ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་གྲོང་ཁྱེར་གྱིས་བུ་བཅོལ་ཁང་དང་། སློབ་གྲྭ་ཆུང་འབྲིང་། མཐོ་རིམ་སློབ་གྲྭའི་དགེ་རྒན་བཅས་ཀྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་ཁ་གསལ་བཟོས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་དུས་རབས་གསར་པའི་པེ་ཅིང་གྲོང་ཁྱེར་གྱི་བུ་བཅོལ་ཁང་དང་། སློབ་གྲྭ་ཆུང་འབྲིང་། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི“ཚད་གཞི་བཅུ”དང་། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་བྱ་ཐབས། བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་ལས་རིགས་ཀུན་སྤྱོད་ལས་འགལ་བའི་བྱ་སྤྱོད་ཐག་གཅོད་བྱ་ཐབས། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཚུལ་མིན་ཀུན་སྤྱོད་ཀྱི་ཐག་གཅོད་བྱེད་པའི་མཛུབ་ཁྲིད་བསམ་འཆར་སོགས་ཡིག་ཆ་ཁག་སོ་སོར་ཁྱབ་བསྒྲགས་བྱས་པ་རེད། ཡིག་ཆའི་ནང་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་ལས་རིགས་ཀུན་སྤྱོད་ལས་ཚབས་ཆེན་འགལ་བ་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་ལ་ཚབས་ཆེ་བའི་ཚུལ་མིན་བྱ་སྤྱོད་གནས་ན་ལས་གནས་ལས་ཕྱིར་འབུད་བྱ་རྒྱུ་དང་ཁྱིམ་བདག་དང་སློབ་མའི་བསམ་འཆར་དེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་བྱེད་པའི་ནང་དོན་ནང་དྲངས་ཡོད།

བུ་བཅོལ་ཁང་གི་དགེ་རྒན།  ལས་རིགས་ཀུན་སྤྱོད་དང་ཚབས་ཆེན་འགལ་ན་ཕྱིར་འབུད་བྱེད་པ།

བུ་བཅོལ་ཁང་གི་དགེ་རྒན་ལ་ཆ་མཚོན་ན། གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་བུ་བཅོལ་ཁང་གི་དགེ་རྒན་གྱིས་ལས་རིགས་ཀུན་སྤྱོད་ལས་འགལ་བའི་བྱ་སྤྱོད་11ཁ་གསལ་སྒོས་བཏོན་ཡོད། དེའི་ནང་གསོ་སྐྱོང་སློབ་གསོའི་བྱེད་སྒོའི་ཁྲོད་ཐོལ་བྱུང་དོན་རྐྱེན་བྱུང་བ་དང་བྱིས་པར་ཉེན་ཁ་འཕྲད་སྐབས་བྱིས་པའི་བདེ་སྡུག་ལ་མི་བལྟོས་པར་རང་དགར་ལས་གནས་ནས་བྲལ་བ་དང་རང་དགར་བྲོས་བྱོལ་བྱས་པ། བྱིས་པའི་གཞི་རྩའི་ལུས་ཁམས་ཀྱི་དགོས་མཁོ་མཁོ་འདོན་མི་བྱེད་པ་དང་། ཕྲུ་གུར་ལུས་ཆད་གཅོད་པ་དང་ཚུལ་མིན་གྱི་ལུས་ཆད་གཅོད་པ། ཕྲུ་གུར་མཐོང་ཆུང་དང་སྣང་མཐོང་མི་བྱེད་པ། ཕྲུ་གུར་དམའ་འབེབ་དང་རྡུང་རྡེག འཁོན་ལན་སློག་པ། འཆལ་སྤྱོད་དང་། མནར་གཅོད་གཏོང་བ། གནོད་འཚེ་གཏོང་བ་བཅས་བྱེད་པ། དགེ་རྒན་གྱིས་སློབ་གྲྭའི་སློབ་གསོའི་བྱེད་ཐབས་སྤྱད་དེ་སྔ་སྣུར་གྱིས་སློབ་ཆུང་གི་སློབ་གསོའི་ནང་དོན་ཁྲིད་པ། བྱིས་པའི་ལུས་སེམས་བདེ་ཐང་ལ་འགོག་རྐྱེན་བཟོ་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་པ། ཕྲུ་གུར་ལུས་སེམས་ཀྱི་ཐེག་ཚད་ལས་བརྒལ་བའི་ལས་འགན་བཀོད་སྒྲིག་བྱ་རྒྱུ་སོགས་རེད།

