ཀྲུང་གོ་བོད་ཀྱི་དྲ་བ།

ཆོས་གཞུང་ཡིག་སྒྱུར་དར་རྗེས་བོད་མིའི་བསམ་བློའི་འདུ་ཤེས་ཐད་ལ་འགྱུར་བ་ཇི་འདྲ་བྱུང་མིན་སྐོར་ལ་མདོ་ཙམ་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ལ་དེ་སྔོན་གཞི་རྒྱ་ཆེ་བའི་ཆོས་གཞུང་བསྒྱུར་བའི་ལས་གྲྭ་དེ་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་པ་ནས་བཟུང་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད། བཙན་པོའི་དུས་སྐབས་སུ་རྒྱ་གར་ལ་སློབ་སྦྱོང་ལ་སོང་བའི་ལོ་ཙཱ་བ་དག་གིས་རྒྱ་གར་གྱི་རིག་པའི་གནས་ལ་བྱང་ཆུབ་པའི་མཁས་པ་གདན་དྲངས་ཏེ་ཆོས་གཞུང་ཡིག་སྒྱུར་སྤེལ་འགོ་ཚུགས་ཤིང་། དེ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།

དང་པོ། ཡིག་སྒྱུར་བྱ་གཞག་དར་བའི་ལོ་རྒྱུས་མདོར་བསྡུས།

རང་ཅག་བོད་ཀྱི་ཡིག་སྒྱུར་བྱ་གཞག་དེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་གོང་ནས་ཡོད་པ་ཡིན། དེ་ཡང་ང་ཚོས་ད་ལྟ་མཐོང་ཆོས་སུ་གྱུར་པའི་བོན་གྱི་ལོ་རྒྱུས་ཐོག་ཡོངས་གྲགས་སུ་ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་གི་ཡིག་གཟུགས་དེའི་བྱུང་འཕེལ་ལོ་རྒྱུས་ཞིབ་པར་བསྟན་ཡོད་དེ“དང་ཐོག་སྟག་ཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར་བ། ཞང་ཞུང་གི་ཡིག་རྒན་སྨར་སྒྲག་ཏུ་བསྒྱུར། སྨར་སྒྲག་དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཅན་ནམ་གཟབ་ཤར་ཏུ་བསྒྱུར། སྨར་ཆུང་འབྲུ་མར་དུ་བསྒྱུར”ཞེས་འཁོད་ཡོད། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་སོ་གཉིས་པ་གནམ་རི་སྲོང་བཙན་བར་བོད་ཀྱི་ཆོས་གཞུང་གི་སྒྱུར་མའི་ནང་དོན་གཙོ་བོ་ནི་བོན་གྱི་ཆོས་གཞུང་དང་ཆོ་ག་ཡིན་པར་གསུངས། དུས་སྐབས་དེའི་རིང་སྒྲ་བསྒྱུར་ལོ་ཙཱ་བ་མཁས་པ་མི་དགུ་བྱོན་ཞིང་། ཁོང་རྣམ་པས་བོན་གྱི་དཔེ་ཆ་མང་དག་ཅིག་ཞང་ཞུང་གི་སྐད་དུ་ཕབ་སྒྱུར་མཛད་རྐྱེན་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་སྲིད་དབང་འཛུགས་ཤིང་། ཁོང་གི་སྐུ་རིང་ལ་རླབས་ཆེན་གྱི་མཛད་རྗེས་གཙོ་བོ་ཞིག་ནི་བོད་ཡིག་གསར་དུ་བཟོས་པ་དེ་ཡིན། བོད་ཀྱི་རྨང་གཞིའི་བརྡ་སྤྲོད་བཟོས་གནང་བ་དང་ཆོས་གཞུང་སྒྱུར་འགོ་བརྩམས། ཆོས་གཞུང་སྒྱུར་བའི་ལས་གྲྭ་འགོ་བརྩམས་པ་དེས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བོད་ལ་དངོས་སུ་དར་བ་མཚོན། དུས་མཚུངས་མཐའ་འཁོར་རྒྱལ་ཁབ་ནས་གནམ་རིག་སྐར་རྩིས་དང་གསོ་རིག་གི་གཞུང་ལུགས་སོགས་མང་དག་ཅིག་ནང་འདྲེན་མཛད་ཡོད། སྲོང་བཙན་དུས་སྐབས་སུ་སཾ་བོད་ཆོས་གཞུང་ཡིག་སྒྱུར་གྱི་མཐོ་རླབས་ཐོག་མ་དེ་འཕྱུར་བ་རེད།

སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་ནང་བསྟན་བོད་ལ་དངོས་སུ་རྐང་པ་འཛུགས་ཐུབ་པ་བྱུང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དད་ལྡན་བློན་འབངས་ཚོའི་རྒྱབ་སྐྱོར་འོག་ནང་བསྟན་བསམ་བློ་དྲིལ་བསྒྲགས་རྒྱ་ཆེར་གཏོང་ཆེད་དང་བསམ་བློ་དེ་གང་མགྱོགས་མི་རྣམས་ཀྱི་བློ་ལ་ཟུག་ཐུབ་པའི་ཆེད་དུ་མཁན་ཆེན་ཞི་བ་འཚོ་དང་ཨོ་རྒྱན་པད་མ་འབྱུང་གནས་གདན་དྲངས་ཐོག་བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་གནང་ཞིང་། མི་རིང་བར་སད་མི་བདུན་བྱུང་ཞིང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་སྡེ་ཐོག་མ་དེ་བྱུང་། དེ་ནས་བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་ཏེ་ཡིག་སྒྱུར་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། དུས་རབས་བརྒྱད་པར་ཚ་ཚ་འུར་འུར་གྱིས་ཆོས་གཞུང་སྒྱུར་བའི་མཐོ་རླབས་ཤིག་སླར་འཕྱུར་ཡོད། ཆོས་གཞུང་སྒྱུར་འགོ་ཚུགས་པ་དང་བསྟུན་བོད་ཡིག་ཉིད་ཡོངས་ཁྱབ་ཏུ་བེད་སྤྱོད་པ་དང་ཡི་གེའི་སྐད་བཅད་སྐོར་གྱི་གནད་དོན་ནི་ལོ་ཙཱ་བ་རྣམས་ཀྱིས་མྱུར་བར་ཐག་གཅོད་དགོས་པའི་དོན་ཆེན་ཞིག་ཏུ་གྱུར་ཡོད། དུས་སྐབས་དེའི་རིང་གི་ཡིག་སྒྱུར་བྱ་གཞག་གི་ཁྱད་ཆོས་ནི། མ་རྩོམ་གྱི་སྤུས་ཚད་མཐོར་འདེགས་དང་འབྲེལ་ཡོད་ནང་དོན་རྒྱ་ཆེ་བ་དེ་བཞིན་ལོ་ཙཱ་བའི་ཐོབ་ཐང་བརྒྱ་འགྱུར་འཕར་བ་སོགས་སོ། བོད་བཙན་པོའི་དུས་ཀྱི་ལོ་ཙཱ་བ་རྣམས་ཀྱི་གནས་བབ་ཧ་ཅང་མཐོ་པོ་ཡོད། དེ་ཡང་མངའ་བདག་ཁྲི་རལ་པ་ཅན་དུས་ཀྱི་ལོ་ཙཱ་བའི་ཐོབ་ཐང་ནི་བློན་ཆེན་གྱི་ཐོབ་ཐང་དང་མཉམ་མཉམ་ཡིན་པ་ནི་སྨོས་མི་དགོས། དེ་ནས་བསྟན་པ་ཕྱི་དར་དུས“ཐོ་རེངས་སྐར་ཆེན”དུ་གྲགས་པའི་ལོ་ཆེན་རིན་ཆེན་བཟང་པོ་མཆོག་གིས་སྐད་བཅད་གསུམ་པ་མཛད་ཡོད། ཁོང་གིས་སྐད་བཅད་གོང་མ་གཉིས་ཀྱི་རྨང་གཞིའི་ཐོག་སྔར་བས་ཚད་ལྡན་ཅན་དུ་བཏང་གནང་ཡོད། བསྟན་པ་ཕྱི་དར་སྐབས་སུ་མར་པ་ལོ་ཙཱ་བ་དང་ར་ལོ་ཙཱ་བ། འབྲོག་ལོ་ཙཱ་བ་སོགས་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་ལོ་ཙཱ་བ་མང་དག་ཅིག་ཐོན་ཡོད།

