ཀྲུང་གོ་བོད་ཀྱི་དྲ་བ།

གནའ་བོའི་བོད་ཀྱི་ལྷ་སྒྲུང་ལས་འཕྲོས་ཏེ་དེའི་ངོ་བོ་དང་གཟུགས་འགྱུར་སྐོར་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​གཡང་མོ་སྐྱིད།   སྤེལ་དུས། : 2016-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡.jpg

གཡང་མོ་སྐྱིད། ༡༩༧༤ལོའི་ཟླ༨པར་མཚོ་སྔོན་མང་རྫོང་དུ་སྐྱེས། མོ། བོད་རིགས། རབ་འབྱམས་པ། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཡིན། རྒྱལ་ཁབ་རིམ་པའི་ལས་གཞི༢བསྒྲུབས་པ་དང་། བོད་ཡིག་གི་དཔེ་དེབ༢པར་སྐྲུན་བྱས། རིམ་པ་སོ་སོའི་དུས་དེབ་སྟེང་བོད་ཡིག་གི་དཔྱད་རྩོམ༡༥ལྷག་འགྲེམ་སྤེལ་བྱས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བར་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།  ཞིང་ཆེན༡༣༥མཐོ་རིམ་མི་སྣ་སྐྱེད་སྲིང་འཆར་བཀོད་སློབ་ཁྲིད་རྐང་འཛིན་པ་དང་། ཞིང་ཆེན་རིམ་པའི་ན་གཞོན་དགེ་རྒན་རྐང་འཛིན་པ་བཅས་ཡིན།།


[ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་གནའ་བོའི་བོད་ཀྱི་ལྷ་སྒྲུང་སྤྱིའི་བརྗོད་བྱ་དང་ཁྱད་ཆོས་གཞིར་བཟུང་ནས་དེའི་ངོ་བོ་དང་གཟུགས་འགྱུར་ཚུལ། ལོ་རྒྱུས་དེབ་ཐེར་དང་ཕྱིས་འབྱུང་རྩོམ་རིག་ལ་ཤན་ཤུགས་ཚུལ་སྐོར་གླེང་ཡོད།

[བརྡ་ཆད་གཙོ་བོ]   ལྷ་སྒྲུང་།      ངོ་བོ།     གཟུགས་འགྱུར།


གནའ་བོའི་བོད་ཀྱི་ལྷ་སྒྲུང་ལས་འཕྲོས་ཏེ་དེའི་ངོ་བོ་དང་གཟུགས་འགྱུར་སྐོར་གླེང་བ།

མར་ཁེ་སིས“ལྷ་སྒྲུང་ནི་རང་རྟོགས་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་ལས་སྣོན་བྱས་པའི་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བའི་རྣམ་པ་དེ་ཉིད་རང་རེད”ཅེས་གསུངས་པ་དང་།    དབྱི་ཐ་ལའི་ཆེད་མཁས་པ་ཝེ་ཁོས“ལྷ་སྒྲུང་ཐོག་མར་བྱུང་སྐབས་དོན་དངོས་ཀྱི་གནས་ཚུལ་རྣམས་ཞིབ་བརྗོད་བྱས་པ་ཞིག་ཡིན་པར་བརྟེན།  ལྷ་སྒྲུང་གི་གོ་དོན་ནི‘དོན་དངོས་ཞིབ་བརྗོད’ཡིན”①ཅེས་གསུངས་པ་ལྟར་གདོད་མའི་མི་རྣམས་ཀྱི་འདུ་ཤེས་སུ་ལྷ་ནི་སེམས་ཀྱི་འཕྲུལ་སྣང་ཞིག་མ་ཡིན་པར་དངོས་ཡོད་འཚོ་བའི་ནང་དོན་དངོས་སུ་གནས་ཡོད་པ་ཞིག་ཡིན་པར་འདོད་ཅིང་། ལྷའི་མཐུ་སྟོབས་ལ་བརྟེན་ནས་འཕྲུལ་སྣང་གིས་རང་བྱུང་ཁམས་ལ་ངོས་འཛིན་དང་རང་བྱུང་གི་སྟོབས་ཤུགས་འདུལ་བའི་རེ་འདུན་མངོན་འགྱུར་བྱེད་པ་ཡིན་པས། གཤམ་དུ་བྱེད་ནུས་སྨྲ་བ་དང་ལོ་རྒྱུས་སྨྲ་བའི་ལྟ་བ་གཞིར་བཟུང་ནས་ལྷ་སྒྲུང་གི་ངོ་བོ་དང་གཟུགས་འགྱུར་ཚུལ་ཇི་བཞིན་ཞུས་པ་འདི་ལྟར།

