ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སློབ་གསོ་བ་ཞིག་གི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་སློབ་གསོའི་དྲ་བ།   རྩོམ་པ་པོ། : སྐུ་རྒོད་བློ་བཟང་མཐུ་སྟོབས།   སྤེལ་དུས། : 2016-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་སློབ་གསོ་བ་ཆེན་མོ་ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་༼བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད་༽ཅེས་པའི་དེབ་དེ་ངོ་སྤྲོད་རྒྱུ་ཞུ་ཡིན།

དེབ་འདིའི་ནང་གི་རྩོམ་ཡིག་ཁག་ནི་ཆེད་དུ་དེབ་གཅིག་ཕུད་ཕྱིར་དུ་བྲིས་པ་མ་ཡིན་པར་དེ་ནི་དེ་སྔར་དུས་དེབ་ཁག་ཏུ་ཐར་ཐོར་དུ་བཀོད་པའི་སློབ་གསོའི་སྐོར་གྱི་དཔྱད་རྩོམ་ཁག་ལྷན་ཅིག་ཏུ་བསྡུས་ཏེ་དེབ་འདི་གཙོ་བོར་གྲུབ་པར་བྱས་འདུག་པ་མ་ཟད་ཟུར་བཀོད་དུ་དེ་སྔའི་གོང་རིམ་ལ་ཕུལ་བའི་སྙན་ཞུ་དང་གྲོས་འཆར་འགའ་ཡང་བཞག་འདུག དཔྱད་རྩོམ་དང་སྙན་ཞུ།གྲོས་འཆར་ཡི་གེ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེབ་གཟུགས་སུ་བསྐྲུན་པ་ཡང་།རྩོམ་པ་བོས་ལེགས་པའི་བསམ་བློ་དང་ལྟ་བ་གསར་འདྲེན་བྱེད་རྒྱུ་དང་བོད་ཡུལ་སློབ་གསོ་བསྟུད་མར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ཞིབ་འཇུག་བྱེད་མཁན་ཚོར་བསམ་གཞིག་གཏོང་བར་དཔྱད་གཞིའམ་གྲོས་གཞི་འདོན་ཆེད་དུ་ཡིན་པ་བཤད་འདུག དེ་བས་བོད་ཡུལ་སློབ་གསོའི་གནས་བབ་ལ་ཞིབ་འཇུག་འཐུས་སྒོ་ཚང་བ་བྱ་ཐུབ་མེད་པ་རེད།

རྩོམ་པ་བོས་དེབ་འདིའི་མགོ་བརྗོད་དུ་བྲིས་པའི་བརྗོད་དོན་དང་དེ་མིན་འགའ་མདོར་བསྡུས་ཤིག་རང་གིས་གོ་བ་ལེན་ཚུལ་དང་ལྟ་སྟངས་བཅས་དང་སྦྲགས་ཏེ་ངོ་སྤྲོད་ཞུས་ན་དེབ་འདི་འོས་སྦྱོར་བྱེད་པར་ཕན་པ་ཡོད་པར་འདོད།དེ་མིན་དེབ་ཧྲིལ་བོའི་རྩོམ་ཡིག་རེ་རེའི་བརྗོད་དོན་གསལ་བཤད་བྱེད་ན་ཅུང་མང་བར་འགྱུར་བ་དང་།ངས་དེབ་འདི་ཉིད་ངོ་སྤྲོད་ཞུས་ནས་གཞན་ལའང་བཀླག་པར་སྐུལ་བ་ཙམ་ལས་རྒྱུ་མཚན་དང་དགོས་པ་གཞན་ཅི་ཡང་མེད་པས་ཀྱང་ངོ་།།

བརྗོད་དོན་རགས་རིམ་ཙམ་མམ་མདོར་བསྡུས་ཙམ་ཞིག་རང་གིས་གོ་བ་ལེན་ཚུལ་ལྟར་ཞུས་ན།དེབ་འདིའི་བརྗོད་དོན་དང་བྱེད་ནུས་ཀྱི་ཐད་ནས་བཤད་ན་བོད་ཡུལ་གྱི་དམིགས་བསལ་དང་ཐུན་མོང་མ་ཡིན་པའི་དངོས་དོན་བཅས་ཀྱི་སློབ་གསོའི་ཆོས་ཉིད་མཚོན་པའི་གཞུང་ལུགས་མ་ལག་གསལ་སྟོན་བྱེད་པར་ད་དུང་བར་ཐག་ངེས་ཅན་ཡོད་པ་ནི་རྩོམ་པ་བོས་འདིར་བསྟན་པའི་དགོངས་པ་ཡིན་པ་མ་ཟད་དོན་ལའང་དེ་ལྟར་གནས་ངེས།

