ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆེན་མོ་བའི་བསམ་བློའི་ཆུ་ཚད་དང་བསམ་གཞིགས་ཀྱི་ནུས་པ་མཐོར་འདེགས་བཟོ་བའི་ཐད་ཀྱི་བསམ་གཞིགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདུད་ལྷ་རྒྱལ།   སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གྲྭ་ཆེན་མོ་ནི་མཐོ་རིམ་ཡོན་ཏན་པ་གསོ་སྐྱོང་བྱ་ས་ཡིན་ལ། འདི་ལས་ཐོན་པའི་མི་སྣ་ནི་སྤྱིར་བཏང་གི་སློབ་གསོ་མྱོང་ཡོད་མཁན་ཞིག་དང་གཏན་ནས་མི་འདྲ། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་ཞིག་ཡིན་ན། དེ་ལ་རང་ཚུགས་ཀྱི་བསམ་གཞིགས་བྱེད་སྟངས་ཤིག་དང༌། གཞན་དྲིང་མི་འཇོག་པའི་སྤོབས་པ། གནད་དོན་ཐག་གཅོད་ཀྱི་ནུས་པ་སོགས་མཐོ་རིམ་གྱི་གནད་ལ་དཔྱོད་ཅིང་འཇུག་པའི་སྤོབས་པ་དང་ནུས་པ་ཆ་ཡོངས་སུ་རྫོགས་ཡོད་པ་ཞིག་ཡིན་དགོས། ཡིན་ནའང་སྔོན་དང་ད་ལྟ་གང་གི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་བ་རྣམས་ཀྱི་གནས་ཚུལ་ལ་གཞིགས་ན། འདི་ལྟའི་ཚད་ཐིག་ལ་ཐོན་མེད་པའམ་ཐོན་དཀའ་བའི་ཚོད་དུ་གདའ། ཁོ་ཚོའི་ནར་མའི་ཁ་བརྡ་ཡིན་ན་འདྲ་ལ། ཚོགས་དབུས་ཀྱི་བགྲོ་གླེང་ཡིན་ནའང་འདྲ། མཐར་ཕྱིན་དཔྱད་རྩོམ་ཡིན་ནའང་འདྲ་གང་དུའང་ཡོན་ཏན་པའི་འཇོན་ཐང་མངོན་ཡོད་པ་ཅིག་མེད་པར། ཕལ་བའི་བསམ་ཚོད་ཅིག་གིས་སྤྱིར་བཏང་བའི་ལྟ་བ་ཞིག དཀྱུས་མའི་སྐད་ཆ་ཞིག་གིས་འཆད་ཀྱིན་འདུག ཁོ་ཚོས་ལྟ་བ་གང་ཞིག་འདོན་ཡང་། དེ་ཉིད་ཀྱི་མཐོང་སྣེ་ཆེས་ཆིག་རྐྱང་བ་ཞིག་སྟེ། ཁོ་ཚོར་སྤྱིར་མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་མ་གཏོགས། ཐ་ན་ལོ་རྒྱུས་ཀྱི་ལྟ་བའི་ཟུར་ཕྲན་ཙམ་ཡང་མེད། དེ་བས་ཡ་རབས་གཞུང་དྲང༌། བྱམས་སྙིང་རྗེ་ལྟ་བུའི་སྲོལ་རྒྱུན་གྱི་བསམ་གཞིགས་གཏོང་སྟངས་ཀྱིས་དུས་དང་ཡུལ་ལ་ ཁྱད་པར་མེད་པར་གཅིག་ཏུ་ཁ་ཚོན་གཅོད་པ་ལས་ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། དགེ་སྐྱོན་ཅི་ཡོད་ལ་བསམ་བློ་ཆེན་པོ་འཁོར་མི་ཐུབ། ལོ་རྒྱུས་འཕེལ་བའི་ཆོས་ཉིད་ཀྱིས་སྔར་ཡོད་ཀྱི་མི་ཆོས་ལྟ་བ་མང་པོ་ཞིག་ལ་བསྐྱར་དུ་གདེང་འཇོག་དང་ཚད་འཇལ་བྱེད་དགོས་པར་འགྱུར་བ་དང༌། དེ་བཞིན་དུས་དང་འཚམས་པའི་རིན་ཐང་ལྟ་བ་གསར་བ་ཞིག་འབྱུང་དགོས་ཀྱང་། ང་ཚོའི་སློབ་གྲྭ་ཆེན་མོ་བ་རྣམས་ལ་འདིའི་ཐད་ནས་འཇོན་ཐང་ཆེན་པོ་མེད། དེ་ལས་གཞན་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་དེང་གི་ཡོན་ཏན་པ་དག་ལ་མཚོན་ནའང་དངོས་ཡོད་ལ་ཁ་སྐོར་ནས་དངོས་ཡོད་ཀྱི་སྤྱི་ཚོགས་གནད་དོན་ཞིག་བཤད་དགོས་པར་གྱུར་ཚེ།ང་ཚོའི་བསམ་གཞིགས་དེ་རྡིབ་འགྲོ་བའི་ཉེན་ཁ་ཡོད། ཆེས་ཕུགས་བསམ་ཅན་གྱི་བྱིས་བློ་དང་འདྲེས་པའི་ཐབས་ལམ་ཞིག་སྟོན་རྒྱུ་ལས། གནད་དོན་ལ་དབྱེ་ཞིབ་ཆ་རྫོགས་པ་ཞིག་དང༌། རིག་པའི་གཞུང་ལུགས་ཀྱིས་རྒྱབ་རྟེན་མཛད་པའི་ཞིབ་འཇུག་གཏིང་ཟབ་མོ་ཞིག་ཅིས་ཀྱང་འབྱུང་དཀའ།ང་ཚོའི་ཡོན་ཏན་པ་རྣམས་ཀྱིས་དམངས་སྲོལ་ལམ། ལོ་ཚིགས་སམ། དོན་རྐྱེན་ལྟ་བུའི་སྣང་ཚུལ་རྐྱང་བའམ་ད་ཡོད་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་མེད་པའི་རིགས་རྟོག་གི་ལས་ཀ་ཞིག་གམ། རིག་གཞུང་རྐྱང་བ་ཞིག་ལས་དངོས་ཡོད་སྤྱི་ཚོགས་ལ་ཁ་གཏད་ཀྱི་དོན་སྙིང་ཡོད་པའི་ཞིབ་འཇུག་གི་ལས་ཀ་གཉེར་མཁན་ཉུང༌། ང་ཚོའི་སློབ་གྲྭ་ཆེན་མོ་བ་རྣམས་ཀྱིས་ཁ་བརྡ་དང་བགྲོ་གླེང་། ཞིབ་འཇུག་གི་ཁྲོད་དུ་བཀོལ་བཞིན་པའི་སྐད་ཆའམ་བརྡ་ཆད་ལ་བལྟས་པ་ཙམ་པོས་གནད་དོན་འདི་ཆེས་སླ་བར་མཐོང་སྟེ། ཁོ་ཚོས་རྩོམ་རིག་གམ། སྤྱི་ཚོགས། རིག་གནས། ལོ་རྒྱུས་སོགས་གང་ལ་དཔྱོད་ཀྱང་རིག་གཞུང་གང་དེའི་རིག་གཞུང་གི་ལྟ་བའམ་ཐབས་ལམ་སྤྱོད་པ་ལྟ་ཞོག་དེ་ཉིད་ཆེས་ཕལ་བའི་སྐད་དང་འཚོ་བའི་སྐད། ལྷུག་བརྗོད་ཀྱི་སྐད་ཀྱིས་འཆད་པར་འགྱུར་བ་ལས། རིག་གཞུང་གི་བརྡ་ཆད་བཀོལ་ཐུབ་པ་ཉུང་ལ། བཀོལ་ཡོད་པའི་དབང་དུ་བཏང་ཡང་བརྡ་ཆད་ཀྱི་གོ་བ་རབ་རིབ་སབ་སིབ་ཅིག་ཏུ་འདུག འདི་འདྲ་ཞིག་གིས་དཔྱད་པ་དང་ཞིབ་འཇུག་གི་ལས་ལ་ཇི་ལྟར་འཇུག་ཐུབ་སྟེ་མི་ཐུབ་བོ།། རིག་གཞུང་གང་ཞིག་གི་གསང་ཚིག་དེ་རིགས་རིག་གཞུང་དེའི་བརྡ་ཆད་ཀྱིས་མཚོན་པ་ཡིན། དེ་བཞིན་གནད་དོན་ཐག་གཅོད་པའམ་གནད་དོན་ལ་དབྱེ་ཞིབ་བྱེད་པའམ་གནད་ལ་ཐིངས་པ་ཞིག་ཡོང་མི་སྲིད། འདིས་ནི་དོན་གྱིས་བསམ་གཞིགས་དེ་ཉིད་གནད་དུ་ཐིངས་མེད་པ་དང༌། བསམ་གཞིགས་དེ་ཉིད་ལ་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་མེད་པའི་དྲན་འཆར་ཐོར་བུ་བ་ཞིག་ཡིན་པ་དེ་མཚོན་པ་ཡིན།