གཅིག དོན་དངོས་དང་ཁྱད་འཕགས་ཀྱི་མཚར་ཉམས་ཟུང་དུ་འབྲེལ་ནས་བརྗོད་པ།

གདོད་མའི་མི་རྣམས་ཀྱི་བློ་ཡུལ་དུ་ལྷ་སྒྲུང་ནི་ད་ལྟའི་གོ་བ་ལེན་སྟངས་ལྟར་གནའ་བོའི་གཏམ་རྒྱུད་ཙམ་མ་ཡིན་པར། དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ལུགས། མིའི་བྱ་སྤྱོད་དང་དད་མོས་སོགས་མཚོན་པའི་གནའ་བོའི་ལོ་རྒྱུས་གཏམ་རྒྱུད་ཞིག་ཡིན་པར་འདོད། མ་ལིན་ནུ་ཧྥུ་སི་ཅིས“ལྷ་སྒྲུང་ལ་དངོས་ཡོད་སྤྱི་ཚོགས་འཚོ་བའི་རྨང་གཞི་ངེས་ཅན་ཞིག་ལྡན་པས་ནམ་རྒྱུན་འཚོ་བར་བརྟག་དཔྱད་བྱེད་པར་ཁྲིད་སྟོན་གྱི་ནུས་པ་འདོན་བཞིན་ཡོད། ཕྱོགས་གཞན་ཞིག་ནས་སྐབས་འགར་མཛད་སྒོ་དང་ཡུལ་སྲོལ། སྤྱི་ཚོགས་སྒྲིག་འཛུགས་སོགས་ཀྱི་དར་བ་རྣམ་གསུམ་བཤད་དུས་ཐད་ཀར་ལྷ་སྒྲུང་ལ་ཁུངས་གཏུགས་ཏེ། དེ་དག་ནི་ལྷ་སྒྲུང་ལས་བྱུང་བར་འདོད་པ་རེད། རིག་གནས་ནི་དོན་དངོས་སུ་རྗེས་དྲན་རྡོ་རིང་ལྟ་བུ་ཞིག་ཡིན་ལ། ལྷ་སྒྲུང་ནི་རྡོ་རིང་དེ་ལས་བྱེ་བྲག་ཏུ་མཚོན་པ་ཞིག་ཡིན་པས། བསམ་བློའི་ཀུན་སྤྱོད་དང་སྤྱི་ཚོགས་སྒྲིག་འཛུགས། མཛད་སྒོའམ་གོམས་སྲོལ་གྱི་འབྱུང་ཁུངས་རེད” ②ཅེས་གསུངས་པ་ལྟར། བོད་ལ་གནའ་བོའི་དུས་སུ་ལྷ་སྒྲུང་ཞེས་པའི་ཆེད་སྤྱོད་ཀྱི་ཐ་སྙད་མ་གྲུབ་ཀྱང་། དམངས་ཁྲོད་དུ་གནམ་ས་དབྱེ་ཚུལ་དང་རི་རབས་ཆགས་ཚུལ་སོགས་ད་ལྟའི་ལྷ་སྒྲུང་གི་གོ་དོན་ཡོངས་སུ་ཚང་བའི་ངག་རྩོམ་མང་པོ་ཞིག་ཁྱབ་གདལ་དུ་སོང་ཡོད་པར་མ་ཟད། སྐབས་དེའི་བོད་མི་རྣམས་ཀྱིས་ལྷ་སྒྲུང་གི་བརྗོད་བྱ་ནི་འཇིག་རྟེན་གྱི་གནས་ལུགས་དང་ཁྲིམས་ལུགས། ལུགས་སྲོལ། དད་མོས་སོགས་དང་མཐུན་པས། གལ་ཏེ་མི་སུ་ཞིག་ལྷ་སྒྲུང་ལས་བསྟན་པའི་བརྗོད་བྱ་དག་དང་འགལ་ཚེ་ལྷ་ཀླུ་གཉན་བཙན་དང་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཐུགས་ཁྲོས་ནས་ས་ཕྱོགས་དེར་གནས་པའི་སྐྱེ་འགྲོའི་བདེ་སྐྱིད་ལ་ཤིན་ཏུ་གནོད་པར་འགྱུར་ཏེ། ནད་གདོན་ཆོམ་རྐུན་དགྲ་ཇག་ཐན་པ་དང་། སད་དང་སེར་བ་ལོ་ཉེས་ཕྱུགས་ཉེས་སོགས་རྐྱེན་ངན་བར་ཆད་ཆག་སྒོ་རྒྱུན་མི་ཆད་པར་འབྱུང་བར་འདོད་ཅིང་། འདོད་ཚུལ་དེ་ལ་བརྟེན་ནས་བོད་ཁམས་ཀྱི་རི་བོ་ཆེན་པོའི་རྩེ་དང་གཙང་བོ་ཆེན་པོའི་འགྲམ། ཉག་ག་ཆེན་པོའི་ཁ་སོགས་སུ་ཡུལ་ལྷ་གཞི་བདག་