སློབ་གསོ་ཞེས་པ་ནི་འདས་མ་ད་གསུམ་གང་དུའང་ཡོངས་ཁྱབ་དང་དམིགས་བསལ་རང་བཞིན་གྱི་སྤྱི་འདུས་ཀྱི་ཕུང་བོ་ཞིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པ་དང་།དེ་ཡང་གདོད་མའི་སློབ་གསོ་དང་ཉེ་རབས་སློབ་གསོ་གཉིས་སུ་བཀར་ཞིང་།གདོད་མའི་སློབ་གསོའི་ཡོངས་ཁྱབ་རང་བཞིན་ནི་བསྡུས་ཏེ་བཤད་ན།དཔེར་ན་གདོད་མའི་མི་ཚོགས་དང་ཚོ་ཁག་གང་ཡིན་རུང་ཁ་བཤད་དང་ལག་བརྡ་སྟོན་པ་ལྟ་བུ་གཅིག་མཚུངས་ཡིན་པ་ནི་ཡོངས་ཁྱབ་རང་བཞིན་དང་།ཁ་བཤད་དང་བརྡ་སྟོན་ཐབས།ནང་དོན་དང་བསམ་གཞིག་བྱེད་སྟངས་ནི་མི་ཚོགས་འདྲ་བར་བརྟེན།བསམ་གཞིག་བྱེད་སྟངས་དང་གཏན་ཚིག་མ་ལག་སོགས་ཀྱང་མི་འདྲ་བས་ཉམས་མྱོང་ཕྱོགས་བསྡོམས་བྱེད་ཚུལ་སོགས་ཀྱང་མི་འདྲ་བ་ནི་དམིགས་བསལ་རང་བཞིན་རེད།ད་དུང་སློབ་གསོའི་སྤྱི་དང་བྱེ་བྲག་གི་ཚུལ་ཡང་།ཤིང་ཏོག་ལྟ་བུ་སྤྱི་དང་ཀུ་ཤུ་དང་ཚ་ལུམ་ལྟ་བུ་བྱེ་བྲག་ཡིན་ལ་ཤིང་ཏོག་ཟ་བར་ཀུ་ཤུ་ལྟ་བུ་བྱེ་བྲག་པ་མ་ཟོས་པར་ཤིང་ཏོག་ཟ་ཐབས་མེད་པ་བཞིན་སློབ་གསོའི་སྤྱི་དང་བྱེ་བྲག་གི་རང་བཞིན་ཡང་དེ་བཞིན་དུ་ཡིན་པ་བསྟན་འདུག

སློབ་གསོ་ནི་མིའི་ལུས་སེམས་འཕེལ་རྒྱས་ཀྱི་འགྱུར་འགྲོས་དང་བསྟུན་ནས་མི་སྐྱེད་སྲིང་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་སོགས་ཉེ་རབས་སློབ་གསོའི་ཡོངས་ཁྱབ་རང་བཞིན་གསལ་བཤད་བྱས་འདུག་ཅིང་དུས་རབས་དང་རྒྱལ་ཁབ།མི་རིགས་དང་ས་ཁུལ་མི་འདྲ་བ་དང་།སྤྱི་ཚོགསདང་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བ།ཆབ་དཔལ་རིག་གསུམ་གྱི་ངོ་བོ་དང་འཕེལ་ཚུལ་མི་འདྲ་བ་ལ་བརྟེན་ནས་སློབ་གསོ་བྱེ་བྲག་པ་དང་ཡང་ན་དམིགས་བསལ་རང་བཞིན་སོགས་བྱུང་ཞིང་འཕེལ་བ་དང་།གང་འདྲ་བྱས་ནས་སྐྱོན་བྲལ་ངང་མུ་སྤེལ་བྱ་འོས་པ་དང་དེའི་ཐབས་ལམ་སོགས་བསྟན་འདུག

