མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

ཞིང་ཕྱུགས་ལས་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་མཐོར་སོང་བ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-10-27 11:02

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་སྦྱིན་ཞང་ཧར་སྦྱིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་བཀྲ་ཤིས་ཀྱིས་ཏང་དང་སྲིད་གཞུང་གི་ཞིང་བར་ཕན་པའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག བསམ་ཕྱོགས་བསྒྱུར་བ་དང་སྣེ་ཁྲིད་བྱས་ཏེ་ཧར་སྦྱིན་སེ་ཧན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་དམངས་ཡོངས་ཀྱི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་དགུས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བས། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་དགུ་བརྒྱ་ཉེར་བརྒྱད་ལ་སླེབས། 2010ལོར། ཁོས“སོག་རིགས་གཞིས་ཁྱིམ”ཞེས་པའི་སྐྱེ་ཁམས་ར་བ་ཞིག་བཙུགས་པ་དང་། སྐྱེ་ཁམས་ར་བ་བཙུགས་པའི་ལོ་གསུམ་གྱི་རིང་ལ། ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་ལྔ་ཡོད། དེར་མ་ཟད་ནོར་ལུག་འདྲེན་འཚོང་བྱེད་ཀྱིན་ཡོད་པས། 2011ལོར་ཁོ་ཚང་གི་བཟའ་མི་ཡོངས་ཀྱི་ཡོང་སྒོ་སྒོར་འབུམ་གསུམ་དང་ཁྲི་དགུ་ལ་སླེབས་པ་དང་། ཁོ་ཚང་ལ་བཟའ་མི་བདུན་ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་ལྔ་དང་སྟོང་དྲུག་རེད། ཧར་སྦྱིན་སྡེ་བ་དང་དེ་མིན་ལྷ་མོ་བཀྲ་ཤིས་ཚང་གི་ཡོང་སྒོའི་འགྱུར་ལྡོག་དེ་དག་ནི་རང་ཞིང་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། ཞིང་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད་ནས། ཞིང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་ནས་ཕྱུག་བསྒྱུར་གྱི་ལམ་དུ་བསྙེགས་པའི་མཚོན་བྱེད་ཅིག་རེད།

ད་ལོའི་ཚུན་ལ། རང་ཞིང་གི་ཞིང་ཕྱུགས་ལས་དཔལ་འབྱོར་ཐད་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་བྱེད་ཐབས་དེ་གཙོར་བཟུང་ནས། རོང་འབྲོག་པའི་ཕན་འབྲས་ཇེ་མཐོར་དང་ཡོང་སྒོ་ཇེ་མང་དུ་གཏོང་བ་དམིགས་འབེན་བྱས་ཏེ། མགྱོགས་མྱུར་སྒོས་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ནས། མུ་མཐུད་དུ་དེང་རབས་ཞིང་ཕྱུགས་ཐོན་རྫས་ཀྱི་ལག་རྩལ་དང་ཞང་གྲོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་ལ་ཡར་སྐུལ་བྱས་ནས། ཧུར་ཐག་གིས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བདག་གཉེར་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འབྲུ་སྣུམ་ཐོན་སྐྱེད་བརྟན་འཇགས་སྒོས་གོང་འཕེལ་དུ་གཏོང་བ། ཤ་དང་འོ་མ། སིལ་ཏོག