གནས་སའི་ལབ་ཙེ་བརྩིགས་པ་དང་རྡེའུ་འབུམ་ལྡུག་པ། དར་ལྡིང་འཐེན་པ། དར་ལྕོག་བརྩེངས་བ་སོགས་བྱས་ཡོད་པར་མ་ཟད། བོད་མི་རྣམས་ཀྱིས་ཉིན་རེ་བཞིན་ལྷ་དེ་དག་ལ་བསང་དང་གསེར་སྐྱེམས། ཇ་ཕུད། ཟས་ཕུད་སོགས་མཆོད་ནས་འགལ་རྐྱེན་ཐམས་ཅད་ཞི་བར་བྱེད་ཅིང་མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པའི་མགོན་སྐྱབས་སུ་བསྟེན་པ་དང་། ལྷ་ཀླུ་གཉན་བཙན་གནས་སའི་གངས་རི་དང་རྫ་རི། བྲག་རི། མཚོ་མོ་སོགས་སུ་གནས་པའི་རི་དྭགསས་དང་ཉ་སྲམ། སྦྲུལ་དང་སྦལ་བ། རྩྭ་རྩི་ཤིང་ནགས་ཚལ་སོགས་ཀྱང་ལྷ་ཀླུ་གཉན་བཙན་ལ་དབང་བའམ་ལྷ་ཀླུ་གཉན་བཙན་གྱི་སྒོ་ཕྱུགས་ཡིན་པ། ཡང་ན་ལྷ་ཀླུ་གཉན་བཙན་གྱི་ཉེ་འབྲེལ་ཡིན་པར་འདོད་ནས་ས་བརྐོ་རྡོ་སློག་མི་བྱེད་པ་དང་གཏེར་ཁ་མི་འདོན་པ། ཤིང་མི་གཅོད་པ། སྲོག་ཆགས་ལ་གནོད་འཚེ་མི་བྱེད་པ། མཚོ་མོར་འབག་བཙོག་མི་བཟོ་བ་བཅས་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ནུས་པ་བླ་ལྷག་ཐོན་ཡོད། དེ་མིན་རྐུ་བྱེད་པ་དང་རྫུན་བཤད་པ་སོགས་ཀྱི་གྱོད་གཞི་བྱུང་ཚེ་ལྷ་དཔང་ལ་བཞག་སྟེ་མནས་བསྒགས་ནས་དཀར་ནག་གི་ཤན་འབྱེད་པ་དང་། སྡེ་བ་ཚོ་བའི་ནང་རྐུ་བྱེད་པ་དང་རྫུན་གཏམ་པ། ཤོ་རྒྱག་པ། དུ་ཆང་ལ་རོལ་བ་སོགས་མི་ལེགས་པའི་སྤྱོད་ངན་འགོག་ཆེད་ལྷ་དཔང་ལ་བཞག་ནས་ཕྱིན་ཆད་ཉེས་པའི་ལས་དེ་དག་མི་བྱེད་པའི་མནའ་སྐྱེལ་བ་དེས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ངན་པ་འགོག་པར་ཁྲིམས་ལུགས་ཀྱི་ནུས་པ་ཐོན་ཡོད། མ་ལིན་ནུ་ཧྥུ་སི་ཅིས“ལྷ་སྒྲུང་ནི་མཚན་ཉིད་རིག་པའི་གཞུང་ལུགས་ཐད་ཀྱི་བསམ་གཞིགས་ཞིག་དང་རང་བྱུང་ཁམས་ལ་ཚན་རིག་གིས་རྟོག་དཔྱོད་བྱས་པའི་འབྲས་བུ་མིན་ལ། རང་བྱུང་ཆོས་ཉིད་ཀྱི་རྣམ་པ་ཞིག་ཀྱང་མ་མིན་པར། དེ་ནི་ལོ་རྒྱུས་ཞིབ་བརྗོད་དང་མི་སྣ་གྲགས་ཅན་གྱི་བྱས་རྗེས་ངོ་མཚར་ཅན་ཞིབ་བརྗོད་བྱེད་པ་ཞིག་རེད”ཅེས་གསུངས་པ་དང་།“གདོད་མའི་སྤྱི་ཚོགས་འཚོ་བའི་རིག་གནས་རྒྱབ་ལྗོངས་ལས་བྱུང་བའི་ལྷ་སྒྲུང་ནི་ལྷའི་བྱིན་རླབས་སམ་རྫུ་འཕྲུལ་དང་ངག་རྒྱུན་གཞི་གཅིག་ཏུ་འདྲེས་པ་ཞིག་སྟེ། དེ་ནི་ཁུངས་མེད་ཀྱི་འཆལ་གཏམ་ཁོ་ན་ཞིག་མིན་པར་གནའ་བོའི་མི་རིགས་དེའི་དད་མོས་མཚོན་ཡོད།”③