གནད་དོན་གྱི་རྩ་བ་ནི་ངས་བསམ་ན་ཤེས་བྱའི་སྒྲིག་གཞི་ལ་ཐུག་ཡོད་སྙམ། ཐུན་མིན་གྱི་ལྟ་བ་དེ་བསམ་གཞིགས་ཀྱི་ནུས་པ་འཇོན་པོ་ཞིག་ལས་འོང་དགོས་ལ། བསམ་གཞིགས་ཀྱི་ནུས་པ་དེ་བསམ་གཞིགས་ཀྱི་རྒྱུ་ཆ་སྟེ་ཤེས་བྱའི་གྲ་འཛོམས་པོ་ཞིག་ལས་འོང་དགོས། ཤེས་བྱ་ལ་གལ་ཆེན་མཛད་དོན་གཙོ་བོ་བསམ་གཞིགས་ཀྱི་དོན་ཡིན། བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་ལ་མཚོན་ན། སློབ་ཆུང་སློབ་འབྲིང་བཅས་ལོ་ངོ་བཅུ་གཉིས་ལྷག་གི་ཤེས་བྱའི་བསགས་སྦྱང་ལས་སྤྱིར་ཤེས་བྱ་སྣ་ཚོགས་པ་ཞིག་གི་རྨང་གཞི་ཡོད་ཀྱང༌། དེང་གི་བོད་སྤྱི་ཚོགས་དང་རིག་གནས་སྤྱིའི་ཁོར་ཡུག་ད་དུང་ཆིག་རྐྱང་བ་ཞིག་དང༌། ད་དུང་ཁ་རུབ་ཀྱི་རྣམ་པ་ཞིག་གི་ངང་ན་ཡོད་པའི་རྣམ་པ་འདིས་གནའ་བོའི་ཤེས་བྱའི་སྒྲིག་གཞི་ལ་འདའ་འགོངས་སམ་ཐོད་བརྒལ་མཛད་མ་ཐུབ་པས། དེང་རབ་ཀྱི་ཤེས་བྱའི་ཕྱོགས་ན་ཉམ་ཆུང་ཉམ་ཐག་ཏུ་ཡོད། དངོས་ཡོད་སྤྱི་ཚོགས་དང་ཉེ་བར་བཏུད་ནས་རང་གི་ཤེས་བྱ་དངོས་ཡོད་ཀྱི་ཁྲོད་ནས་བཀོལ་སྤྱོད་བྱེད་དགོས་དུས། ཁོ་ཚོར་ཡུལ་ཡུལ་ཅན་ནམ་བྱེད་པ་པོ་དང་བྱ་བའི་བར་ལ་ཡ་བྲལ་དུ་འགྱུར་བའི་རྣམ་པ་ཡོད། འདི་ནི་རང་གི་ཤེས་བྱའི་སྒྲིག་གཞི་དང་ཐག་གཅད་བྱའི་གནད་དོན་གཉིས་བར་གྱི་ཡ་བྲལ་གྱི་སྣང་ཚུལ་ཞིག་གི་འབྲས་རྟགས་རེད། ཤ་ཟ་བ་ལ་གྲི་དང་ཚོད་མ་ཟ་བ་ལ་ཐུར་མ་དགོས་པ་བཞིན། ཤེས་བྱ་ཡིན་ཚད་ཀྱིས་གནད་དོན་གང་ལའང་འཇུག་ཆོག་པའམ་ཐུབ་པ་ཞིག་ཡོད་མི་སྲིད། ད་ལྟའི་ང་ཚོའི་སློབ་ཁྲིད་ལ་མཚོན་ན་ང་ཚོས་རྗོད་བྱེད་ཚིག་གི་གསོ་སྦྱོང་ལ་དམིགས་ཡོད་པ་ལས། བརྗོད་བྱའི་བསམ་བློ་གསོ་སྦྱོང་ལ་དམིགས་ཐུབ་མེད་པའི་རྣམ་པ་ཞིག་ཡོད། འདིས་སློབ་མའི་བསམ་གཞིགས་ཀྱི་ནུས་པའི་མཐོར་འདེགས་དང༌། བསམ་བློའི་ཆུ་ཚད་ཀྱི་མཐོར་འདེགས་ལ་ཕན་ཐོགས་ཆེན