ཡོངས་ཁྱབ་དང་དམིགས་བསལ།སྤྱི་དང་བྱེ་བྲག་གི་སློབ་གསོའི་གཞུང་ལུགས་བོད་ཡུལ་སློབ་གསོའི་ལག་ལེན་དངོས་དང་སྦྱར་ནས་བཤད་འདུག་ལ།བོད་ཡུལ་སློབ་གསོ་དེ་ཉིད་བོད་ཡུལ་གྱི་སློབ་གསོའི་དོན་དངོས་དང་བསྟུན་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་ལག་ལེན་མ་བྱས་པས་ཇེ་ཞན་ཇེ་སྡུག་ཏུ་གྱུར་པའི་རྒྱུ་རྐྱེན་ཁག་ལ་མཛུབ་བཙུགས་ཀྱིས་ཐེར་འདོན་རྗེན་གཅེར་དུ་ཕུད་འདུག་ལ།ཁོ་རང་གིས་བོད་ཡུལ་སློབ་གསོ་ལ་སེམས་ཐག་གཙང་བཅད་ཀྱིས་ཞིབ་འཇུག་གི་ལས་ཀར་ཞུགས་པའི་དགོས་སྙིང་སོགས་ཀྱང་བསྟན་འདུག

ད་དུང་ཁོང་གིས་ཞིབ་འཇུག་བྱས་དང་བྱེད་པ་དག་ནི་མི་རིགས་དང་ས་ཕྱོགས་རིས་གཅོད་དང་དུང་ཞེན་སོགས་ཀྱི་དབང་དུ་མ་སོང་བར་སློབ་གསོ་རིག་པའི་ཆོས་ཉིད་དང་སྒོ་བསྟུན།རང་རྒྱལ་དང་བོད་ཡུལ་གྱི་སློབ་གསོའི་དངོས་དོན་གཞིར་བཟུང་།ད་ལྟ་དང་མ་འོངས་དུས་རབས་ཀྱི་འཕེལ་ཕྱོགས་དང་མཁོ་གལ་དམིགས་སུ་བཟུང་ནས་གུ་དོག་དང་འཕྲལ་སེལ་ཙམ་དུ་མ་སོང་བར་གཏིང་ཟབ་མོ་དང་རྒྱང་རིང་གི་ཕུགས་འདུན་གཙིགས་སུ་བཟུང་ནས་བོད་ཡུལ་སློབ་གསོ་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་བར་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་གཏིང་ཟབ་པའི་ཞིབ་འཇུག་དང་ཐབས་ལམ་བརྩད་ཞིབ་བྱས་ཡོད་པ་མ་ཟད།ཁ་ཕྱོགས་ཡང་དག་མ་རྙེད་པའི་བོད་ཡུལ་སློབ་གསོ་དེ་ཉིད་ཕམ་ཁ་དང་ཉེན་ཁའི་ལམ་དུ་མི་འགྲོ་བར་རྒྱུན་སྲིང་མུ་སྤེལ་ཐུབ་པར་ཁ་ཕྱོགས་དང་ལམ་སྟོན་གསལ་བོར་བྱ་ཐུབ་ཆེད་བསམ་གཞིག་དང་ཉམས་ཞིབ་གཏིང་ཕྱིན་པ་གནང་འདུག