 མ་ལིན་ནུ་ཧྥུ་སི་ཅིའི་ལྟ་བ་དེར་དེང་རབས་ཆེད་མཁས་པ་མང་པོས་རྗེས་སུ་ཡི་རང་བྱེད་བཞིན་ཡོད། ལྷ་སྒྲུང་ནི་དངོས་ཡོད་སྤྱི་ཚོགས་འཚོ་བ་གང་ཞིག་མིའི་རིགས་ཀྱི་ཀླད་པའི་ནང་འཕྲུལ་སྣང་དང་བཅས་ཚུར་སྣང་བྱུང་ཞིང་། དེར་རང་རྟོགས་དང་རང་རྟོགས་མ་ཡིན་པའི་སྒོ་ནས་བཟོ་བཅོས་དང་ལས་སྣོན་བྱས་པ་ཞིག་ཡིན་པས། ལྷ་སྒྲུང་འབྱུང་བར་དོན་དངོས་ཀྱི་སྤྱི་ཚོགས་འཚོ་བའི་རྨང་གཞི་ངེས་ཅན་ཞིག་ལྡན་པར་མ་ཟད། ལྷ་སྒྲུང་ལས་གནའ་བོའི་ལོ་རྒྱུས་ཀྱི་བདེན་གཏམ་མང་པོ་ཐོས་ཐུབ། ལྷ་སྒྲུང་ལ་རྒྱུན་ཆད་མེད་པར་འཕེལ་འགྱུར་འབྱུང་བཞིན་པ་ནི་དོན་དམ་པར་དོན་དངོས་དང་མཚར་ཉམས་ཟུང་དུ་འབྲེལ་བའི་བརྒྱུད་རིམ་ཡིན། ལྷ་སྒྲུང་གིས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ལུགས་ཐད་འཕྲུལ་སྣང་དང་མཚར་ཉམས་ཀྱིས་ཕྱུག་པའི་འགྲེལ་བཤད་ཁྱད་དུ་འཕགས་པ་ཞིག་བྱས་ཡོད་པ་ནི་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་གཞན་དག་དང་མི་འདྲ་བའི་ཁྱད་པར་གྱི་གཞི་འཛིན་ས་གཙོ་བོ་ཡིན། དེ་ལྟར་འགྲེལ་བཤད་བྱས་པའང་བརྟེན་གཞི་ཅི་ཡང་མེད་པར་རྟོག་བཟོ་བྱས་པ་ཞིག་མིན་པར། རང་བྱུང་ཁམས་དང་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་ཚུལ་སྣ་ཚོགས་དྲང་བརྗོད་དང་འུད་བརྗོད། རབ་བཏགས་དང་བསྡུས་བརྗོད་བཅས་ཀྱིས་ལམ་ནས་མཚོན་པར་བྱས་པ་ཞིག་ཡིན། དེའི་མཚོན་སྟངས་ཀྱི་ཐད་ནས་རྒྱུ་མཚན་ཡང་དག་ཡིན་མིན་ཅི་རིགས་ལ་བརྟེན་ནས་དཔྱད་དེ་ཐོབ་པའི་ལྟ་ཚུལ་ཡང་དག་ཡིན་མིན་ཅི་རིགས་བྱུང་ཡང་། རྩ་བའི་གཞི་འཛིན་ས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་སྣ་ཚོགས་ཡིན་པས། ལྷ་སྒྲུང་ནི་གདོད་མའི་མི་རྣམས་ཀྱི་དངོས་ཡོད་འཚོ་བ་དང་འཇིག་རྟེན་ལྟ་ཚུལ་གྱི་མཚོན་བྱེད་ཅིག་རེད། འཇིག་རྟེན་ནི་གསང་བ་ལྐོག་གྱུར་ཞིག་སྟེ། མིའི་བློས་དཔོག་དཀའ་བའི་གནད་དོན་དང་དྲི་བ་མི་ཉུང་བ་ཡོད་པས། དེ་དག་གི་རྒྱབ་ཏུ་མི་མངོན་པའི་སྟོབས་ཤུགས་ཤིག་ཡོད་པར་འདོད་ཅིང་། སྟོབས་ཤུགས་དེས་འཇིག་རྟེན་འདི་གང་དགར་ཁ་ལོ་སྒྱུར་ཆོག་པར་བསམ་པ་དང་།  སྟོབས་ཤུགས་དེར་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་བླ་ཡོད་པའམ་ལྷ་ཞུགས་ཡོད་པར་བསམ་ཞིང་། ལྷའི་མཐུ་ནུས་དང་རྫུ་འཕྲུལ་གྱིས་ཚེ་འདིར་དགོས་པ་རྣམས་འབྱུང་བར་བྱེད་པ་དང་གནོད་པ་རྣམས་ཞི་བར་བྱེད་པར་འདོད་དེ་ལྷ་ལ་སྐྱབས་བཅོལ་ཕྱིར་མཆོད་བསྟོད་བྱས་པ་དང་། མཚར་བའི་ཉམས་དང་འུད་ཆེན་པོའི་སྒོ་ནས་ལྷའི་མཐུ་ནུས་བརྗོད་པ་ཞིག་རེད། དེ་བཞིན་གདོད་མིའི་མི་རྣམས་ཀྱིས་འགྲེལ་བཤད་རྒྱག་མ་ཐུབ་པའི་གསང་བ་རྣམས་ལས་འཕྲོས་པའི་བྱིས་བློ་ཡ་མཚར་ཅན་དེ་ལྷ་སྒྲུང་འགྲུབ་བྱེད་ཀྱི་མ་ལག་ཞིག་ཏུ་གྱུར་བ་དང་།  ལྷ་སྒྲུང་ནི་དོན་དངོས་དང་ཁྱད་དུ་འཕགས་པའི་མཚར་ཉམས་ཟུང་འབྲེལ་སྒོས་བརྗོད་པ་ཞིག་ཡིན་ལ། ལོ་རྒྱུས་དང་ཆབ་སྲིད། མཚན་ཉིད། ཆོས་ལུགས། ཀུན་སྤྱོད་སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་གཞན་དག་དང་ཕན་ཚུན་འབྲེལ་ནས་གནས་པ་ཞིག་ཀྱང་རེད།

