ངོ་མདོག་སྐྱ་བོར་གྱུར་ཡོད་པ་མཐོང་། སྔོན་ཆད་དཔའ་དང་སྙིང་སྟོབས་ལ་འགྲན་ཟླ་བྲལ་བའི་གཅོད་པར་ཅི་ཞིག་བྱུང་བ་ཡིན་ནམ། ཚང་མས་དྲིས་རྗེས་གཅོད་པར་མཐོ་གནོད་ནད་ཚབས་ཆེན་ཡོད་པ་ད་གཟོད་ཤེས།

བརྟན་འཇགས་སྲུང་སྐྱོབ་བྱེད་ཆེད་གཅོད་པས་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་གཏོང་ཕོད། ཐེངས་རེའི་རྩྭ་ས་རྩོད་གླེང་ལ་ཐུག་དུས་ཡུལ་དངོས་སུ་འདུམ་འགྲིག་བྱེད་དུ་ཡོང་བའི་གཅོད་པ་ཐེངས་མང་པོར་མཚོ་ངོས་ལས་མཐོ་ཚད་མུས3500ཡོད་པའི་རི་མགོ་ནས་ཞག་སྡོད་བྱས་མྱོང་ལ། ཞག་སྡོད་བྱེད་སྐབས་ཉལ་ཐུལ་དང་ཉལ་གདན་ཅི་ཡང་མེད་པས་དུས་རྒྱུན་དུ་གྲང་སྟེ་ནད་སྣ་ཚོགས་བྱུང་བ་རེད།

ལོ་ངོ་མང་པོའི་ཁྲོད་རྩོད་གླེང་ཆེན་པོ་འདུམ་འགྲིག་བྱེད་དུས་ཡུལ་དངོས་སུ་གཅོད་པ་མེད་པའི་ཉིན་གཅིག་ཀྱང་མེད་ལ། ཏང་གིས་སྐྱེད་སྲིང་བྱས་པའི་ཕུལ་བྱུང་བོད་རིགས་ལས་བྱེད་འདིས་ཐེངས་དུ་མར་རང་འགུལ་གྱིས་ཆེས་དཀའ་ཁག་ཆེ་བའི་བྱ་བར་སྒྲུབ་པར་རེ་འདུན་ཞུས་པས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གདོང་མཆོངས་པ་རུ་གྱུར་ལ། རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་བླ་ན་མེད་པ་བཞག་མྱོང་། 1973ལོར་གཅོད་པ་ཉེན་རྟོག་བྱ་བར་ཞུགས་པ་ནས་བཟུང་། ཁོར་ཐོབ་པའི་མཚན་སྙན་དཔང་ཡིག་སྣ་ཚོགས་བརྩེགས་ཚེ་འདོམ་པ་གང་ལས་ཀྱང་མི་ཚད། ཐེངས་སོ་བདུན་ལ་ཞིང་ཆེན་དང་ས་གནས་སྤྱི་བདེ་ཅུའུ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས“སྔོན་ཐོན་བྱ་བ་སྒྲུབ་མཁན” དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”། “མི་རིགས་མཐུན་སྒྲིལ་ཡར་ཐོན་མི་སྒེར”བཅས་ཀྱི་མཚན་སྙན་གནང་བ་དང་། 1997ལོར་རིམ་པ་གཉིས་པའི་བྱས་རྗེས་ཐེངས་གཅིག་ལ་ཐོབ། 2006ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ”རུ་བདམས། 2008ལོར“ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་སྔོན་ཐོན་མི་སྒེར”དང“ས་ཁུལ་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཡང་ཐོབ།

གཅོད་པ་བྱ་བར་ཞུགས་ཏེ་ལོ་ངོ་བཅུ་ཙམ་གྱི་རིང་ལ་ངལ་གསོའི་གནང་བ་ཐེངས་གཅིག་ལའང་ཞུས་མ་མྱོང་ལ། ས་ཆ་གཞན་ལ་ཁམས་གསོ་བྱེད་དུ་འགྲོ་བའི་གོ་སྐབས་ཡང་རེ་རེ་བཞིན་སྙན་མོ་ཚིག་གིས་དང་ལེན་མ་བྱས། ད་བར་དུ་ཆུང་མར་འགྲོགས་ནས་ཕྱི་ལ་ལྟ་སྐོར་དུ་འགྲོ་བའི་འདུན་པ་ཡང་མངོན་འགྱུར་བྱེད་མ་ཐུབ། 2009ལོའི་ཟླ་བཅུ་གཅིག་པར། “རྒྱལ་ཡོངས་ཕུལ་བྱུང་མི་དམངས་ཉེན་རྟོག་པའི”མཚན་སྙན་ཡོད་པའི་ཁོས་བྱ་བར་བསམ་བློ་བཏང་སྟེ་སྤྱི་བདེ་པུའུ་ཡིས་བཀོད་སྒྲིག་བྱས་པའི་ཁོ་དང་ཆུང་མ་གཉིས་ཞ་མིན་ལ་ལྟ་སྐོར་བྱེད་དུ་འགྲོ་བའི་གོ་སྐབས་ཀྱང་རང་འགུལ་གྱིས་བཏང་བ་རེད།  །