སྔོ་ཚལ་བཅས་བརྟན་འཇགས་སྒོས་འདོན་སྤྲོད་བྱེད་པ་ཁག་ཐེག་བྱས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། ས་ཁོངས་རང་བཞིན་གྱི་སྲོག་ཆགས་ཀྱི་འགོས་ནད་མི་འབྱུང་བའི་སྤྱིའི་རེ་བའི་འོག ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་དང་ཆུ་བེད། ཚན་རྩལ་སོགས་སྡེ་ཁག་གིས་མུ་མཐུད་དུ་ཞིང་བར་ཕན་པ་དང་ཞིང་བ་འབྱོར་ཕྱུག་ཏུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཐོན་སྐྱེད་ལག་རྩལ་སོ་སོའི་བྱེད་ཐབས་དང་རང་སྟེང་གི་ཕན་ནུས་འདོན་སྤྲོད་གང་ལེགས་བྱེད་དུ་བཅུག

ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་འཇགས་ཡིན་ལ། འདེབས་འཛུགས་བྱེད་སྟངས་ལེགས་སྒྲིག་ཙམ་བྱས་ཡོད་པ་དང་། ས་གནས་སོ་སོའི་ཞིང་ལས་རྒྱུ་ཆ་གྲ་སྒྲིག་བྱས་པ་ཧ་ཅང་འདང་བ་དང་། ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་ལ་ཆར་ཆུ་ཧ་ཅང་འཛོམས་ལ། ས་གཤིས་དང་ལོ་ཏོག་སོགས་སྔར་ལས་བཟང་བས། ཞིང་ལས་ཐད་འབྲས་བུ་ཆེན་པོ་འབྱུང་ངེས་ལ། ཞིང་ཕྱུགས་ལས་ཐོན་སྐྱེད་སྲུང་འཛིན་ཐད་ཀྱི་འཕེལ་རྒྱས་ཧ་ཅང་བཟང་། བརྟག་དཔྱག་རགས་ཙམ་བྱས་པ་ལས། ཟླ་དྲུག་པའི་ཟླ་མཇུག་ལ། ཞིང་ཆེན་ཡོངས་ཀྱི་ནོར་ལུག་གསོ་ཁ་ན་ཡོད་པའི་གྲངས་ཀ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཅིག་ཁྲི་དྲུག་སྟོང་བདུན་ལྷག་ཡོད་པ་དང་། སྔོན་ལོ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་བཞིའི་འཕར་ཡོད། རོང་འབྲོག་པ་ཁྱིམ་ཚང་གི་མི་རེའི་ཡོང་སྒོ་བརྟན་འཇགས་སྒོས་འཕར་སྣོན་འགྲོ་བཞིན་ཡོད་པ་དང་། ཡོང་སྒོ་སྒོར་སྟོང་གཉིས་དང་བདུན་བརྒྱ་རེ་དགུ་ལྷག་ཡིན་པ་དང་། སྔོན་ལོ་ལས་བརྒྱ་ཆའི་བཅོ་བརྒྱད་འཕར་ཡོད། རྒྱལ་ཡོངས་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་དགུའི་འཕར་ཡོད། དངོས་གོང་སོགས་འཐེན་ན་དོན་དངོས་ཀྱི་འཕར་ཚད་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དྲུག་ཡིན་པ་དང་། རྒྱལ་ཡོངས་ཀྱི་དོན་དངོས་ལས་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་གཉིས་ཀྱིས་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱི་སྒོར་མོའི་འགྲོ་གྲོན་སྒོར་སྟོང་གསུམ་དང་ཉིས་བརྒྱ་གྱ་དྲུག་ལྷག་ཡིན་པ་དང་། སྔོན་ལོ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བདུན་འཕར་ཡོད།