དུས་རབས་བཅུ་གསུམ་ནས་བཅུ་བདུན་རིང་གི་ཡིག་སྒྱུར་བྱ་གཞག་གི་གྲུབ་འབྲས་གཙོ་བོ་ནི། དུས་རབས་བཅུ་གསུམ་པའི་ནང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས《སྙན་ངག་མེ་ལོང》ཆ་ཚང་བོད་ཡིག་ཏུ་བསྒྱུར་གནང་ཡོད། དུས་རབས་བཅུ་བཞི་ནས་བཅུ་དྲུག་རིང་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཆོས་གཞུང་ཡིག་སྒྱུར་ལས་གྲྭ་གཏོད་ནས《བཀའ་བསྟན་འགྱུར》པར་བསྐྲུན་གནང་བ་དང་དུས་མཚུངས་བོད་ཀྱི་ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་འགོ་བརྩམས། དུས་རབས་བཅུ་བདུན་ནས་ཉི་ཤུའི་དུས་འགོའི་རིང་ལྕང་སྐྱ་རོལ་པའི་རྡོ་རྗེ་ནས་གཙོས་པའི་ལོ་ཆེན་སྙན་གྲགས་ལྡན་པ་མང་དག་ཐོན་ཡོད། དུས་སྐབས་དེའི་རིང་གཙོ་བོ་རྒྱ་གར་གྱི《སྒྲའི་བསྟན་བཅོས་ཆེན་པོ་བཞི》བསྒྱུར་གནང་ཡོད་པ་མ་ཟད། བོད་ཡིག་དང་སོག་ཡིག་གཉིས་ཕན་ཚུན་གྱི་ཡིག་སྒྱུར་ཡང་བྱེད་འགོ་ཚུགས་ཡོད། བཅིངས་འགྲོལ་བཏང་རྗེས་བོད་ཀྱི་ཡིག་སྒྱུར་བྱ་གཞག་ལ་མཐོ་རླབས་གསར་པ་ཞིག་འཕྱུར་ཡོད། སྤྱིར་ཡིག་སྒྱུར་གྱི་རྣམ་པ་དང་ནང་དོན་ཁྱད་ཆོས་སོགས་ཀྱི་ཐད་སྔོན་གྱི་རྨང་གཞིའི་ཐོག་དུས་རབས་རང་བཞིན་གྱི་ཁྱད་ཆོས་དང་རྒྱལ་ཁབ་ཕྱི་ནང་རིག་གནས་ཀྱིི་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད།

གཉིས་པ། ཆོས་གཞུང་ཡིག་སྒྱུར་དར་རྗེས་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཀྱི་འགྱུར་བ།

གདོད་མའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་འབྲུག་ལྷ། གཉན་ལྷ། གཙན་ལྷ། ཁྱིམ་ཚང་གི་ལྷ། ས་ལྷའམ་ས་བདག་དང་ཐབ་ལྷ་སོགས་ལ་དད་གུས་ཀྱི་བསམ་པ་ཤུགས་ཆེར་ལྡན་ཡོད། མི་རྣམས་ཀྱི་བློ་ངོར་གལ་ཏེ་ལྷ་རྣམས་ཀྱི་ཅི་གསུངས་དེ་སྒྲུབ་དང་བག་ཡོད་སེམས་ཆུང་མ་བྱས་ཚེ། རང་ལ་ཆག་སྒོ་ཡོང་ངེས་པ་དང་ཡང་སྒོས་མི་ཡུལ་ལ་ནད་ཡམས། ཐན་པ། སེར་བ་དེ་བཞིན་ལུས་ལ་འཚེ་བ་སོགས་ཀྱི་གནོད་འཚེ་ཡོང་གི་ཡོད་སྙམ་གྱི་ཡོད། དེར་བརྟེན་མི་རྣམས་ཀྱིས་འཚོ་བའི་ཁྲོད་བསང་གསོལ་དང་ཕྱག་མཆོད་འབུལ་གྱི་བྱེད་སྒོ་སྤེལ་རྒྱུ་དེ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་ལྷ་དེ་རྣམས་ནི་ཁོ་ཚོའི་ཚེ་སྲོག་གི་དབང་བསྒྱུར་མཁན་ཞིག་ཏུ་ངོས་བཟུང་གི་ཡོད། གལ་ཏེ་མི་རྣམས་ཀྱིས་བློ་གཅིག་སེམས་གཅིག་གི་སྒོ་ནས་དེ་རྣམས་ལ་ཞབས་ཕྱི་དང་དད་གུས་བྱས་ན་གནོད་འཚེ་མི་ཡོང་བར་འདོད་པ་དང་། གནའ་རྫས་རིག་པའི་དཔྱད་གཞི་དང་ཡིག་ཆ་མང་པོའི་ཁྲོད་དུ་གདོད་མའི་མི་རྣམས་ཀྱིས་སྲོག་ཆགས་ལ་དད་པ་དེ་གསལ་པོར་མངོན་ཐུབ་པ་ཡིན། དེ་ནི་ཆོས་གཞུང་ཡིག་སྒྱུར་མ་དར་གོང་གི་གདོད་མའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་ཐོག་མའི་རྣམ་པ་ཞིག་ལགས།