དེ་ཡང་བོད་ཡུལ་སློབ་གསོ་སྐྱོན་བྲལ་ངང་རྒྱུན་སྲིང་འཕེལ་རྒྱས་འགྲོ་བ་ལ།སློབ་གསོ་སྐྱེ་ཁམས་ཅན་དང་།སློབ་གསོ་དམངས་གཙོ་ཅན།སློབ་གསོ་འདྲ་མཉམ་ཅན་གསུམ་གྱི་གཞུང་ལུགས་ལ་གོ་བ་ཡང་དག་རྙེད་པའི་ཐོག་ནས་ལག་ལེན་དུ་བསྟར་དགོས་པའི་གནས་ལུགས་བསྟན་འདུག ང་རང་གིས་ཀྱང་དེ་གསུམ་ལ་གོ་བ་ཡང་དག་ཆགས་པའི་ཐོག་ནས་ལག་ལེན་དུ་འདེབས་པ་ཡིན་ན་བོད་ཡུལ་སློབ་གསོ་རྒྱུན་སྲིང་འཕེལ་རྒྱས་འབྱུང་བར་བགེགས་བར་དང་དཀག་རྒྱ་ལས་གྲོལ་ཏེ་ཡངས་པའི་ལམ་དུ་ཤར་བསྐྱོད་ཐུབ་པར་སྙམ།སློབ་གསོ་སྐྱེ་ཁམས་ཅན་དང་དམངས་གཙོ་ཅན།འདྲ་མཉམ་ཅན་གྱི་ངོ་བོ་དང་རྣམ་པ་སོགས་རྩོམ་པ་བོས་དེབ་ཀྱི་མགོ་བརྗོད་དུ་མདོར་བསྡུས་ཀྱི་ཚུལ་དུ་སྟོན་འདུག་ཀྱང་ད་དུང་དེར་གཞུང་ལུགས་དང་ལག་ལེན།དོན་དངོས་བཅས་གཞིར་བཟུང་ནས་ཞིབ་འཇུག་དང་ལག་བསྟར་ཡང་དག་བྱས་ན་ཕན་པ་རྒྱ་ཆེ་འཐོབ་པ་མ་ཟད།བོད་ཡུལ་སློབ་གསོ་རྒྱུན་སྲིང་འཕེལ་རྒྱས་འབྱུང་བར་སྤྱིའི་གནས་བབ་ཐག་གཅོད་ཀྱང་བྱ་ཐུབ་སྙམ།ཁོང་གིས་ཞིབ་འཇུག་བྱེད་ཚུལ་ཡང་སློབ་གསོའི་ཆོས་ཉིད་དང་སློབ་གསོ་རིག་པའི་གཞུང་ལུགས།རང་རྒྱལ་གྱི་བོད་ཡུལ་སློབ་གསོའི་དངོས་དོན་བཅས་ཟུང་དུ་འབྲེལ་འདུག་པས།བོད་ཡུལ་སློབ་གསོ་རྒྱུན་སྲིང་འཕེལ་རྒྱས་འགྲོ་བར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཕན་འབྲས་དང་ནུས་པ་བླ་ལྷག་ཏུ་ཆེ་སྙམ།

དེ་བས་སློབ་གསོ་ནི་མིའི་ལུས་ཟུངས་གསོ་བའི་སྨན་ཆུ་ཡིན་པའི་དབང་དུ་བཏང་ན་ཕ་སྐད་ནི་དེ་ཉིད་མིའི་རྩ་ལམ་དུ་འདྲེན་པའི་སྦུ་གུ་སྐྱོན་བྲལ་ཚད་ལྡན་དེ་ཡིན་པ་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་ར་སྤྲོད་བྱས་འདུག་པ་མ་ཟད།དེ་ནི་སུས་ཀྱང་བསྒུལ་དང་གང་གིས་ཀྱང་བསྒྱུར་དུ་མེད་པའི་སློབ་གསོའི་རིག་པའི་ངེས་པ་དོན་གྱི་ཆོས་ཉིད་བདེན་པ་ཡིན་པ་ནན་བཤད་དང་ཡང་དག་ཏུ་བསྒྲུབས་འདུག