གཉིས།  གནའ་བོའི་བོད་ཀྱི་ལོ་རྒྱུས་མཚོན་པར་བྱེད་པ།

ལྷ་སྒྲུང་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆེས་ཐོག་མའི་རྣམ་པ་ཞིག་དང་མིའི་རིགས་ཀྱིས་ངེས་པར་དུ་བརྒྱུད་དགོས་པའི་ལོ་རྒྱུས་འཕེལ་རིམ་ཞིག་ཡིན། དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་བསམ་གཞིགས་བྱེད་སྟངས་དང་འདུ་ཤེས་འཛིན་སྟངས་ཤིག་སྟེ། གདོད་མའི་ལྷ་སྒྲུང་གིས་གནའ་མིས་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་བློ་རིག་གི་ཆུ་ཚད་དང་གནའ་བོའི་ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་གསལ་བོར་མཚོན་ཡོད། ལྷ་སྒྲུང་ནི“ལྷ་སྒྲུང་གི་བསམ་གཞིགས”དུས་རབས་ཀྱི་སྤྱི་ཚོགས་གནས་བབ་དང་བསམ་བློའི་འདུ་ཤེས་མཚོན་བྱེད་ཀྱི་རྩོམ་རིག་གི་རྣམ་པ་ཞིག་སྟེ། གདོད་མའི་དུས་རབས་ཀྱི་ཤུལ་བཞག་རིག་གནས་ཉག་ཅིག་ཡིན། ལོ་རྒྱུས་ནི་དོན་དམ་པར་ལྷ་སྒྲུང་ལ་རྒྱུན་མཐུད་ནས་བྱུང་བ་ཡིན་པས། ལྷ་སྒྲུང་ནི་ལོ་རྒྱུས་ཀྱི་སྐྱེད་ཡུམ་ལྟ་བུ་ཡིན། ཐང་དབྱིན་པིས“ལོ་རྒྱུས་ཡང་ཟློས་གར་དང་སྒྲུང་གཏམ་དང་འདྲ་བར་ལྷ་སྒྲུང་གི་བློ་སྐྱེད་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཡིན། ལྷ་སྒྲུང་ནི་ཆེས་གདོད་མའི་མི་རྣམས་ཀྱི་ངོས་ཟིན་དང་སེམས་ཀྱི་སྣང་ཚུལ་མཚོན་བྱེད་ཀྱི་རྣམ་པ་ཞིག་སྟེ། བྱིས་པ་བསམ་མེད་ཀྱིས་བྱིས་སྒྲུང་ལ་ཉན་པ་དང་། དར་མ་བསམ་ཤེས་ཀྱིས་རྨི་ ལམ་རྨིས་པ་བཞིན་དོན་དངོས་དང་རྟོག་བཟོའི་བར་དབྱེ་མཚམས་གསལ་བོ་ཞིག་མེད” ④ཅེས་གསུངས་པ་ལྟར། གནའ་བོའི་བོད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་ལྷ་སྒྲུང《རྟ་རྐྱང་དབྱེ་བའི་རབས》ལ་མཚོན་ནའང་མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་བརྩམས་ཆོས་ཤིག་ཏུ་བརྩིས་ཏེ་ཀློག་ན་རྟའི་རིགས་རྒྱུད་དགུང་སྔོན་གནམ་ནས་མཆེད་པ་དང་། ལྷ་ཡབ་བླ་བདག་དྲུག་སྲིད་པའི་མགོན་དུ་ བསྐོས་པ། སྲོག་ཆགས་རྟ་དང་འབྲོང་ལ་ཤེས་པ་དང་ལྡན་པའི་མི་ཡི་བསམ་བློ་དང་། གཤིས་རྒྱུད། བརྩེ་དུང་སོགས་ལྡན་པར་སྒྲོ་བཏགས་ནས་དེ་དག་གིས་རང་ཉིད་ཀྱི་ཁེ་གྱོང་ལ་དམིགས་ནས་ཕན་ཚུན་བར་དམར་གསོད་ཡ་ང་བ་བྱས་ཚུལ་སོགས་རྟོག་བཟོའི་སྒྱུ་རྩལ་གྱི་ཁེངས་འདུག་ལ། མཐའ་གཅིག་ཏུ་རྟོག་བཟོའི་སྒྱུ་རྩལ་ཞིག་ཏུ་བརྩིས་ཏེ་ཀློག་ན་རི་རྐྱང་བཏུལ་ནས་རྟ་རུ་བསྒྱུར་ཚུལ་དང་། རྟ་སྒོ་ཕྱུགས་སུ་བཏུལ་བ་ནི་རི་དྭགས་རྔོན་པ་ནས་ཕྱུགས་འཚོ་སྐྱོང་གི་དུས་རབས་སུ་བརྒལ་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་དངོས་དེ་བྲིས་ཡོད། དེ་མཚུངས་སུ་བོད་ལ་གནའ་བོའི་དུས་ནས་བཟུང《ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས》ལྟ་བུའི་ལོ་རྒྱུས་ཀྱི་བྱུང་བ་དངོས་ཇི་མ་ཇི་བཞིན་དུ་འབྲི་བའི་ལུགས་སྲོལ་ཡོད་ནའང་།《རླངས་ཀྱི་པོ་ཏི་བསེ་རུ》དང《རྒྱལ་རབས་གསལ་བའི་མེ་ལོང》《སྦ་བཞེད》སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་དེར་ཐེར་དག་ཏུ་ནང་བཅུད་ཀྱི་སེམས་ཅན་འོད་གསལ་ལྷ་ལས་གྲོལ་བ་དང་རྒྱལ་པོ་སྲོང་བཙན་སྒམ་པོ་བཟོ་བོ་ལྔ་བརྒྱར་སྤྲུལ་ནས་གཙུག་ལག་ཁང་བཞེངས་པ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་བས་དམག་རྟ་བྱེ་བ་ཕྲག་བཅུ་བཞི་བྱུང་ཚུལ་སོགས་སྔོན་བྱུང་ལོ་རྒྱུས་རྣམས་སྒྲོ་འདོགས་མེད་པར་ཇི་བཞིན་རིས་སུ་ཐོན་པར་མི་བྱེད་པར་ཆོས་ལུགས་དད་མོས་ཀྱི་དགོས་མཁོར་དམིགས་ནས་ཆབ་སྲིད་སྐྱོང་བའི་རྒྱལ་པོ་དང་བློན་པོ། མཁས་ཆེན་སོགས་ཀྱི་མཛད་པ་བྱང་ཆུབ་སེམས་ དཔའི་སྤྲུལ་བར་ངོས་བཟུང་ནས་རྟོག་བཟོའི་སྒྱུ་རྩལ་གྱིས་ཕྱུག་ཡོད་པས། ལྷ་སྒྲུང་ནི་སྔོན་བྱུང་ལོ་རྒྱུས་དོན་རྐྱེན་རྣམས་ཇི་བཞིན་ཟིན་ཐོར་བཀོད་པ་ལྟ་བུ་ཞིག་མ་ཡིན་པར། བོད་མི་རིགས་ཀྱིས་ལོ་རྒྱུས་ལ་བཟུང་བའི་ལྟ་བ་དངོས་ཇི་མ་ཇི་བཞིན་དུ་ཞིབ་འབྲི་བྱས་པ་ཞིག་སྟེ། གདོད་མའི་མི་རྣམས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་དངོས་མཚོན་ཡོད།

