མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

གཅན་ཚ་རྫོང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་ཁྲིད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2012-10-27 11:02

 ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྨང་གཞི་གཅིག(རྨང་གཞིའི་སྒྲིག་བཀོད)བརྟན་པོར་འདིང་བ་དང་ཐོན་ལས་ཆེན་པོ་གཙོ་བོ་གཉིས(ཆུ་གློག་དང་ཧ་ཡང་ལས་རིགས)ཇེ་དྲག་ཏུ་གཏོང་བ། ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་གསུམ(ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་རིགས་དང་རིག་གནས་གནས་སྐོར་ལས་རིགས། ཀྲུང་བོད་སྨན་རྫས)བཅས་སྐྱེད་སྲིང་བྱེད་པ་དང་། གཙོ་གནད་བཞི(དབུལ་སྐྱོར་དང་གྲོང་རྡལ་ཆུང་བ། སྐྱེ་ཁམས། སློབ་གསོའི་གསོ་སྐྱོང)བཅས་འབུར་དུ་བཏོད་པ། བྱེད་ཐབས་ལྔ(ཏང་གཙོ་གནད་དུ་བཞག་ནས་འཛུགས་སྐྲུན་བྱེད་པ་དང་དཔལ་ཡོན་ལྡན་པ་དམ་འཛིན་བྱེད་པ། བཅའ་ཁྲིམས་ཇེ་དྲག་ཏུ་གཏོང་བ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པ། གཏན་འཇགས་སྲུང་སྐྱོང་བྱེད་པ)བཅས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་སྤྱིའི་འཕེལ་རྒྱས་རིགས་ལམ་ལྟར་དུ། སྔར་ལས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་པ། གསར་གཏོད་མདུན་སྐྱོད་བཅས་བྱས་པས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཐད་གྲུབ་འབྲས་དགའ་འོས་པ་ཞིག་བླངས་ཡོད།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། གཅན་ཚ་རྫོང་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་བྱས་ན་བརྒྱ་ཆའི་བཅུའི་ཡན་དུ་འཕར་བ་དང་། 2015ལོར་ཐོན་དུས་སྒོར་མོ་དུང་ཕྱུར་ཉེར་བརྒྱད་ལ་བསླེབ་ཏུ་འཇུག་རྒྱུ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ་ལོ་རེར་ཆ་སྙོམས་བྱས་ན་བརྒྱ་ཆའི་དགུ་ལྷག་འཕར་བ་དང་། 2015ལོར་ཐོན་དུས་སྒོར་མོ་བྱེ་བ་བདུན་ལ་བསླེབ་རྒྱུ། བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་བྱས་ན་བརྒྱ་ཆའི་བཅོ་ལྔ་འཕར་བ་དང་། 2015ལོར་ཐོན་དུས་རིམ་རྩིས་ཀྱིས་སྒོར་མོ་དུང་ཕྱུར་ལྔ་བཅུ་དང་བྱེ་བ་ལྔ་ས་ཡ་བདུན་ལ་བསླེབ་པ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་བརྒྱ་ཆའི་བཅོ་ལྔ་ཙམ་འཕར་ནས། 2015ལོར་ཐོན་དུས་སྒོར་མོ་ལྔ་སྟོང་བཞི་བརྒྱ་དྲུག་ཅུ་ལྷག་ལ་བསླེབ་པ་དང་། སྤྱི་ཚོགས་འཛད་རྫས་སིལ་འཚོང་བྱེད་པའི་སྤྱིའི་བསྡོམས་གྲངས་ལོ་རེར་ཆ་སྙོམས་བྱས་ན་བརྒྱ་ཆའི་བཅུ་ཙམ་འཕར་བ་དང་། 2015ལོར་ཐོན་དུས་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་ལ་བསླེབ་པ་བཅས་ཀྱི་འབད་བརྩོན་དམིགས་འབེན་གསལ་བོར་བཏོན་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དུ། སྤྱིའི་མི་གྲངས་ཁྲི་ལྔ་དང་སྟོང་གསུམ་བརྒྱད་བརྒྱ་ལྷག་ཡོད་པ་དང་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་རེ་བདུན་ཙམ་ཟིན་ཡོད། རྫོང་མཁར་ཆུང་བ་དེའི་དཔལ་འབྱོར་འཕེལ་སྟངས་ཇི་ལྟར་བསྒྱུར་བ་དང་། མཆོང་བརྒལ་ཅན་གྱི་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་འབྱུང་དུ་འཇུག་དགོས་ཤེ་ན། གཅན་ཚ་རྫོང་གིས་རིག་གནས་གནས་སྐོར་ལས་རིགས་གོང་དུ་སྤེལ་བ་གཙོ་བོར་འཛིན་པར་བརྟེན་ནས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་མུ་རྒྱུད་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་གྱི་དཔལ་འབྱོར་མུ་རྒྱུད་བསྐྲུན་རྒྱུ་དེ་རེད།