བོད་ཡུལ་གྱི་སློབ་གསོ་ཞེས་པ་ནི་སྐད་གཉིས་ཤེས་པ་ཙམ་གྱིས་ཆོག་པ་མ་ཡིན་པར་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ཤེས་འཇོན་མི་སྣ་སྐྱེད་སྲིང་བྱེད་པར་ནུས་ཐོན་གྱི་བྱེད་ཐབས་ཡིན་དགོས་པ་དང་།ཆབ་དཔལ་རིག་གསུམ་གང་གི་ཐད་ནས་རང་རྒྱལ་གྱི་བོད་ཁུལ་འདི་ཉིད་ཡོ་འཛུར་དང་ཀར་ཀོར་མེད་པར་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་པའི་རྩ་བའི་སྒུལ་ཤུགས་དང་གཅིག་ཏུ་འདྲེས་ཡོད་པས་བཟང་ན་དེས་ཆོག་དང་ཉེས་ན་དེས་ཕུང་ངེས་པས།དེར་དབང་ཤེད་དང་ཧོལ་རྒྱུགས།ཕོ་ཚོད་དང་སྤྱི་བརྟོལ་སོགས་གང་ཡང་བྱར་དུ་མེད་པར་ཆོས་ཉིད་དང་འཚམ་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་འོག་ལག་ལེན་དུ་འདེབས་དགོས་པའི་འབོད་སྐུལ་ཤུགས་ཆེར་བྱས་འདུག དེ་ཡང་སྤྱི་བརྟོལ་སྨྲ་བ་ཙམ་མ་ཡིན་པར་སློབ་གསོ་རིག་པའི་ཆོས་ཉིད་དང་གཞུང་ལུགས་ཁུངས་སུ་བཅོལ་ཡོད་པ་མ་ཟད།ལག་ལེན་དང་དངོས་ཡོད་འཚོ་བའི་ཉམས་རྒྱུས་སམ་མྱོང་གྲུབ་དཔང་དུ་བཙུགས་པ་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་ཁྲིམས་སྲོལ་རབ་དང་རིམ་པ་དང་།མི་རིགས་རང་སྐྱོང་གི་བཅའ་ཁྲིམས།མི་རིགས་ས་ཁུལ་གྱི་སློབ་གསོའི་ཁྲིམས་སྲོལ་བཅས་དཔང་བོ་དང་རྒྱབ་སྐྱོར་དུ་བཟུང་ནས་བཤད་འདུག་པས་སུས་ཀྱང་ལོག་འགྲེལ་དང་འཁྱོག་བརྗོད་བྱ་རྒྱུའི་གོ་སྐབས་རིང་དུ་དབེན་པར་བྱས་འདུག བོད་ཡུལ་སློབ་གསོ་ནི་ཁྲིམས་དང་སློབ་གསོ་རིག་པའི་ཆོས་ཉིད་དང་གཞུང་ལུགས།ལག་ལེན་དངོས་ཀྱི་མྱོང་བ་བཅས་གཞིར་བཅོལ་ནས་བསྒྲུབ་དགོས་པ་ལས།གཞུང་ལུགས་དང་ལག་ལེན་གྱི་མྱོང་བ་ལ་གོ་བ་ཡང་དག་མ་ཆགས་པའམ་ཆགས་འདོད་མེད་པར་རང་ལྟ་མཆོག་འཛིན་བྱེད་མཁན་དག་གིས་འདི་ཡིན་དེ་མིན་གྱི་ཐག་གཅོད་ཐིགས་འདེབས་བྱེད་པ་ནི་ཕམ་ཁ་དང་ཉེན་ཁའི་རྩ་བ་ཡིན་པ་བསྟན་འདུག གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་མི་སུ་ཡིན་རུང་རང་གི་ཕ་སྐད་ཀྱི་ལམ་ནས་སློབ་གསོ་མྱོང་བ་དང་ཤེས་རིག་ཡང་དག་སྦྱོང་བ་ནི་ཆེས་རྩ་བར་གྱུར་པའི་ཆ་རྐྱེན་དང་ཡང་ན་རྒྱུན་ཤེས་ཤིག་ཡིན་ཡང་།ཡིད་སྐྱོ་བ་ཞིག་ལ་ད་སྐབས་ང་ཚོས་ད་དུང་སྐད་ཡིག་གང་ལ་བརྟེན་ནས་སློབ་གསོ་མྱོང་དང་ཤེས་རིག་སྦྱོང་ན་དགའ་ངེས་སོགས་ཐེ་ཚོམ་དང་སོམ་ཉིའི་ངང་དུ་ཚུད་པ་དང་།ཡང་ལ་ལས་སྐད་གཉིས་སློབ་གསོ་དང་སློབ་གསོ་གཉིས་ཀྱི་ངོ་བོ་མ་རྟོགས་པར་དེ་གཉིས་གཅིག་ཏུ་བསྲེས་ནས་ལག་ལེན་དུ་བསྟར་བ་སོགས་ནོར་འཛོལ་ཁག་ཞིབ་པར་བཤད་འདུག་པ་མ་ཟད། སྐད་ཡིག་གང་ལ་བརྟེན་ནས་སློབ་གསོ་མྱོང་བའི་གཞི་རྩའི་གནད་དོན་ཀྱང་ཐག་གཅོད་མ་ཐུབ་པར་ད་རུང་འཕེལ་རྒྱས་སོགས་གླེང་བ་དང་འཚོལ་སྙེགས་བྱེད་ཀྱི་ཡོད་པ་སོགས་ཞིབ་གསལ་བསྟན་འདུག་པ་དང་། བོད་ཡུལ་གྱི་སློབ་གསོ་དང་སྐད་གཉིས་སློབ་གསོ་མགྱོགས་ཤིང་མྱུར་བ་དང་སྲ་ཞིང་བརྟན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཐབས་ལམ་དང་ལག་བསྟར་ཇི་ལྟར་བྱ་དགོས་ཚུལ་སོགས་བཤད་འདུག འོན་ཀྱང་ཁོང་གི་དཔྱད་རྩོམ་དང་སྙན་ཞུ།གྲོས་འཆར་རྣམས་ཀྱི་བརྗོད་དོན་ཞིབ་ཕྲ་འདི་དང་དེ་ཞེས་ངས་བརྗོད་མི་དགོས་པར་ཁྱེད་ཚོས་དེབ་དེ་ལ་བལྟས་ན་ཤེས་ཐུབ་ལ་ང་འདྲ་བས་བརྗོད་ཐུབ་པ་ཞིག་ཀྱང་མ་རེད།

