ཀྲུང་གོ་བོད་ཀྱི་དྲ་བ།

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཞུགས་སོ།།

ཡོང་ཁུངས། : སྐད་འཕྲིན་ལས་བཤུས།   རྩོམ་པ་པོ། : ​བསེ་ཚང་བློ་བཟང་དཔལ་ལྡན་མཆོག   སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཞུགས་སོ།། 

བསེ་ཚང་བློ་བཟང་དཔལ་ལྡན་མཆོག

ཁག་དང་པོ།

ཁག་གཉིས་པ།

ཁག་གསུམ་པ།

ཁག་བཞི་བ། ༼    རྫོགས་སོ།།  ༽



༄༅།། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཞུགས་སོ།། 

༄༅། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། ། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས།། སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། ། བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། ། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་། ། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། ། ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་། ། དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། ། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། ། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་། ། ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། ། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། ། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། ། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། ། ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།། ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། ། ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་དུ་གསོལ། ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། ། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། ། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག ། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། ། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག ། གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། ། སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ།། སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། ། རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། ། ཅེས་པ་དང་། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། ། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག ། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་བརྒྱ་སྟོང་ལ་སོགས་པ་བརྗོད། ། དེ་ནས་སྐྱབས་གནས་ཀུན་འདུས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་འདེབས་སོ།། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་།། ཟབ་མོ་དབུ་མའི་ལྟ་བ་དང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་ནུས་པར་བྱིན་གྱིས་རློབས་ཤིགདེ་ལྟར་ཉམས་སུ་བླངས་པའི་ཆོས་ལམ་དུ་སོང་སྟེ་མཁའ་མཉམ་སེམས་ཅན་ཀུན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིགམདོར་ན་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་རྗེས་སུ་བཟུང་ནས། རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ། བདག་གི་སྙིང་ཁར་པདྨའི་སྟེང་བཞུགས་ལ། ། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། ། ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག། ཐེག་མཆོག་ལམ་གྱི་གཞུང་ཤིང་བྱང་ཆུབ་སེམས།ཡང་དག་ལྟ་བའི་གནད་དང་རིམ་གཉིས་ལ། ། འཁྲུལ་མེད་ངེས་པ་རྙེད་ནས་བརྩོན་པ་ཡིས། ། ཁྱེད་གསུང་སྒྲུབ་པ་སྙིང་བོར་བྱེད་པར་ཤོག། སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི། ། གདམས་པའི་མཆོག་ཏུ་གཟིགས་པའི་བཤད་སྒྲུབ་ཀྱིས།། ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་མཛད་པ། ། བློ་བཟང་གྲགས་པའི་དཔལ་གྱིས་བཀྲ་ཤིས་ཤོག།།།


བསེ་ཚང་བློ་བཟང་དཔལ་ལྡན་ངོ་སྤྲོད་མདོར་བསྡུས།

wKgMEFY1CKmAfYm2AAB0Txno64E286.jpg

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་ནི། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོའི་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པར་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ1938ལོར་སྐུ་འཁྲུངས།  ད་ལྟ་ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོའི་འཁྲི་བ་ལྷུར་བཞེས་མཉམ་དུ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། ཀན་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་ཡོད། 