ད་ལྟའི་མི་རྣམས་ཀྱིས་ལྟ་ཚུལ་ལྟར་ན། ལྷ་སྒྲུང་ནི་གནའ་བོའི་གཏམ་རྒྱུད་ཅིག་ཡིན་པར་མ་ཟད་ གནའ་བོའི་ལོ་རྒྱུས་ཤིག་ཀྱང་ཡིན། གཏམ་རྒྱུད་ཅེས་པ་ནི་སྔོན་གྱི་བྱ་བ་ཞིག་ལ་གོ་བ་དང་། ལོ་རྒྱུས་ནི་གནའ་བོའི་མེས་པོ་རྣམས་ཀྱི་བྱ་བའི་བྱུང་བ་བརྗོད་པ་ཞིག་ཡིན་པས་དེ་གཉིས་ལ་གཅིག་མཐུན་གྱི་རང་བཞིན་ལྡན། དེ་བས་ལྷ་སྒྲུང་ནི་བསྐལ་བ་ཡ་ཐོག་གི་འགྲོ་བ་མིའི་རིགས་རྒྱུད་ཚོ་བའི་ལོ་རྒྱུས་དངོས་མཚོན་བྱེད་ཅིག་ཡིན། ལྷ་སྒྲུང་གི་གོ་དོན་ཡང་ལྷ་སྒྲུང་རང་ངོས་ན་མེད་པར་ལྷ་སྒྲུང་ལ་འཛིན་པའི་ལྟ་ཚུལ་དང་ཞིབ་འཇུག་གི་ཐབས་ལམ་གྱི་སྟེང་ནས་འཇོག་དགོས། བོད་ལ་ཡི་གེ་མ་བྱུང་བའི་ཡར་སྔོན་དུ་ལོ་རྒྱུས་ཟིན་ཐོར་འགོད་ཐབས་མེད་པས། ཕྱིས་སུ་ཡི་གེ་བྱུང་རྗེས་ལོ་རྒྱུས་རྩོམ་པ་པོ་རྣམས་ཀྱིས་འཇིག་རྟེན་ཆགས་ཚུལ་དང་འགྲོ་བ་མིའི་རིགས་རྒྱུད་བྱུང་ཚུལ། མ་སངས་སོགས་སྤུར་རྒྱལ་གོང་གི་མངའ་མཛད་རྣམས་ཀྱི་ལོ་རྒྱུས་འབྲི་སྐབས་བོད་དམངས་ཁྲོད་ཀྱི་ལྷ་སྒྲུང་དང་ངག་རྒྱུན་འབའ་ཞིག་དྲངས་ཏེ་ལོ་རྒྱུས་ངོ་མའི་ཚབ་བྱེད་པ་རེད། གཏམ་རྒྱུད་དང་ལོ་རྒྱུས་ཚང་མ་སྔར་གྱི་སྤྱི་ ཚོགས་འཚོ་བའི་བྱུང་བ་རྣམས་བསྐྱར་ཟློས་ཀྱིས་མཚོན་པར་བྱེད་པ་ཞིག་ཡིན་པས་ངོ་བོའི་ཐད་ནས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡིན། མཁས་པ་དོན་གྲུབ་རྒྱལ་གྱིས“བོད་ཀྱི་རིགས་རྒྱུད་ནི་སྤྲེའུ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བར་བཤད་ཅིང་། དེ་ལ་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་བཟོ་བཅོས་བྱས་ཡོད་ན་ཡང་། གསེར་ས་འོག་ཏུ་སྦས་ཀྱང་འོད་ནམ་མཁའ་ལ་འཕྲོ་ཟེར་བའི་དཔེ་ལྟར། ངག་རྒྱུན་དེའི་ནང་གི་དངོས་གཙོའི་བསམ་བློ་ལས་འཕྲོས་པའི་འོད་ཟེར་དེ་སུས་ཀྱང་འགེབས་ཐབས་མེད་པ་ཞིག་རེད”⑤ ཅེས་གསུངས་པ་ལྟར། ལྷ་སྒྲུང་དང་ལོ་རྒྱུས་ལ་རིགས་པ་ཡང་དག་གིས་དཔྱད་པ་བཏང་ནས་གང་ཞིག་ལོ་རྒྱུས་དངོས་ཡིན་པ་དང་གང་ཞིག་རྟོག་བཟོའི་སྒྱུ་རྩལ་ཡིན་པ་རྣམས་གསལ་བོར་དབྱེ་ཚེ་ད་གཟོད་དངོས་དོན་ཀྱི་ལོ་རྒྱུས་རྣམས་དོན་སྙིང་ལྡན་པར་འགྱུར་བ་ཡིན་པས། ལྷ་སྒྲུང་གི་རྟོག་བཟོའི་རང་བཞིན་དེའང་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་འགྲུབ་བྱེད་ཀྱི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན། བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ངག་གི་སྦྱོར་བ་དང་རྣ་ཡི་དབང་བོར་བརྟེན་ནས་ལྷ་སྒྲུང་གི་བཤད་རྒྱུན་སྤེལ་བ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་ཡིན་ཏེ། ལྷ་སྒྲུང་གི་བཤད་རྒྱུན་ཇེ་རིང་དུ་སོང་བ་དང་མཉམ་དུ་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་། ཁྱབ་རྒྱ་ཇེ་ཆེར་སོང་བ་དང་མཉམ་དུ་ས་གནས་སོ་སོའི་ལོ་རྒྱུས་ཀྱི་ལྟ་ཚུལ་དང་མཚན་ཉིད་རིག་པའི་ལྟ་བ། ཆོས་ལུགས་དད་མོས། དམངས་སྲོལ། ཀུན་སྤྱོད་སོགས་གཞི་གཅིག་ཏུ་འདྲེས་པར་མ་ཟད། རྟོག་བཟོ་དང་འུད་བརྗོད། རབ་བཏགས་སོགས་ཀྱི་ཆ་ཡང་རིམ་བཞིན་འཕེལ་ཏེ་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པར་གྱུར་བ་ནི་ལྷ་སྒྲུང་འཕེལ་བའི་ཆོས་ཉིད་དང་མཐུན་ལ་ཡུལ་དུས་ཀྱི་ལོ་རྒྱུས་དངོས་བབ་དང་ཡང་མཐུན། མི་རྣམས་ཀྱིས་རྒྱུན་དུ་ལྷ་སྒྲུང་གིས་ལོ་རྒྱུས་ཀྱི་དོན་དངོས་རྣམས་ཚུར་སྣང་བྱེད་པ་ཡིན་ཟེར་མོད། དོན་དམ་པར་ལྷ་སྒྲུང་ནི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ནང་གི་དོན་དངོས་ཀྱི་འཚོ་བ་དང་དོན་དངོས་ཀྱི་རིག་གནས་ཤིག་སྟེ། ལྷ་སྒྲུང་ནང་གི་ལྷ་ནི་ཡིད་སྤྲུལ་དང་འཕྲུལ་སྣང་ལས་བྱུང་བ་ཡིན་ཡང་། ལྷ་གསར་སྐྲུན་གྱི་བརྒྱུད་རིམ་དང་མཇུག་འབྲས་བཅས་ནི་ལོ་རྒྱུས་དོན་དངོས་ཤིག་ཡིན།