བསྡོམས་རྩིས་ཡིག་ཆ་ལས་མངོན་པ་ལྟར་ན། ལོ་སྟོད་དུ། རང་ཞིང་གི་ཞིང་ཕྱུགས་མ་ལག་གིས་ཕྱོགས་ཡོངས་ནས་ཞིང་ལས་རྒྱུ་ཆ་ཁ་གསབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། འགྱིག་ཤོག་བཀབ་ནས་ཉིས་ཤུར་བྱས་ཏེ་འདེབས་པའི་ལས་གཞི་ཁྱབ་གདལ་དུ་བཏང་བ་དང་། ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་སྲིད་ཇུས་དང་། ཞིང་ལས་ཉེན་ཚབ་སྲིད་ཇུས། ཕྱུགས་རྒྱུད་ལེགས་བསྒྱུར་བཟོ་སྐྲུན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ནང་རྐྱེན། ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན། འབྲོག་པའི་གཏན་སྡོད་བཟོ་སྐྲུན། འབྲོག་ཁུལ་གྱི་ཕྱུགས་སྤྱིལ་ཁང་བའི་ལས་གཞི། ཞིང་སྡེའི་ངལ་རྩོལ་པ་གསོ་སྦྱོང་བྱེད་པའི་ཉི་འོད་བཟོ་སྐྲུན་དང་རོང་འབྲོག་པའི་ལྷད་མེད་དཔང་ཡིག་བཟོ་སྐྲུན་གསོ་སྦྱོང་སོགས་ཞིང་བར་ཕན་པ་དང་ཞིང་བ་ཕྱུག་པོར་བསྒྱུར་བའི་སྲིད་ཇུས་སྣ་བཅུ་ལག་བསྟར་བྱེད་བཞིན་ཡོད། སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་གྲོ་དང་ནས། མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་པའི་ས་ཁུལ་ལ་རྒྱུད་བཟང་ས་བོན་གྱི་ཁ་གསབ་སྟེར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་བ་དང་། ས་མུའུ་རེརེ་ཁ་གསབ་ཚད་གཞི་སྒོར་བཅུ་ཡིན་པ་དང་། “བྱང་བུ་གཅིག་བཀོལ་མང་ཆོད”བརྒྱུད་ནས་ཐད་ཀར་ཞིང་བར་སྟེར་ཐུབ། ས་མུའུ་ས་ཡ་གཅིག་ལ་འགྱིག་ཤོག་ཉིས་ཤུར་བྱས་ནས་ཞོག་ཁོག་བཏབ་ཡོད་པ་དང་། མུའུ་རེར་ཁ་གསབ་མ་དངུལ་སྒོར་བརྒྱ་དང་ཉི་ཤུ་རེད། ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འོག་རིམ་ལ་བྱིན་པ་དང་། ཁ་གསབ་ཀྱི་རིགས་ཆེ་བ་བཅུ་གསུམ་ཡོད་པ་དང་རིགས་ཆུང་བ་ཞེ་གཅིག་དང་ཐོན་རྫས་ཀྱི་སྣ་ཁ་བརྒྱ་དང་ང་གསུམ་ལྷག་ཡོད། འདེབས་འཛུགས་ལས་རིགས་ཀྱི་ཁྲོད་གྲོ་དང་སྐེ་ཚེ། ནས། སྲན་ཆེན། ཞོག་ཁོག ཡུང་མ། མ་རྨོས་ལོ་ཏོག་སོགས་དྲོད་ཁང་གི་འགན་སྲུང་ཉེན་ཚབ་སྣ་བདུན་ཡོད་པ་དང་། གསོ་སྤེལ་ལས་རིགས་ཀྱི་ཁྲོད་མོ་ཕག་དང་བཞོན་མ་བཅས་འགན་སྲུང་ཉེན་ཚབ་སྣ་གཉིས་ཡོད་ལ། ནོར་སྲིད་ཀྱི་ཁ་གསབ་འགན་སྲུང་མ་དངུལ་བརྒྱ་ཆའི་བརྒྱད་བཅུ་རེད། ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གཉིས་ལ། ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལྷག་ཡན་གྱི་རྩྭ་སར་གནོད་པ་ཐེབས་ཚད་ཆེ་བའི་གནས་ལ་ཕྱུགས་བཀག་པ་དང་། ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ལྷག་གི་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་སྟེང་རྩྭ་ཕྱུགས་དོ་མཉམ་དུ་བཏང་བ། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་ལ་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བྱིན་པ། ཞིང་ཆེན་ཡོངས་ཀྱི་ས་མུའུ་ས་ཡ་བཞི་དང་འབུམ་ལྔ་ལ་མིས་རྩྭ་འདེབས་པའི་ཁ་གསབ་བཅས་བྱིན། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་རྫོང་ཉེར་གཅིག་གིས་ས་མུའུ་ས་ཡ་དགུ་དང་འབུམ་གཅིག་ཁྲི་ལྔའི་རྩྭ་སར་ལྕགས་ར་སྐོར་བ་དང་། ས་མུའུ་ས་ཡ་གཉིས་དང་འབུམ་བདུན་ཁྲི་གཉིས་ལ་རྩྭ་གསབ་འདེབས་བྱས་པ། ཕྱུགས་སྤྱིལ་ཁང་དུ་ཕྱུགས་ཟོག་གསོ་བའི་ཁྱིམ་ཚང་ཁྲི་གཅིག་ཡོད་པ། རྩྭ་སར་ལྕགས་ར་སྐོར་ནས་ཕྱུགས་འགོག་པའི་ས་མུའུ་རེརེ་ཁ་གསབ་སྒོར་ཉི་ཤུ་སྟེར་བཞིན་ཡོད་པ་དང་། རྩྭ་ས་གསབ་འདེབས་བྱས་པ་མུའུ་རེར་སྒོར་ཉི་ཤུའི་ཁ་གསབ་སྟེར་བཞིན་ཡོད་པ། ཕྱུགས་བཀག་པའི་རྩྭ་ས་མུའུ་རེར་ལོ་རེར་གཟན་ཆས་སྤྱི་རྒྱ་གཉིས་དང་གྲངས་ཆུང་བདུན་ལྔའི་ཁ་གསབ་སྟེར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་ལྔ་དང་རྫོང་ཉེར་གསུམ་གྱིས་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་དང་། གསར་དུ་ལས་པའི་མུས་གྲུ་བཞི་དྲུག་བཅུ་ཅན་གྱི་ནང་གཏན་སྡོད་བྱས་པའི་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་བཞི་དང་ས་ཁུལ་གཅིག་རྫོང་བཅུ་དགུས་འབྲོག་ཁུལ་གྱི་ཕྱུགས་སྤྱིལ་ཁང་བའི་ལས་གཞི་ལག་བསྟར་བྱས་པ་དང་། ཚད་ལྡན་ཅན་གྱི་ཕྱུགས་སྤྱིལ་ཁང་བ་ཁྲི་གཅིག་ལས་པ་དང་། མུས་གྲུ་བཞི་ས་ཡ་གཅིག་དང་འབུམ་གཉིས་ཡོད་ལ། ཕྱུགས་སྤྱིལ་ཁང་བ་རེར་ཞིང་ཆེན་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་སྟོང་བརྒྱད་སྟེར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་ས་ཁུལ་གཅིག་གྲོང་ཁྱེར་གཅིག་རྫོང་ཞེ་གསུམ་གྱི་ཞིང་ཕྱུགས་ལས་པ་ཁྲི་བཞི་ལ་ལག་རྩལ་གསོ་སྦྱོང་བྱས་པ་དང་། མི་རེར་ཁ་གསབ་མ་དངུལ་སྒོར་བཞི་བརྒྱ་རེར་སྟེར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་ས་ཁུལ་གཅིག་གྲོང་ཁྱེར་གཅིག་རྫོང་ཞེ་གསུམ་གྱི་མི་ཁྲི་གཅིག་ལ་རོང་འབྲོག་པའི་ཐོབ་ཐང་དཔང་ཡིག་གསོ་སྦྱོང་སྤེལ་བ་དང་། མི་རེར་ཆ་སྙོམས་ཀྱིས་ཁ་གསབ་མ་དངུལ་སྒོར་སྟོང་གཅིག་བྱིན།

ད་ལོར་རང་ཞིང་གི་འགྲིམ་འགྲུལ་སྡེ་ཁག་གིས་སྲིད་འཛིན་སྡེ་བར་ཨར་འདམ་གྱི་གཞུང་ལམ་དང་ཟམ་པ་མུ་མཐུད་དུ་འཛུགས་སྐྲུན་བྱེད་མགོ་བརྩམས། མ་དངུལ་སྒོར་དུང་ཕྱུར་བཅོ་ལྔ་བཏང་ནས་གྲོང་སྡེའི་གཞུང་ལམ་སྤྱི་ལེ་ཉིས་བརྒྱ་དང་ཟམ་པ་སུམ་བརྒྱ་ལེགས་བཅོས་བྱས་པ་ཡོངས་འགྲུབ་བྱས། ཞིང་ཆེན་འཕྲོད་བསྟེན་སྡེ་ཁག་གིས་སྔར་ལས་བཟང་བོའི་སྒོ་ནས་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་བ་དང་། རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