གལ་ཏེ་ལས་རིགས་ཀུན་སྤྱོད་དང་འགལ་ན་ཐག་གཅོད་བྱེད་ངེས་ལ། ཐག་གཅོད་བྱེད་ཐབས་ལ་སྐར་གཅོག་དང་ཐག་གཅོད་གཞན་དག་ཀྱང་འདུས། ཆད་པ་ལ་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་བའམ་ཡང་ན་གནས་དབྱུང་གཏོང་བ། ཕྱིར་འབུད་བྱེད་པ་བཅས་ཚུད་ཡོད། ཐ་ཚིག་བསྒྲགས་ཡུན་ཟླ་བ་དྲུག་ཡིན་པ་དང་། སྐྱོན་ཐོ་འགོད་ཡུན་ཟླ་བ་12ཡིན་པ། ལས་གནས་རིམ་པ་དམའ་རུ་བཏང་བའམ་ཡང་ན་གནས་དབྱུང་གཏོང་ཡུན་ཟླ་བ་24ཡིན་པ་བཅས་རེད། ཀྲུང་གུང་ཏང་ཡོན་ཡིན་པ་དག་ལ་དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས།

དེ་མིན་གྱི་ཐག་གཅོད་ནང་སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། ཞིབ་བཤེར་བྱེད་འགན་དཀྲི་བ། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ། འགན་བཅོལ་སློབ་གསོའི་ལས་གནས་ནས་སྤོ་བ། འགན་བཅོལ་སློབ་གསོའི་བྱེད་སྒོ་སྤེལ་མཚམས་འཇོག་པ། བྱ་དགའ་དཔྱད་བསྡུར་དང་ཕུལ་བྱུང་དཔྱད་འདེམས་དང་། གོ་གནས་སྤར་བ། གོ་མིང་དཔྱད་འདེམས། ལས་གནས་གདན་ཞུ། གླ་ཕོགས་རིམ་སྤར། ཤེས་ལྡན་མི་སྣའི་འཆར་གཞི་རེ་ཞུ་སོགས་ཐད་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་ཚུད་ཡོད་པ་རེད། འབྲེལ་ཡོད་ཐོབ་ཐང་མེད་པ་བཟོ་བའི་ཐག་གཅོད་ལག་བསྟར་དུས་བཅད་དེ་ཟླ་ཉེར་བཞི་ལས་ཉུང་མི་རུང་། དགེ་རྒན་གྱིས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་རིགས་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས།

མཐོ་རིམ་སློབ་གྲྭའི་དགེ་རྒན། དགེ་རྒན་གྱི་དཔེ་སྟོན་ཀུན་སྤྱོད་དང་འགལ་ན་དགེ་རྒན་གྱི་ཐོབ་ཐང་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་པ།

མཐོ་རིམ་སློབ་གྲྭའི་དགེ་རྒན་(གཤམ་དུ་མཐོ་སློབ་དགེ་རྒན་དུ་བསྒྱུར།)གྱི་དཔེ་སྟོན་ཀུན་སྤྱོད་དང་འགལ་བའི་བྱེད་སྤྱོད་11ཡོད་པ་སྟེ། ཁྲིམས་འགལ་གྱིས་དགོས་མཁོ་འདོན་པ་དང་། རྒྱུན་ལྡན་གྱི་སྤྱི་པའི་དོ་དམ་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བ། སློབ་གྲྭ་དང་མི་གཞན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། ལས་ཀའི་དུས་ཚོད་ནང་རྐང་འཚོང་རྒྱག་པ་དང་། ཚོང་གཉེར་བ། དྲ་ཐོག་ནས་དངོས་བོ་ཉོ་བ། རོལ་རྩེད་སོགས་ལས་དོན་དང་འབྲེལ་བ་མེད་པའི་བྱ་བ་སྒྲུབ་པ། སློབ་མ་དང་ཚུལ་མིན་གྱི་འབྲེལ་བ་གང་རུང་ཐོན་པ། རྣམ་པ་གང་རུང་གི་འཆལ་སྤྱོད་དང་ཆགས་རྩེད་ཟིང་སློང་སོགས་ཀྱི་གནོད་འཚེ་གཏོང་བ་བཅས་ཚུད་ཡོད། སློབ་མ་བསྡུ་བ་དང་། རྒྱུགས་སྤྲོད་པ། སྤུས་ལེགས་འོས་སྦྱོར་བྱེད་པ། ཞིབ་འཇུག་འགན་ལེན་བྱེད་པ། ལས་ཞུགས་དང་ལས་རྗེས་དཔྱད་ཞིབ་བྱེད་པ། ལས་གནས་གདན་ཞུ་བྱེད་པ། གོ་མིང་དཔྱད་འདེམས་གདན་ཞུ་བྱེད་པ། ལེགས་འདེམས་བྱ་དགའ་སྤྲོད་པ། སློབ་སྐྱོར་དཀའ་ངལ་སེལ་རོགས་བྱེད་པ་སོགས་ཀྱི་ལས་དོན་ཁྲོད་ཉེར་ཕྱོགས་གཡོ་ཟོལ་དང་མི་བདེན་རྫུན་སྒྲིག་བྱེད་པ། ལས་ཀ་བྱེད་རིང་སློབ་གྲྭའི་ཆོག་མཆན་མ་ཐོབ་པར་ལས་གནས་དང་བྲལ་བ། ཕྱི་རྒྱལ་(མངའ་ཁོངས་)ལ་འགྲོ་བ་སོགས་ཡིན།

བསམ་འཆར་ནང་གཏན་འབེབས་བྱས་པར་གཞིགས་ན། མཐོ་སློབ་དགེ་རྒན་གྱིས་དགེ་རྒན་གྱི་ཀུན་སྤྱོད་ལས་འགལ་བའི་བྱ་སྤྱོད་ཐོན་ན། ཉེས་སྐྱོན་ཅུང་ཆུང་བའི་རིགས་ལ་སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། ཞིབ་བཤེར་བྱེད་དུ་འཇུག་པ། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ། སློབ་ཁྲིད་ལས་གནས་ནས་སྤོ་བ། སློབ་ཁྲིད་བྱེད་སྒོ་སྤེལ་མཚམས་འཇོག་པ། དེ་བཞིན་བྱ་དགའ་དཔྱད་བསྡུར་དང་ཕུལ་བྱུང་འདེམས་པ། གོ་གནས་འཕར་བ། གོ་མིང་དཔྱད་འཇོག ལས་གནས་གདན་ཞུ། གླ་ཕོགས་རིམ་སྤར། ལས་བྱེད་པ་འདེམས་བསྐོ། ཤེས་ལྡན་མི་སྣའི་འཆར་གཞི། ཚན་ཞིབ་རྣམ་གྲངས་རེ་ཞུ་སོགས་ཐད་ཀྱི་ཐོབ་ཐང་མེད་པར་བཟོ་དགོས། ཞིབ་འཇུག་སློབ་མའི་སློབ་དཔོན་བྱེད་མཁན་ཡིན་ན་ད་དུང་སློབ་བསྡུའི་མི་གྲངས་ཚོད་འཛིན་བྱེད་པ་དང་། སློབ་བསྡུའི་ཐོབ་ཐང་མཚམས་འཇོག་བྱེད་པ། དགེ་རྒན་གྱི་ཐོབ་ཐང་མེད་པ་བཟོ་བ་བཅས་ཀྱི་ཐག་གཅོད་བྱེད་དགོས། གོང་གསལ་གྱི་འབྲེལ་ཡོད་ཐོབ་ཐང་ཐག་གཅོད་བྱེད་པའི་ལག་བསྟར་དུས་བཅད་ཟླ་24ལས་ཉུང་མི་རུང་། ཉེས་སྐྱོན་ཅུང་ཆེ་བའི་རིགས་ལ་ཆད་པ་གཅོད་པར་ད་དུང་《བྱ་ལས་སྡེ་ཚན་གྱི་ལས་བྱེད་མི་སྣར་ཆད་པ་གཅོད་པའི་གནས་སྐབས་ལག་བསྟར་གཏན་འབེབས》ལ་གཞིགས་ནས་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ཤིང་། དེའི་ནང་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་བའམ་ཡང་ན་གནས་དབྱུང་དང་ཕྱིར་འབུད་གཏོང་བ་བཅས་ཚུད་ཡོད་པས་གདན་ཞུའི་གན་རྒྱ་ཕྱིར་འཐེན་བྱེད་དགོས་ཚེ་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་བྱེད་དགོས།

