ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་གི་བསླབ་དེབ་ཇི་ལྟར་སྒྲིག་ན་བཟང་།

ཡོང་ཁུངས། : རྗེ་ཙོང་ཁ་བའི་དྲ་བ།   རྩོམ་པ་པོ། : དཔའ་རིས་སངས་རྒྱས།   སྤེལ་དུས། : 2018-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ཐེངས་གཞི་རིམ་གྱི་སློབ་གསོའི་བྱ་བའི་བགྲོ་གླེང་གི་ཚོགས་འདུ་འདི་ཧ་ཅང་གལ་ཆེན་ཞིག་རེད། གལ་ཆེ་ས་གང་ན་ཡོད་ཅེ་ན། འདི་དེང་གི་དུས་སྐབས་ཇེ་བཟང་དུ་གཏོང་རྒྱུར་ཕན་ཐོགས་ཤིང་མཁས་པ་དང་ཚོགས་པ་བཟང་བོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ། བོད་ཁ་བ་ཅན་གྱིས་དེང་རབས་ཅན་གྱི་འཕྲིན་ལས་རྣམ་བཞི་བསྒྲུབ་པར་ཕན་ཐོགས་ཤིང་སྐུལ་མ་གཏོང་བའི་ཚོགས་འདུ་ཞིག་རེད། དེ་ཡིན་ན་ངས་བཤད་རྒྱུ་ནི་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ཇི་ལྟར་བསྒྲུབ་ན་བཟང་བའི་ཕྱོགས་ཀྱི་བསམ་ཚུལ་ཉུང་ངུ་ཞིག་ཞུ། 

འདི་སྤྱིར་ན་སློབ་མ་ཚོར་ཡོན་ཏན་བཟང་བོ་ཞིག་ཤེས་སུ་འཇུག་དགོས་ན། རྒྱུ་མཚན་བཞི་ཡོད། དང་བོ་བདག་གཉེར་བཟང་དགོས། གཉིས་པ་དགེ་རྒན་བཟང་དགོས། གསུམ་པ་སློབ་དེབ་བཟང་དགོས། བཞི་བ་ཁྲིད་ཐབས་བཟང་དགོས། དེ་བཞི་བོ་འཛོམས་སོང་ན་སློབ་གྲྭ་ཆུང་བའི་སློབ་མ་མཐར་ཕྱིན་ཚེ་སློབ་གྲྭ་ཆུང་བ་ཡན་ཆད་ཀྱི་ཡོན་ཏན་འབྱོར་ཡོད། སློབ་འབྲིང་ནས་མཐར་ཕྱིན་དུས་ཕལ་ཆེར་སློབ་གྲྭ་ཆེན་མོའི་ཡོན་ཚད་ལ་སླེབས་ཡོད། དེ་ན་སློབ་དེབ་དེ་ཇི་འདྲ་ཞིག་ཡིན་དགོས་ཞེ་ན། བརྗོད་བྱ་རིན་ཐང་ཆེ་ཞིང་བཀོལ་ས་ཆེ་བ། རྗོད་བྱེད་ཚིག་ཉམས་དོན་ཉམས་ལ་དག་ཆ་ཐོན་པ་ཞིག་དགོས། འདི་གཉིས་གནད་དམ་པ་རེད། སྤྱིར་དཔེ་ཆ་ཡིན་ན་ཡང་རྣམ་པ་སྣ་ཚོགས་ཡོད། སློབ་དེབ་ཀྱི་དཔེ་ཆ་འདི་གལ་ཆེན་ནང་གི་འགངས་ཆེན་རེད་དེ་སྤུས་ཀ་བཟང་བོ་ཞིག་མེད་ན་བཀོལ་ཅི་ཡང་མི་ཆོད། ལྷག་པར་ང་ཚོའི་བོད་ཀྱི་སློབ་དེབ་ཡིན་ན་ལྗོངས་དང་ཞིང་ཆེན་ལྔ་བོས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