ལོ་རྒྱུས་དང་ལྷ་སྒྲུང་གི་སྒྲིག་གཞིར་ངོ་བོའི་ཁྱད་པར་མེད་པར་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡིན་པས། འཇིག་རྟེན་འདི་དོན་དངོས་དང་ཡིད་སྤྲུལ་གང་ཞིག་ཏུ་ངོས་བཟུང་ཡང་ དེར་འགྲེལ་བཤད་རྒྱག་སྟངས་གཅིག་མཚུངས་ཡིན། དཔེར་ན།《རྒྱལ་པོ་བཀའ་ཐང》ལས།“བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།སྔ་རྟགས་གཉེན་པོ་བཙན་པོ་དེ་ནས་བྱུང་།དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ།མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང་།། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས།སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་།དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་།དེ་ནས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ།ཡུལ་མི་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས།སྔ་རྟགས་རྟ་ཞོན་རྣ་ཆ་འདོགས་པ་བྱུང་།དེ་ནས་རྒྱལ་ཕྲནས་བཅུ་གཉིས་དབང་བྱས་ཏེ།ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས།སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང་།གཞུག་ཏུ་སྤུར་རྒྱལ་བཙན་པོས་དབང་བྱས་ཏེ།མིང་ཡང་བོད་ཁམས་རུ་བཞི་བྱ་བར་བཏགས།བོད་ཀྱི་བཙན་པོ་འོ་དེ་སྤུ་རྒྱལ་དེ།གནམ་གྱི་ལྷ་ལས་མི་ཡི་རྗེ་རུ་གཤེགས” ⑥ཞེས་པར་ཞིབ་ཏུ་བརྟག་ན། གནོད་སྦྱིན་དང་བདུད། སྲིན་མོ། ལྷ་ཀླུ་གཉན་བཙན། མ་སངས་སོགས་ནི་གཟུགས་མེད་དྲི་ཟའི་རིགས་ཀྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་དང་དབེན་པའི་གླིང་ཕྲན་དང་རྒྱ་མཚོར་གནས་པའི་སྲོག་ཆགས་ཡན་གར་བ་ཞིག་མ་ཡིན་པར། སྟོད་སིལ་མའི་སྔོན་གྱི་རུས་རྒྱུད་ཚོ་ཁག་སྤྱི་ལ་དབང་སྒྱུར་མཁན་གྱི་རྒྱལ་བོའམ་དབང་མཛད་པ་དག་ཡིན། དབང་མཛད་བཅུ་གཉིས་ལས་མང་ཆེ་བ་མི་མ་ཡིན་པ་རྐྱང་རྐྱང་དུ་བརྗོད་པའང་དབང་མཛད་མཁན་ཚོ་པའམ་མི་སྒེར་གྱི་རང་གཤིས་དང་། མོས་པ། བྱེད་ལས། དབང་སྒྱུར་བྱེད་ཐབས། དཔུང་འཇུག་བྱེད་སྟངས། ཆོས་ལུགས་དད་མོས་བཅས་ཀྱི་ཆ་ནས་བཏགས⑦ཞེས་པ་ལྟར། འདི་ནི་གདོད་མའི་དུས་སུ་བྱུང་བའི་རང་རེའི་མེས་པོ་རྣམས་ཀྱི་འཚོ་བའི་གནས་ཚུལ་ཙམ་མ་ཡིན་པར། ལྷ་སྒྲུང་ཞིབ་བརྗོད་ཀྱི་ཚད་ལྡན་གསུང་རབ་ཅིག་རེད། གནའ་བོའི་ལྷ་སྒྲུང་ཞིག་རིམ་བཞིན་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་མཉམ་དུ་ས་གནས་སོ་སོའི་རུས་རྒྱུད་ཚོ་ཁག་དག་ལ་བཤད་རྒྱུན་མི་འདྲ་བ་སྣ་ཚོགས་བྱུང་བ་དེ་ནི་ངག་ཐོག་གི་ལོ་རྒྱུས་ཡིན་པས། ལྷ་སྒྲུང་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ཐུབ་པའི་རྩ་བའང་དེ་ལ་ཐུག་ཡོད།