གནས་ཚུལ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པའི་རིགས་ལ་《དགེ་རྒན་གྱི་འོས་བབ་སྲོལ་ཡིག་》གཞིར་བཟུང་ནས་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་ལ་དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་སྙན་སེང་ཞུ་དགོས། གནས་ཚུལ་ཚབས་ཆེན་དང་ཤུགས་རྐྱེན་ངན་པའི་ཀྲུང་གུང་ཏང་ཡོན་དགེ་རྒན་ལ་དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས། ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་ན་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ཁྲོད་ཁྱིམ་བདག་དང་སློབ་མའི་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་དཔྱད་ཞིབ་བྱ་རྒྱུ་དེ་རྒྱུན་གཏན་གྱི་དཔྱད་ཞིབ་དང་ལོ་འཁོར་གྱི་དཔྱད་ཞིབ་གཉིས་སུ་དབྱེ་ཡོད། དགེ་རྒན་གྱི་ཀུན་སྤྱོད་ལ་དཔྱད་ཞིབ་བྱས་འབྲས་དེ་སྤྱིར་ཕུལ་བྱུང་དང་། ཚད་ལོན་པ། གཞི་རྩའི་ཚད་ལོན། ཚད་མ་ལོན་པ་བཅས་རིམ་པ་བཞི་ལ་དབྱེ་ཡོད། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་བྱས་འབྲས་དེ་དགེ་རྒན་གྱི་ལོ་འཁོར་དཔྱད་ཞིབ་ནང་འཇུག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ཚད་གཞི་གཞི་རྩའི་ཆ་ནས་ལོན་པའི་དགེ་རྒན་ལ་ལོ་འཁོར་གྱི་དཔྱད་ཞིབ་བྱས་འབྲས་དེ་ཚད་ལོན་དང་དེ་ཡན་གྱི་རིམ་པ་ལ་བདམས་མི་ཆོག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་དེ་ཚད་མ་ལོན་པ་ཡིན་ན་དང་། ལོ་འཁོར་མོའི་དཔྱད་ཞིབ་དེ་ཚད་མ་ལོན་པ། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ཚད་གཞི་མ་ལོན་པའི་དགེ་རྒན་ལ་དགེ་རྒན་གྱི་ཐོབ་ཐང་དུས་བཀག་ཐོ་འགོད་དང་། གོ་གནས་སྤར་བ། གོ་མིང་དཔྱད་ཞིབ། ལས་གནས་གདན་ཞུ། ལེགས་འདེམས་བྱ་དགའ། དམིགས་བསལ་རིམ་པའི་དགེ་རྒན། རིག་གཞུང་ཚན་ཁག་གི་སློབ་ཁྲིད་སྣེ་ཁྲིད། རྐང་འཛིན་དགེ་རྒན་དཔྱད་འདེམས་སོགས་ཀྱི་ཁྲོད་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན་པ་རེད།

སློབ་གྲྭའི་དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ལས་དོན་ཚོགས་ཆུང་གིས་དགེ་རྒན་གྱི་ཀུན་སྤྱོད་ལ་དཔྱད་མོལ་བྱེད་སྐབས་འཛིན་གྲྭ་རེ་རེ་ཚན་པར་བྱས་ནས་བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་མ(ཁྱིམ་བདག)སྒྲིག་འཛུགས་བྱས་ནས་དགེ་རྒན་ལ་དཔྱད་མོལ་བྱེད་དགོས། དུས་མཚུངས་སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སློབ་མའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་པའམ་ཡང་ན་ཁྱིམ་བདག་གི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་སྟངས་འདེམས་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།