པས་ཁྱབ་རྒྱ་ཧ་ཅང་ཆེ། དེང་སང་བོད་ཀྱི་མི་གྲངས་ནི་ས་ཡ་ལྔ་ལྷག་ཡོད། བསྡུར་ཚད་ནི་མི་ལྔའི་ནང་ན་སློབ་མ་གཅིག་ཡོད། དེ་ཡིན་ན་ས་ཡ་ལྔ་ལས་སློབ་གྲྭར་འགྲོ་མཁན་ས་ཡ་གཅིག་ཡོད། དེ་ན་སློབ་དེབ་དེ་སློབ་མ་ས་ཡ་གཅིག་ལ་ཁྲིད་བཞིན་ཡོད་པས་དེ་སྤུས་ཀ་མ་ལེགས་ན་ཇི་འདྲ་རེད། དེ་ང་ཚོ་བོད་ཁ་བ་ཅན་ཚང་མ་ལ་འབྲེལ་བ་ཡོད། སློབ་དེབ་བཟང་བོ་ཞིག་ཡིན་ན། སློབ་མར་ཡོན་ཏན་འབྱོར་རྒྱུ་མགྱོགས། མཁས་པ་སྣ་ཚོགས་འབྱུང་ཚད་མགྱོགས། བོད་ཀྱི་ས་ཆའི་འཛུགས་སྐྲུན་སྣ་ཚོགས་འཕེལ་རྒྱས་གཏོང་ཚད་མགྱོགས། སློབ་དེབ་བཟང་བོ་ཞིག་མ་ཡོང་ན་འཕྲིན་ལས་རྣམ་བཞི་སོགས་ཚང་མ་རྗེས་ལུས་སུ་འགྱུར་རྒྱུ་རེད། དགེ་རྒན་གྱིས་སློབ་དེབ་ལ་བརྟེན་ནས་སློབ་མའི་རྒྱུ་གཙང་ཞིང་ཤེས་རབ་ཅན་དུ་འགྱུར་དུ་འཇུག་དགོས། མི་རིགས་ཀྱི་ལ་རྒྱ་འཛིན་དུ་འཇུག་དགོས། ཡ་རབས་ཀྱི་སྲོལ་བཏོད་པ་དང་མ་རབས་ཀྱི་སྲོལ་བསྣུབས་པའི་མི་བཟང་བོར་འགྱུར་དུ་འཇུག་དགོས།

དེ་ལྟར་བྱས་ན་རྒྱལ་ཁབ་ཀྱི་སྲིད་འབྱོར་མངའ་ཐང་གཙོ་སྐྱོང་བྱེད་ནུས་པའི་མི་རབས་གསར་བའི་རིགས་སྐྱེད་སྲིང་བྱེད་ཐུབ་རྒྱུ་རེད། རྒྱུ་བཟང་ན་འབྲས་བུ་བཟང༌། དུས་རབས་ཀྱི་ཁྲོད་ཡོན་ཏན་པའི་ཚུལ་ཞིག་སྐྱེད་དགོས་ན༑སློབ་དེབ་ཕུན་སུམ་ཚོགས་པ་ཞིག་དགོས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་དཔལ་ཡོན་ཤར་བའི་འོག་སློབ་དེབ་སྒྲིག་སྦྱོར་གྱི་ལས་ཁུངས་ཤིག་བཙུགས་པར་བརྟེན། བོད་ཀྱི་སློབ་གསོའི་བྱ་བ་དེ་གཞུང་ལམ་དཀར་བོ་ཞིག་ལ་ཞུགས་སུ་བཅུག དེར་བརྟེན་རིག་གནས་ཡོན་ཏན་གྱི་ཚད་གཞི་ངེས་ཅན་ལྡན་པའི་མི་སྣ་མང་བོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང༌། བོད་ཀྱི་ས་ཁུལ་ཡོངས་ལ་ཕན་པ་ཆེན་པོ་ཐོགས་སོང་བར་ང་ཚོས་བསྟོད་པ་བྱས་ན་འགྲིག