་ཡོང་བར་སྐུལ་འདེད་དང་ནད་རིགས་ལྗིད་པོའི་རིགས་ལ་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་བྱས་པ་དང་། རོང་འབྲོག་ཁུལ་གྱི་སྨན་བཅོས་མི་སྣའི་དཔུང་སྡེ་ཇེ་བཟང་དུ་བཏང་ནས་འཕྲོད་བསྟེན་ཐད་ཁ་གཏད་རོགས་སྐྱོར་གྱི་བྱེད་ཐབས་དངོས་འབེབས་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཁུངས་སུ་ཆ་འཕྲིན་ཅན་བཙུགས་པས་ཕན་འབྲས་ཡོད་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་གི་ཆུ་ཚད་འཐུས་ཇེ་ཚང་དུ་བཏང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་གྲོང་སྡེའི་མང་ཚོགས་ཀྱི་ཉེན་ཁ་ཆེ་བའི་ཁང་བ་ལེགས་བཅོས་བྱེད་པའི་ལས་གཞི་མུ་མཐུད་དུ་དངོས་འབེབས་བྱས་པ་དང་། ཞིང་བའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་རོང་འབྲོག་ཁུལ་དུ་འགན་སྲུང་ལྔ་གསོ་སྐྱོང་བྱེད་རྒྱུ་མ་ཟད། མཁར་གྲོང་སྨན་བཅོས་ལ་རོགས་སྐྱོར་དང་། གནས་སྐབས་ཀྱི་རོགས་སྐྱོར། དྭ་ཕྲུག་ལ་རོགས་སྐྱོར་བྱེད་པ་དང་དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་མིའི་འཚོ་བའི་ཁ་གསབ་བྱེད་ཚད་ལ་ཤུགས་སྣོན་བྱས། ཞིང་ཆེན་ནགས་ལས་ཐིན་གྱིས་ནགས་ཚལ་སྐྱེ་ཁམས་ལ་ཕན་ནུས་ཡོད་པའི་ཁ་གསབ་དང་རྨོ་བསྐྱུར་ནགས་འདེབས་བཟོ་སྐྲུན་དང་རང་བྱུང་སྲུང་སྐྱོབ་དུས་རིམ་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རང་ཞིང་གི་ནགས་སའི་སྐྱེ་ཁམས་ཁོར་ཡུག་ཕན་ནུས་ཡོད་པའི་སྒོ་ནས་ལེགས་བཅོས་བྱས་པར་མ་ཟད་རོང་འབྲོག་པའི་ཡོང་སྒོ་ཡང་དངོས་གནས་ཇེ་མང་དུ་བཏང་།

ཚན་རྩལ་གསར་སྐྲུན་ནི་མགྱོགས་མྱུར་སྒོས་འཕེལ་རྒྱས་རྣམ་པ་བསྒྱུར་བའི་སྒུལ་ཤུགས་ཆེན་པོ་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་ཚད་ཇེ་ཆེར་བཏང་བ་དང་། ནུས་ཤུགས་ཡོད་དགུས་ཐོན་ལས་ཞིབ་འཇུག་དང་། ཞིང་ལས་ཚན་རྩལ་ཟུང་འབྲེལ་དམ་པོ་བྱས་ནས་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་ལ་ནང་རྐྱེན་གསར་བ་བཙུགས་ཏེ། དངོས་གནས་རྒྱུད་བཟང་ས་བོན་ལ་ཞིབ་འཇུག་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ། བཀོལ་སྤྱོད་ཀྱི་ཆུ་ཚད་བཅས་ཇེ་མཐོར་བཏང་ནས། མགྱོགས་མྱུར་སྒོས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་སྟེགས་བུའི་བྱེད་ཐབས་གཏན་འབེབས་བྱས། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་སྣ་ཉིས་བརྒྱ་ང་དགུའི་གྲུབ་འབྲས་བླངས་བ་དང་། དེའི་ཁྲོད་སྣ་བརྒྱད་བཅུ་དུས་རྒྱུན་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དང་། གྲུབ་འབྲས་བསྒྱུར་ཚད་བརྒྱ་ཆའི་སོ་གཅིག་རེད། ཞིབ་བཤེར་གཏན་འབེབས་བྱས་པའི་ཞིང་ལས་རྒྱུ་ཆ་གསར་བ་སྣ་དོན་གསུམ་ཡོད་པ་དང་། རྒྱུད་བཟང་ས་བོན་གྱི་ཁེབས་ཚད་བརྒྱ་ཆའི་གོ་གཅིག་ལ་སླེབས་ཡོད། ཚན་རྩལ་གྱིས་ཞིང་ཕྱུགས་ལས་དཔལ་འབྱོར་འཕར་ཚད་ཐད་བཞག་པའི་བྱས་རྗེས་བརྒྱ་ཆའི་ཞེ་དགུ་རེད། ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ཁྲོད་ཚོད་འཛིན་ཐེབས་པའི་ལག་རྩལ་སྐོར་ཞིག་ཐག་གཅོད་བྱས་པ་དང་། ཁྱད་པར་དུ་རྒྱུད་འདྲེས་སྐེ་ཚེ་དང་། དུག་བྲལ་ཡུང་མ་འདེབས་པ། སྒོ་ཕྱུགས་ཀྱི་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་པའི་ལག་རྩལ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། ཞིང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་བདེ་ཐང་ངང་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་སུ། རང་ཞིང་གིས་རིམ་བཞིན་ཞིང་ཆེན་དང་རྫོང་། དཔེ་སྟོན་ཁྱིམ་ཚང་གི་ཞིང་ལས་ལག་རྩལ་གསར་སྤེལ་ཁྱབ་གདལ་དང་བཀོལ་སྤྱོད་གཞི་གཅིག་ཅན་གྱི་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་སྒོར་བསྒྱུར་ཏེ་བཀོལ་སྤྱོད་ཀྱི་ནང་རྐྱེན་བཙུགས། སྐེ་ཚེ་དང་ཡུང་མ། སྔོ་ཚལ། སྲན་ཆེན། ནོར། ལུག གཟན་ཆས། སིལ་ཏོག་གི་རིགས། གྲོ ཕག ཉ་སོགས་གཙོ་ཁྲིད་ཐོན་ལས་ཀྱིས་ཞིང་ཆེན་རིམ་པའི་ཐོན་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་སྟེགས་བུ་བཙུགས། ཐོན་ལས་སོ་སོ་ཞིང་ཆེན་རིམ་པའི་སྟེགས་བུར་སྦྲེལ་ཏེ། ཐོན་ལས་གཙོ་བོའི་རྫོང་གི་གཙོ་ཁྲིད་ཐོན་ལས་ལག་རྩལ་ཁྱབ་གདལ་གྱི་སྟེགས་བུ་བཙུགས། རྫོང་རིམ་པའི་ཚན་རྩལ་དཔེ་སྟོན་རྟེན་གཞིའི་སྟེགས་བུ་བཅུ་རེ་བཙུགས་ཡོད་པ་དང་། ཆེད་ལས་ལག་རྩལ་མི་སྣ་ལྔ་བཅུ་ནས་བརྒྱ་གདམ་གསེས་བྱས་ཏེ་གཙོ་ཁྲིད་ཐོན་ལས་ལག་རྩལ་ཁྱབ་གདལ་དུ་བཏང་། ཐོན་ལས་གཙོ་བོའི་རྫོང་སོ་སོའི་ཚན་རྩལ་དཔེ་སྟོན་གྱི་བཀོལ་སྤྱོད་སྟེགས་བུ་བཙུགས། ལག་རྩལ་མི་སྣ་རེའི་དཔེ་སྟོན་ཁྱིམ་ཚང་བཅུ་རེ་མཛུབ་སྟོན་བྱེད་པའི་ཚད་ལྡན་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་བཙུགས་པ་དང་། དཔེ་སྟོན་ཁྱིམ་ཚང་རེ་རེའི་ཉུང་མཐར་ཡང་ཁྱིམ་ཚང་ཉི་ཤུ་ལ་དཔེ་སྟོན་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ཏུ། ཁྱད་ལྡན་ཐོན་ལས་བཅུ་སྡེ་ཚན་ཡིན་པའི་ཐོན་ལས་ས་ཆ་ནས་ཟ་ཁང་དང་། ཐོན་སྐྱེད་ནས་འཛད་སྤྱོད། ཞིབ་འཇུག་གསར་སྤེལ་ནས་ཚོང་རའི་ཁོར་ཡུག་སོ་སོར་དམ་པོར་སྦྲེལ་བ། སྐྱེ་ལྡན་གྱི་འབྲེལ་བ། ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་དམིགས་འབེན་ལ་ཞབས་ཞུ་བྱེད་པའི་ལག་རྩལ་མ་ལག་འཛུགས་རྒྱུ་རེད། །