ཁོང་སྤྱི་ལོ1947ལོ་སྟེ་དགུང་ལོ་བཅུ་བར་རིགས་སྨྲའི་ཁྱུ་མཆོག་བཤེས་གཉེན་རབ་འབྱམས་པ་འཇམ་དབྱངས་གྲགས་པ་མཚན་ཉིད་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ། བློ་རྟགས། ས་ལམ། དོན་བདུན་ཅུ། ལམ་རིམ། སྤྱོད་འཇུག་སོགས་ཀྱི་དཔེ་ཁྲིད་ཞིབ་རྒྱས་གསན། རྩོད་པ་དང་དཔེ་གཟིགས། དཔེ་ཁྲིད་ཉིན་རེར་ཆག་མེད་མཛད། སྤྱི་ལོ1951ལོར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་ཁ་བསྒྱུར་ཏེ། འབྲས་སྤུངས་ཚོགས་ཆེན་དུ་ཆོས་བཞུགས་གནང་སྟེ་ཚོགས་ཆེན་སྤྲུལ་སྐུའི་མཚན་བཏགས་ བཞེས། སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ་ཚང་བླ་མར་བསྟེན། དོན་བདུན་ཅུ་ནས་བཟུང་གསེར་ཕྲེང་དང་སྦྲགས་ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་པ་དང་། ཟུར་བཀོད་དགེ་འདུན་ཉི་ཤུ་ནས་ཀུན་གཞིའི་བར་དུ་དཔེ་ཁྲིད་ཞིབ་རྒྱས་གནང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལ་རྩ་འགྲེལ་སྦྲགས་པའི་གསན་སྦྱོང་གནད་སྨིན་པ་མཛད།  སྤྱི་ལོ1953ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན།   ནོ་མོན་ཧན་གྱི་བཀའ་ཤོག་དང་ཐམ་གའི་ཆོ་ལོ་བསྩལ་ཏེ་དམིགས་བསལ་གྱི་གཟེངས་བསྟོད་རྒྱ་ཆེར་གནང་། སྤྱི་ལོ1954ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་ཆིག་ཁྲི་འདུས་པའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག སྤྱི་ལོ1963ལོར་ཀན་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་དུ་བདམས། སྤྱི་ལོ1965ལོའི་ལོ་འཁོར་ཧྲིལ་བོར་ཀན་སུའུ་ཞིང་ཆེན་གྱི་ཆབ་སྲིད་སློབ་གྲྭར་བྱོན་ནས་ཆབ་སྲིད་ཤེས་བྱར་སློབ་སྦྱོང་ནན་མོ་མཛད། སྤྱི་ལོ1979 ལོར་ཁུལ་ཀན་ལྷོའི་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། དགེ་སློབ་རྣམས་ལ་སྙན་ངག་གི་སློབ་ཁྲིད་གནང་བ་དང་འབྲེལ་སྙན་འགྲེལ་ཚངས་སྲས་བཞད་སྒྲ་ལྗགས་རྩོམ་གནང་། སྤྱི་ལོ1985ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་གསར་དུ་བཙུགས་ཏེ་སློབ་གྲྭའི་སློབ་སྤྱི་གཞོན་པར་བསྐོས། མི་རིགས་སློབ་གསོ་དང་ཁྱད་པར་དུ་བོད་རིགས་སློབ་གསོའི་ལས་དོན་ལ་བརྟུན་པ་བསྐྱེད་ནས་ཀན་ལྷོའི་སློབ་གསོ་དང་འཛུགས་སྐྲུན་ལས་དོན་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག སྤྱི་ལོ1986ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་ཕྱིར་འབྲངས་ནས་ཟི་ཁྲོན་དཀར་མཛེས་ཁུལ་དང་། བོད་ལྗོངས་ཆབ་མདོ་ཁུལ། ཡུན་ནན་བདེ་ཆེན་ཁུལ། ཏཱ་ལིས་གྲོང་ཁྱེར(འཇང་ཡུལ)སོགས་ལ་གཟིགས་རྟོགས་གནང་བར་ཕེབས། སྤྱི་ལོ1998ལོའི་བར་དུ་པེ་ཅིན་ནང་བསྟན་སློབ་གླིང་དུ་གྲུབ་མཐའ་དང་འདུལ་བ་སོགས་ཀྱི་སློབ་ཁྲིད་ལོ་རེར་ཟླ་གསུམ་རེ་རྒྱུན་ཆགས་སུ་གནང་། དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཡང་སྐབས་དེར་ཀུན་གཟིགས་མཆོག་གི་བཀའ་ལྟར་སློབ་གླིང་གི་དགོས་པར་བརྩམས། སྤྱི་ལོ1990ལོར་སློབ་དཔོན་ཆེན་མོའི་གོ་འཕང་ལ་མངའ་བརྙེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལེན་པའི་སློབ་གསོའི་ཆེད་ལས་པར་བདམས།  སྤྱི་ལོ1992ལོའི་ཧོར་ཟླ་བརྒྱད་པར་མགར་རྩེ་དགོན་གྲོང་གཉིས་ཀྱི་གསོལ་བ་ཡང་ཡང་བཏབ་པ་ལྟར་དད་ལྡན་མང་ཚོགས་དྲུག་ཁྲི་བརྒལ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་ཕྱག་ལེན་རྒྱས་པའི་ལུགས་སུ་གནང་། ད་ལྟ་ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོའི་འཁྲི་བ་ལྷུར་བཞེས་ཀྱིས་སྣོད་ལྡན་དོན་གཉེར་ཅན་གྱི་བུ་སློབ་སྟོང་ཕྲག་དུ་མར་རིག་གནས་ཀྱི་གྲུ་ཆར་དགོས་འདོད་དུ་སྩོལ་བ་དང་མཉམ་དུ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། ཀན་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་ཡོད།

《ཚངས་སྲས་བཞད་པའི་སྒྲ་དབྱངས》ལ་སྐབས་བཞི་བའི་བྱང་ཁུལ་གྱི་ཞིང་གྲོང་རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ། ཀན་སུའུ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་རྣམས་རིམ་པར་ཐོབ།

ཁོང་གི་བརྩམས་ཆོས་ལ། 《ཚངས་སྲས་བཞད་པའི་སྒྲ་དབྱངས》དང《དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན》《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན》《སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར》《དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》《མགར་རྩེ་དགོན་པའི་གདན་རབས་དང་བཅས་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག》《རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད》《གཏེར་ལུང་དགོན་པའི་བཅའ་ཡིག》སོགས་བརྩམས་གྲུབ་གནང་།  

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།