ཡིན་ན་ཡང་སྤྱི་ལོ་ཉིས་སྟོང་ལ་ཐུག་པའི་བར་མུ་མཐུད་ནས་སྤེལ་བའི་ཁྱད་པར། སྔོན་ལ་བལྟས་ན་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཀྱང་འགྱུར་མ་ཙམ་ཡིན། ཕྱི་གླིང་བ་ཚོས་མི་རིགས་གང་དང་གང་ཡིན་ཡང་སྐད་ཡིག་གི་སློབ་དེབ་དེ་བསྒྱུར་རྒྱུའི་དཔེ་མེད། ཁྱབ་ཆེ་ཆུང་གི་སྒོ་ནས་བཤད་ན་རྒྱ་ཡིག་ཡིན་ཡང་སོག་པོ་ཚོས་སློབ་དེབ་ཚང་མ་སོག་པོའི་རིག་གནས་ཀྱི་སྟེང་ནས་སྒྲིག་ཐུབ་ན། ང་ཚོ་བོད་ཀྱིས་ཅིའི་ཕྱིར་རང་གི་བོད་མི་རིགས་ཀྱི་རིག་གནས་ཀྱི་སློབ་དེབ་སྒྲིག་མ་ཐུབ་པ་རེད། ཅིའི་ཕྱིར་འགྱུར་མར་ལོག་སོང་བ་རེད། རང་རྒྱལ་གྱི་སོག་པོའི་མི་རིགས་དང་ཁྲོའོ་ཞན། ཡུ་གུར་སོགས་ཡི་གེ་ཡོད་པའི་མི་རིགས་ཚང་མས་སློབ་དེབ་དེ་རང་གི་མི་རིགས་ཀྱི་རིག་གནས་ཁོ་ནའི་སྟེང་ནས་སྒྲིག་པ་ལས་ངེད་ཅག་བོད་ལྟར་གཞན་གྱི་དེ་བསྒྱུར་ནས་སྒྲིག་ཡོད་པ་ཞིག་གཏན་ནས་མེད། རང་ལ་སློབ་དེབ་ཅིག་སྒྲིག་ན་རང་གི་སྐད་ཡིག་དང་རིག་གནས་འདིའི་སྒོ་ནས་སྒྲིག་མ་ཐུབ་ན། བོད་རང་གིས་རང་བདག་མ་ཐུབ་པ་དང་རང་མགོ་རང་གིས་མ་ཐོན་པའི་རྟགས་རེད། ངོ་མ། གཞན་གྱིས་བལྟས་ན་ངོ་ཚ་རེད། བོད་ཀྱི་སྔོན་བྱོན་མཁས་པ་དག་གི་གཞུང་པོ་ཏི་རི་རབ་ལྟ་བུ་མང་བོ་བརྩིགས་ཡོད། ང་ཚོས་སྐད་ཡིག་སློབ་དེབ་ཅིག་སྒྲིག་མ་ཐུབ་པར་ངོ་ཚ་རྒྱུ་ཨེ་ཡོད། རྩ་ཁྲིམས་ནང་དུ་མི་རིགས་གང་དང་གང་ཡིན་ཡང་རང་གི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་དབང་ཆ་ལག་ཏུ་བཞག་ཡོད། ཅིའི་ཕྱིར་རང་གི་སྐད་ཡིག་བཀོལ་ས་མ་སོང་བ་རེད། དེའི་དབང་གིས་ཁ་སང་དེ་རིང་ཉིན་བཞིན་དེའི་མཇུག་འབྲས་ཀྱི་གནོད་པ་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་ཨེ་ཤེས། ཡོད་ཚད་རྒྱ་ཡིག་གི་རྗེས་དེད་ནས་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ། ཚིག་གི་སྦྱོར་སྟངས། སྒྲའི་འགྱུར་བ་སོགས་ལ་གནོད་པ་བཟོས་པ་རེད། བོད་ཡིག་སློབ་དེབ་བཟང་བོ་ཞིག་བསྒྲིག་དགོས་ན་བོད་མི་རིགས་ཀྱི་རིག་གནས་འདིའི་སྙིང་བོ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་མི་རིགས་ཀྱི་འདུ་ཤེས་ཆགས་ཐབས་དང་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་བསམ་པ་བཟང་བོ་དེར་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐོགས་པ་གཞི་བྱས། རི་ལས་སྐྱེས། སློབ་དཔོན་ཐོན་མི། གཡུ་ཐོག་ཡོན་ཏན་མགོན་པོ། ཐང་སྟོང་རྒྱལ་བོ། ས་སྐྱ་པཎ་ཆེན་སོགས་ལྟ་བུ་དག་གི་མཛད་པ་རླབས་པོ་ཆེ་དག་གི་དཔེ་དྲངས་ཏེ་སློབ་གསོ་བྱ་དགོས། 

སློབ་དེབ་ཀྱི་རྣམ་པ་ཡིན་ན་བཟང་བོ་ཞིག་དང་སྤུས་ཀ་དག་པོ་ཞིག་དགོས། རི་མོ་དང་ཡིག་གཟུགས་ལྟ་ན་སྡུག་པ། གླུ་དང་སྙན་ངག་ཡག་པོ། རི་མོ་འབྲི་རྩལ། ཚིག་གྲུབ་བཟོ་ཚུལ་སོགས་སློབ་མར་མཚམས་སྦྱོར་བྱས་ནས་ཁོ་ཚོ་སྒྱུ་རྩལ་ཐམས་ཅད་ལ་དགའ་སྣང་སྐྱེ་རུ་འཇུག་དགོས། ངས་བསམ་ན་ད་སྔ་ཕན་ཆད་ཀྱི་བོད་ཡིག་སློབ་དེབ་འགྱུར་མ་སློབ་ཆུང་ལོ་དྲུག་གི་སློབ་དེབ་བཅུ་གཉིས་པོ་བོད་ཀྱི་རིག་པའི་སྟེང་ནས་ཁྲིད་ན་ལོ་བཞིའི་ནང་ལོ་དྲུག་གི་ཡོན་ཚད་ལ་སླེབས་ཐུབ། མི་རིགས་གང་ཡིན་ཡང་ཐོག་མར་རང་གི་སྐད་ཡིག་དེ་དཔྱིས་ཕྱིན་པ་ཞིག་ཤེས་སོང་ན། མི་རིགས་གཞན་གྱི་ཡིག་རིགས་གང་ཞིག་བསླབ་ཀྱང་རྨང་གཞི་བཟང་བོ་ཞིག་བཞག་ཡོད། དཔེར་ན། ཁོང་ཨ་ལགས་དོར་ཞི་ཚང་ཆུང་དུས་དགོན་པར་བསྡད་པ་ལས་སློབ་གྲྭར་འགྲོ་མ་མྱོང་ཡང༌། ཁོང་གིས་རྒྱ་ཡིག་ལོ་གཅིག་གཉིས་ཙམ་ལ་སྦྱངས་ཚེ་རྒྱ་ཡིག་གི་དཔྱད་རྩོམ་འབྲི་ཐུབ་པས། དེང་སང་རྒྱའི་མཁས་པ་ཚོ་ཡ་མཚར་སྐྱེ་བཞིན་ཡོད། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་རྒྱ་ཡིག་གི་ཆུ་ཚད་དེ་འདྲའི་མཐོན་པོ་ཞིག་ལ་སླེབས་པའི་རྒྱུ་མཚན་ཅི་རེད་ཅེ་ན། དེ་ནི་བོད་ཡིག་གི་ཡོན་ཏན་བཟང་བའི་སྟབས་ཀྱིས་རེད། བོད་ཡིག་གི་ཡོན་ཏན་མེད་པ་ཞིག་གིས་ལོ་གཅིག་གཉིས་ཙམ་དུ་རྒྱ་ཡིག་སྦྱངས་ཀྱང་དེའི་སྒོ་ནས་དཔྱད་རྩོམ་ཞིག་འབྲི་ཐུབ་བམ། དེ་ཚང་མས་ཤེས་དགོས་སོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།