ཀྲུང་གོ་བོད་ཀྱི་དྲ་བ།

​རེབ་གོང་གཉན་ཐོག་སྡེ་བའི་གཏོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་སྡེ་བ་རུ་ལོ་རེའི་གཏོ་འཆམ་པ་རེད།དེ་ནི་རེབ་གོང་གི་ཡུལ་གྲུ་གཞན་རྣམས་དང་མི་མཚུངས་པའི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་རེད།བོའུ་ཐུའུ་ཞེས་པ་ཁ་ཅིག་གིས་གཉན་ཐོག་གི་སྐད་ཡིན་ལ་དོན་ནི་ཀེག་གླུད་གཏོང་བའམ་ཁ་ཅིག་གིས་འདྲེ་བདའ་བ་དང་གླུད་རྫོངས་ཀྱང་ཟེར།ཡང་གཞན་དག་ན་རེ།བོའུ་ཐུའུ་ཞེས་པ་ནི་རྒྱའི་སྐད་ཡིན་ལ་བོད་སྐད་དུ་སྟག་གི་མིང་ཡིན།རྒྱུ་མཚན་ཅི་ཡིན་ཞེ་ན།བོའུ་ཐུའུ་མི་བདུན་པོས་ཁོག་སྟོད་གཅེར་བུ་དང་རྐང་སྣམ་བརླ་རྩར་བརྫེས་རྗེས་ལུས་ཧྲིལ་པོར་བསངས་ཐལ་བྱུགས་ཏེ་སྣག་ཚས་གདོང་ལ་སྨ་ར་འབྲི་བ། བྲང་ལ་སྟག་གི་གདོང་པ་འབྲི་བ།རྐང་པ་གཉིས་ལ་ཐིག་ལེ་དང་ཆུ་རིས་མང་པོ་འབྲི་བ། མགོ་ལ་སད་མ་ཟེར་བའི་ཤོག་དཀར་རིང་པོ་ཞིག་འདོགས་པ་དེ་དག་ནི་རི་དྭགས་སྟག་གི་གཟུགས་རིས་རེད།

གཉན་ཐོག་ལྷ་པ་ཚང་གི་ལྷ་པ་དང་ཀོའུ་མོ་རི་ལང་གི་རྟེན་བཅོལ་ཚང་གི་མི་སྣ་གཅིག་སྟེ་དེ་གཉིས་ཀྱིས་ལྷ་རྔ་བཟུང་ནས་མགོ་ལ་རིགས་ལྔའི་དབུ་རྒྱན་གྱོན་པ་དང་།གཞན་བདུན་གྱིས་མགོ་ལ་རལ་བ་དཀྲིས་པའི་སྣེ་ལ་གླུད་རྟ་བཏགས་ཏེ་ཉིན་ནག་དེར་ཁོག་སྟོད་གཅེར་བུ་དང་ལྷམ་མིད་པར་རྐང་རྗེན་དུ་རྐང་སྣམ་ཁོ་ན་གྱོན་ནས་ཁོག་སྟོད་ལ་བསངས་ཐལ་བྱུགས་ཏེ་སྟག་གཟིག་གི་རི་མོ་བྲིས།ཁ་ནང་དུ་ཤ་རློན་དང་སྐེ་ལ་སྐམས་ལུག་གི་རྒྱུ་མ་རློན་པ་བཟུང་ནས་རལ་གྲི་སྐེ་ལ་གཟེར་བ་དང་།ལག་གཉིས་ལ་དབྱུག་པ་ཐོགས་ནས་ཁྱིམ་ཚང་རེ་རེས་བྱིན་པའི་གོ་རེ་དེ་དབྱུག་པར་བརྒྱུས་ནས་གཞི་བདག་ཁང་ནས་ཆས་ཏེ་ཁྱིམ་རེའི་ཁང་ཐོག་ནས་ལྷས་སུ་བབས་ཏེ་སྐོར་བ་བྱེད་པ་དང་།དེ་ནས་ཁང་ཐོག་ནས་ཁང་ཐོག་བརྒྱུད་དེ་མཁར་སྒོའི་ཕྱིར་བུད་ནས་དབུ་རྒྱན་གྱོན་པ་ཞིག་དང་།གཞན་གསུམ་གྱིས་སྲང་བར་ནས་གར་འཆམ་ལྟ་བུ་ཞིག་འཁྲབ་ནས་ལྷ་རྔ་རྡུང་བཞིན་ཡོང་བ་དང་། སྐབས་དེར་གཞོན་པ་ལྔ་རྒྱུག་མ་མཆོང་གིས་ཁྱིམ་ཚང་སོ་སོར་དེ་ལྟར་ཉུལ་ནས་མཐར་ཁོ་ཚོ་བདུན་པོ་མཁར་སྒོར་འཛོམས་ནས་འཆམ་འདྲ་འཁྲབ།དུས་དེར་སྡེ་བའི་སྐྱེས་ཕོ་མོ་རྣམས་སྲང་བར་དུ་ཚོགས་ནས་མདོ་ཤེས་རབ་སྙིང་པོ་འདོན་པ་དང་།ཟློག་བསྒྱུར་བྱེད་པ།ཀི་རིང་འདེབས་པ།ཤོག་སྦག་རྒྱག་པ།ཁོ་ཚོའི་ཕྱོགས་སུ་མི་མདའ་གཏོང་བ་སོགས་བྱས་ཚེ་ཁོ་ཚོ་ཡང་འགྲོ་ཁུལ་བྱས་ནས་སྤྱི་ལེ་གཅིག་གི་སའི་གྲམ་པ་ཁར་སོང་ནས་ལུས་པོ་ཆུ་འཁྱག་གིས་བཀྲུས་ནས་དབྱུག་པ་དང་གོ་རེ་མང་ཤོས་ཆུ་ལ་བསྐྱུར་ནས་ཕྱིར་རང་ཡུལ་དུ་ལོག་པར་བྱེད་པ་ཞིག་གོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།