་པོ་ཐུབ་ཀིན་མེད་པས། སྣང་ཚུལ་འདི་དེང་གི་སློབ་གྲྭ་ཆེན་མོའི་སློབ་གསོའི་ཞན་ཆ་ཞིག་ཡིན། སུམ་རྟགས་སྙན་ངག་དང༌། རྩོམ་འཇུག་རྩོམ་རིག་གཞུང་ལུགས་གང་ཡིན་ཡང་དེ་ཉིད་ཚིག་དག་མོ་ཞིག་དང༌། རྗོད་བྱེད་ཚིག་དང་རྗོད་པ་ཅི་འདྲ་ལེགས་ཤིང་དག་ཀྱང་། དེ་ཉིད་ནི་ཕྱིའི་ཤུན་པ་ལྟ་བུ་ཡིན་ལ། ནང་སྙིང་ནི་བརྗོད་བྱའི་བསམ་བློ་ཡིན་པ་སྨོས་མ་དགོས། དེས་ན་ང་ཚོས་འདི་ལྟའི་བརྗོད་བྱ་ཕུན་ཚོགས་གཏིང་ཟབ། རྒྱ་ཆེན་པོ་དེ་གང་ནས་ཡོང་དགོས་པ་དང༌། དེ་ཇི་ལྟར་གསོ་སྐྱོང་བྱ་བའི་ཐད་ལ་ད་བར་དུ་ངོས་ཟིན་མ་བྱུང་བར་བཏང་སྙོམས་སུ་བསྐྱུར་བ་རེད། དེ་བས་བོད་ཡིག་སློབ་གྲྭ་ཆེན་མོ་བའི་བསམ་གཞིགས་ཀྱི་ནུས་པའང་འཇོན་ཐང་ཅན་དུ་འོངས་མ་ཐུབ་པ་རེད། གནད་དོན་དབྱེ་ཞིབ་དང༌། གནད་དོན་ཐག་གཅོད་ཀྱི་ནུས་ཤུགས་ཞན་པ་དང༌། བསམ་གཞིགས་ཀྱི་ནུས་པ་ཞན་པའི་གནད་དོན་འདི་འདྲ་ཐག་གཅོད་པའི་ཐབས་ལམ་ནི། ངས་བསམ་ན་འཐུས་སྒོ་ཚང་བའི་ཤེས་བྱ་གསར་བ་ནང་འདྲེན་བྱ་རྒྱུ་དེ་ཁོ་ནའོ་སྙམ། དེང་གི་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཀྱི་ཁྲོད་ན་ཤེས་བྱ་གསར་བ་དང་བསླབ་བྱ་གསར་བ་ཡིན་སྐད་ཀྱི་སློབ་ཁྲིད་ནི་ཡོད་ཀྱང༌། དེ་དག་ལ་ཞན་ཆ་ཞིག་ཡོད་པ་ནི། དེའི་སློབ་ཁྲིད་ལ་ཟབ་ཁྱད་མེད་པ་དང༌། རྒྱ་ཚད་མེད་པ་དང༌། ལྷག་པར་རྒྱུས་མངའ་དང་བྱང་ཆ་ཆེ་བའི་དགེ་རྒན་དཀོན་པ་དེ་རེད། རིག་གནས་ཚན་ཁག་གི་སློབ་མ་ཞིག་ལ་མཚོན་ན། རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ་གསུམ་གྱི་གཞུང་ལུགས་ཀྱི་རྨང་གཞིའི་ཤེས་བྱར་གྱུར་པ་དག་ངེས་པར་ཁོང་དུ་ཆུད་པ་དགོས། རྩོ མ་རིག་དང་ལོ་རྒྱུས། སྤྱི་ཚོགས་རིག་པ་སོགས་བསླབ་ཚན་བྱེ་བྲག་པ་གང་ཡིན་ཡང་། དེ་ཉིད་ལ་དཔྱོད་པ་དེ་ཕལ་བ་དཀྱུས་མ་སྣང་ཚུལ་ངོ་སྤྲོད་ལྟ་བུ་ཞིག་གི་ངང་དུ་མི་བསྐྱུར་བར་ཟབ་སར་ཕྱིན་འདོད་ན་ནི། མཚན་ཉིད་རིག་པ་མ་ཤེས་ཐབས་མེད་ཡིན། སྐད་བརྡ་རིག་པ་ལྟ་བུ་ཞིག་ལ་མཚོན་ནའང་གཏིང་ཟབ་སར་ཕྱིན་ན་མཚན་ཉིད་རིག་པ་དང་མི་འབྲེལ་ཐབས་མེད་རེད། རྩོམ་རིག་ཀྱང་དེ་ལྟར་རོ། ། ང་ཚོའི་དེང་གི་བཤད་བྱ་ཆེས་ཚ་བོ་སྟེ་རིག་གནས་གསར་རྙིང་གི་དགག་བཞག་ལྟ་བུ་ལ་མཚོན་ནའང༌། མཐར་ཐུག་མཚན་ཉིད་རིག་པའི་སྒོ་ནས་འཆད་མ་ཐུབ་པས་དེ་ལ་བློ་འཁུལ་གྱི་ནུས་ཤུགས་ཡོད་མི་སྲིད། དེ་བས་བོད་ཡིག་སློབ་གྲྭ་ཆེན་མོ་བའི་མཚན་ཉིད་རིག་པའི་སློབ་ཁྲིད་ལ་ཤུགས་སྣོན་མཛད་དགོས། དེ་ཡང་ནུབ་གླིང་གི་མཚན་ཉིད་རིག་པ་གཙོ་བོ་དང༌། དེའི་ནང་ནས་ཀྱང་ནུབ་གླིང་དེང་རབས་མཚན་ཉིད་རིག་པ་གཙོ་བོ་ཡིན་ན་འགྲིག། དེང་གི་བཤད་བྱ་ཆེན་པོ་དེང་རབས་ཤེས་རིག་གི་ཕྱིར་རྟོག་ཡིན་ནའང་འདྲ། མི་ཇུས་ཀྱི་དགོངས་པ་ཡིན་ནའང་འདྲ། རྩོམ་རིག་གི་དེང་རབས་རིང་ལུགས་ཡིན་འང་འདྲ། སྤྱི་ཚོགས་རིག་པའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་དཔྱོད་པ་ཡིན་ནའང་འདྲ། དེང་རབས་མཚན་ཉིད་རིག་པ་ནི་ཁོ་ཚོའི་ལྟ་བའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། དེ་ནས་གཞན་ནུབ་གླིང་གི་སྤྱི་ཚོགས་དང་བསམ་བློའི་འཕེལ་རྒྱས་གཙོར་བཟུང་ནས། ང་ཚོ་ལ་བལྟ་སའམ་མིག་དཔེ་བྱས་ཆོག་པའི་བསམ་བློའི་མཐོ་རླབས་སམ་སྤྱི་ཚོགས་ཀྱི་ལོ་རྒྱུས་གཙོ་བོ་ངོ་སྤྲོད་པ་ཤིན་ཏུ་གལ་ཆེ། དཔེར་ན། རིག་རྩལ་བསྐྱར་དར་དང༌། བློ་འབྱེད་ལས་འགུལ། ཧྥ་རིན་སིའི་གསར་བརྗེ་ཆེན་མོ་དང༌། ཡའོ་རུབ་གླིང་གི་བཟོ་ལས་གསར་བརྗེ་ལྟ་བུ་སོགས་ངེས་ཚེ། སློབ་མ་རྣམས་ལ་འཛམ་གླིང་གི་མཐོང་རྒྱ་འབྱུང་བར་གྲོགས་བྱེད་ཐུབ་ངེས། དེང་གི་བོད་སྤྱིཚོགས་འཕེལ་རྒྱས་ཀྱི་དཔྱོད་པ་ལ་མཚོན་ན་དཀོན་ནས་ཡོད་པའང་ཉེ་རབས་དང་དེང་རབས་ཀྱི་འཛམ་གླིང་ལོ་རྒྱུས་ཀྱི་ཤེས་བྱའི་རྒྱབ་ལྗོངས་རེད། གང་ཡིན་ཡང་ཐོག་མཐའ་བར་གསུམ་ཀུན་ཏུ་རྩ་བའི་བླང་བྱ་ཞིག་ཡོད་པ་ནི། ང་ཚོ་བོད་ཀྱི་གནས་ཚུལ་ལ་ཁ་གཏོད་པ་དང༌། བོད་རང་གི་སྤྱི་ཚོགས་གནས་སྟངས་འདི་གཞི་རྩ་བྱས་ནས་རིག་གནས་གསར་བ་དེ་དག་གི་ཤེས་བྱའི་རྒྱབ་ལྗོངས་ཡོད་པར་བྱ་རྒྱུ་གལ་ཆེ། འདི་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་གི་བསམ་བློའི་ཆུ་ཚད་གོང་དུ་སྤེལ་བའི་ཐབས་དམ་པ་རེད་སྙམ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།