ཆོས་གཞུང་ཡིག་སྒྱུར་དར་བ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་རང་ས་རང་ཡུལ་གྱི་འདུ་ཤེས་འཛིན་སྟངས་མིན་པའི་བསམ་པའི་རླབས་རྒྱུན་ནམ་འདུ་ཤེས་འཛིན་སྟངས་ཤིག་གིས་མི་རིགས་གང་དེའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་འགྲོ་བཞིན་མཆིས། ནང་ཆོས་བོད་ལ་དར་བ་དང་བསྟུན་ནས་ཡུན་རིང་བོན་གྱི་བསམ་བློའི་འདུ་ཤེས་ཀྱིས་བཅིངས་པའི་བོད་མི་ཚོར་ནང་ཆོས་ཀྱི་མི་ཆོས་སྐོར་གྱི་བསམ་བློའི་ཤུགས་རྐྱེན་གསར་པ་ཞིག་ཐེབས་འགོ་ཚུགས་ཡོད།

ཡིག་སྒྱུར་ནི་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་ཀྱི་ཐོན་དངོས་ཤིག་ཡིན། སྐད་དང་ཡི་གེ་མི་འདྲ་བའི་མི་རིགས་སམ་རྒྱལ་ཁབ་ཕན་ཚུན་དབར་འགྲོ་འོང་དང་སྤེལ་རེས་བྱེད་པར། ལོ་ཙཱ་ལ་མ་བརྟེན་ཐབས་མེད་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་འཇིག་རྟེན་ལྟ་བ་དང་། རིན་ཐང་ལྟ་བའམ། ཆོས་ལུགས་ཀྱི་ལྟ་བ་དང་། རྩོམ་རིག་གི་བསམ་པའི་རླབས་རྒྱུན་ཅི་རིགས་པ་ཡིག་སྒྱུར་གྱི་འབྲེལ་ཟམ་དེ་བརྒྱུད་ནས། རྒྱལ་ཁབ་དང་མི་རིགས་གཞན་གྱིས་བླང་དོར་དང་། དང་ལེན། རྒྱུན་འཛིན་བྱེད་མུས་ལགས་ཏེ། ཆོས་གཞུང་བོད་དུ་བསྒྱུར་བ་ནས་འགོ་བཙུགས་ཏེ། ཆོས་གཞུང་གི་བསམ་བློ་དང་ལྟ་བ་རྣམས་གངས་ཅན་ལྗོངས་སུ་རྐང་པ་ཚུགས་པ་དང་བསྟུན་ནས། དེས་བོད་མིའི་འདུ་ཤེས་འཛིན་སྟངས་ལ་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་ཐེབས་བཞིན་ཡོད།

མདོར་ན་ཆོས་གཞུང་ཡིག་སྒྱུར་གིས་དུས་སྐབས་ངེས་ཅན་ཞིག་རིང་གི་བོད་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་བཟང་ངན་ཅི་རིགས་པའི་ཤུགས་རྐྱེན་སྣ་ཚོགས་ཐེབས་པ་དང་། མི་རྣམས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བསམ་པའི་འདུ་ཤེས་འཛིན་སྟངས་ཡོད་ཚད་ལ་རྗེས་ལུས་ཀྱི་ཆ་རྣམས་སྙིགས་དོར་དང་སྔོན་ཐོན་གྱི་ཆ་རྣམས་བཅུད་ལེན་བྱེད་མུས་ལགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།