འདི་ནི་དེབ་འདི་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་རང་གི་མྱོང་ཚོར་འགའ་བྲིས་པ་ལས་དེབ་ཀྱི་བརྗོད་བྱའི་སྙིང་བོའི་ཟུར་ཙམ་ཡང་ལེགས་པར་བཤད་ཐུབ་མེད་ལ།རྩོམ་པ་བོའི་དགོངས་པ་དང་དེབ་ཀྱི་ནང་དོན་ལ་གོ་བ་ཚུལ་བཞིན་ལེན་མ་ཐུབ་པའི་གནས་ཚུལ་ཡོད་པ་ནི་སྨོས་ཅི།

འོན་ཀྱང་བོད་ཡུལ་སློབ་གསོའི་དངོས་ཡོད་གནས་བབ་གཞིར་བཟུང་།སློབ་གསོ་རིག་པའི་གཞུང་ལུགས་ཀྱི་ཆོས་ཉིད་དཔང་དུ་བཅོལ་ནས་བྲིས་པའི་ཚིག་དང་ཡིག་འབྲུ་རེ་རེས་དང་།རང་རྒྱལ་གྱི་ཁྲིམས་སྲོལ་གཞིར་བཟུང་ནས་བྲིས་པའི་སྙན་ཞུ་དང་གྲོས་འཆར་རེ་རེས་རྩོམ་པ་བོའི་རིག་པའི་གཞུང་ལུགས་ཀྱི་གོ་རྟོགས་ཀྱི་གཏིང་ཚད་དང་།ལག་ལེན་གྱི་མྱོང་བ་དངོས་ཀྱི་ཕྱུག་ཚད་ལ་མྱོང་རོལ་བྱ་ཐུབ་པ་མ་ཚད།རང་རེ་གངས་ཅན་པའི་ད་ལྟ་དང་མ་འོངས་པའི་འཕེལ་རྒྱས་ལ་བཅང་བའི་བརྩེ་སེམས་དང་རེ་གཞག་གི་རྦ་རླབས་དྲག་པོ་ཡིད་ཀྱི་མཚོ་མོའི་ལས་འཕྱོ་སྟེ་ང་ཚོའི་བསམ་པའི་གཏིང་སར་སིམ་ཐུབ་པ་དང་།ད་དུང་ཁོང་སྐུ་ངོ་མ་དང་ངོ་འཕྲད་ཀྱིས་ཁོང་གི་སློབ་གསོའི་སྐོར་གྱི་གཏམ་གླེང་ལ་ཉན་པའི་གོ་སྐབས་ཐེངས་འགའ་བྱུང་མྱོང་བ་དང་།དེ་ལས་གཞན་ཁོང་ནི་ཁེངས་སྐྱུང་གུས་ལྡན་དང་།ལྷག་བསམ་ཟོལ་མེད་དང་བརྩོན་པ་ལྷོད་མེད།ལངས་ཕྱོགས་སྲ་བརྟན་དང་སྙིང་སྟོབས་ཞུམ་མེད།མི་གཞི་གསེར་ལྟར་བཟང་ཞིང་མི་གཤིས་མདའ་བཞིན་དྲང་བ།ཡིད་ཆེས་ཀྱིས་ཁེངས་ཤིང་ཕམ་ཁས་གཉའ་ཞུམ་མ་ཐུབ་པའི་བློ་ཁོག་དང་གཤིས་རྒྱུད་དེས།ང་རང་སེམས་ཁ་སྙི་བས་མིན་ན་མིག་རྩར་མཆི་མ་འཁྲུག་ཏུ་བཅུག་སོང་བ་དང་།ས་ཡུལ་ཁྲོ་བོ་རྒྱལ་མཚན་ཟེར་བའི་གཟུགས་གཞི་ཞན་ཞིང་སྐད་ངག་གཉོམ་པའི་རྒད་པོ་དེས་ངའི་བློ་སྒོ་འབྱེད་པ་མ་ཟད་སྙིང་སྟོབས་སྩོལ་སོང་ལ།ཁོང་ལ་དད་གུས་ཤིག་ཀྱང་དབང་མེད་དུ་སྐྱེས་སོང་ངོ་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།