གཅན་ཚ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིན་དཔལ་ལྡན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། ཉེ་བའི་ལོ་འདི་འགའི་རིང་ལ། གཅན་ཚ་རྫོང་གིས་རིག་གནས་གནས་སྐོར་ལས་རིགས་ཤུགས་ཆེན་པོས་སྐྱེད་སྲིང་བྱས་པ་བརྒྱུད་དེ། ཐོན་ལས་གསུམ་པ་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་། རིག་གནས་གནས་སྐོར་ལས་རིགས་གོང་དུ་སྤེལ་བ་དེ་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བའི་རྐང་འཛུགས་ས་གཙོ་བོར་གྱུར་པ་རེད་ཟེར།

ལིན་དཔལ་ལྡན་གྱིས་དབྱེ་ཞིབ་བྱས་ནས་བཤད་དོན། 2011ལོར་གཅན་ཚ་རྫོང་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་འབུམ་བདུན་དང་ཁྲི་བརྒྱད་སྣེ་ལེན་བྱས་ཤིང་། གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་མོ་བྱེ་བ་དགུ་དང་ས་ཡ་དགུ་འབུམ་གཅིག་ཁྲི་གསུམ་ལ་བསླེབས་པ་དང་། དེས་རྫོང་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་སྤྱིའི་ཐོན་རིན་བསྡུར་ཚད་ཁྲོད་བརྒྱ་ཆའི་ལྔ་ལྷག་ཟིན་ཞིང་། རྫོང་ཡོངས་སུ་རིག་གནས་གནས་སྐོར་ཐོན་ལས་ནང་ཞུགས་པའི་མི་གྲངས་ཉིས་སྟོང་སུམ་བརྒྱ་སོ་དགུ་ཡོད་པ་དང་། ལོ་ཧྲིལ་བོའི་ཡོང་སྒོ་སྒོར་མོ་སྟོང་བཞི་དང་ཉིས་བརྒྱ་ཉི་ཤུ་ལྷག་ཡིན་ལ། མི་རེར་ཆ་སྙོམས་བྱས་ན་སྒོར་མོ་ཁྲི་གཅིག་དང་སྟོང་བརྒྱད་ཡོད་པ་དེས་རྫོང་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་སྤྱིའི་ཐོན་རིན་བསྡུར་ཚད་ཁྲོད་བརྒྱ་ཆའི་གཅིག་ལྷག་ཟིན་པ་དང་། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་བརྒྱ་ཆའི་བཅུ་གཉིས་ལྷག་ ཟིན་ཡོད་ཟེར།

ལིན་དཔལ་ལྡན་གྱིས་དམིགས་བསལ་ཀྱི་སྒོ་ནས་ནན་གྱིས་བསྟན་དོན། མ་དངུལ་གཏོང་ཚད་རྒྱ་བསྐྱེད་པ་དེ་གཅན་ཚ་རྫོང་གིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་འཕེལ་རྒྱས་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་གཏོང་བ་ལས་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རྨ་ཆུའི་འགྲམ་དང་རྨ་ཆུའི་ཆུ་ལམ་ཞེས་པའི་ལས་གཞི་དེ་ཕུང་གཅིག་སྣེ་གཉིས་བྱ་བའི་འཕེལ་རྒྱས་འཐབ་ཇུས་རོགས་སྐྱོར་བྱེད་པའི་ལས་གཞི་ཆེན་པོར་བརྩིས་ནས། ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། སྔོ་རྒྱ་འགག་གི་ཡུར་ལམ་ལྷོ་མ་དང་རྨ་ཆུའི་འགྲམ་གྱི་བཏུང་ཆུ། རྨ་ཆུའི་གྲོག་རོང་གི་ས་ཞིང་མུའུ་ཁྲི་བརྒྱ་བཅོས་སྐྱོང་གསར་སྤེལ་བྱེད་པ། རྫོང་མཁར་གྱི་ཆུ་འགྲམ་ས་ཁུལ་གསར་བ་སོགས་ལས་གཞི་ཆེན་པོ་གཙོ་གནད་དུ་བཞག་ནས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ།“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་སྒོར་མོ་དུང་ཕྱུར་ལྔ་བཅུ་དང་བྱེ་བ་ལྔ་ས་ཡ་བདུན་དུ་སླེབས་པ་དང་། ལོ་རེར་ཆ་སྙོམས་བྱས་ན་བརྒྱ་ཆའི་བཅོ་ལྔ་འཕར་བར་བརྩོན་ལེན་བྱེད་དགོས་པ་དང་། རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དེ་མུ་མཐུད་དུ་གཅན་ཚ་རྫོང་ཡོངས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་བྱེད་པའི་ཐོན་ལས་གཙོ་བོར་བྱེད་པ་དང་། ཁྱིམ་ཚང་མང་པོ་ཕྱུག་སྒྱུར་བྱེད་པར་སྐུལ་ཁྲིད་བྱེད་པའི་ཐོན་ལས་སུ་བརྩིས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་བརྒྱད་གཏོང་བ་དང་། ལོ་ཧྲིལ་བོར་གནས་སྐོར་པ་མི་ཐེངས་འབུམ་དྲུག་ལ་བསླེབ་པ། གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཏུ་སླེབས་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།  །