གསུམ། གཟུགས་འགྱུར་སྣ་ཚོགས་ཀྱིས་སྤྲས་ནས་བརྗོད་པ།

གདོད་མའི་མི་རྣམས་ཀྱི་སྣང་ངོར་མི་དང་སྐྱེ་དངོས།  སྲོག་ཆགས་སོགས་ཀྱི་འཚོ་བ་དང་སྐྱེ་འཕེལ་ནུས་པར་ཁྱད་པར་གཏན་ནས་མེད་པར། ལྷ་ཀླུ་གཉན་བཙན་དང་ཡུལ་ལྷ་གཞི་བདག སྲུང་མ། དམ་པའམ་དཔའ་བོ་གང་རུང་ཞིག་གིས་ལྐོག་གྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ་ཚོད་འཛིན་མེད་པར་རང་དབང་གིས་ཕན་ཚུན་གཟུགས་འགྱུར་བྱས་ཆོག་པར་འདོད། དཔེར་ན། 《ནས་ཀྱི་ས་བོན་བྱུང་ཚུལ》ལས།“གནའ་སྔ་མོར་མིང་ལ་ཨ་ཕྲུག་ཟེར་བའི་རྒྱལ་བུ་ཞིག་ཡོད་པ། བློ་རིག་ལྡན་ཞིང་དཔའ་ངར་འཛོམས་ལ་སེམས་རྒྱུད་བཟང་བས། ཁོས་མི་རྣམས་ཀྱིས་འབྲུ་རིགས་ཟ་ཐུབ་པའི་ཆེད་དུ་ཀླུའི་རྒྱལ་པོའི་སར་ནས་ཀྱི་ས་བོན་སློང་དུ་འགྲོ་བར་ཐག་བཅད་དེ། སྐྱ་མི་ཉི་ཤུ་ཁྲིད་ནས་དཀའ་སྡུག་ལ་མ་འཛེམས་པར་རི་ཆུ་མང་པོ་བརྒལ་ནས་སོང་། ཨ་ཕྲུག་གིས་ཁྲིད་པའི་མི་དེ་དག་ནི་ལ་ལ་དུག་སྦྲུལ་དང་། ལ་ལ་གཅན་གཟན།  ལ་ལ་མི་རྒོད་ཀྱིས་བསད་དེ། རི་དགུ་བཅུ་གོ་དགུ་དང་ཆུ་དགུ་ཅུ་གོ་དགུ་བརྒལ་བ་ན་ཨ་ཕྲུག་གཅིག་པུ་ལུས། འོན་ཀྱང་ཨ་ཕྲུག་དཔའ་ངར་གྱིས་མུ་མཐུད་དུ་མདུན་སྐྱོད་བྱས་ཤིང་། མཐར་གཞི་བདག་ཅིག་གིས་རོགས་རམ་ལ་བརྟེན་ནས་ཀླུའི་རྒྱལ་པོའི་བང་མཛོད་ནང་ནས་ནས་ཀྱི་ས་བོན་བརྐུས་འོངས་པ། ཀླུའི་རྒྱལ་པོས་ཤེས་པར་གྱུར་ཅིང་། ཀླུ་རྒྱལ་དེ་ནི་གཏུམ་དྲག་དང་སེར་སྣ་ཆེ་བས། ཨ་ཕྲུག་ཁྱི་ལུས་སུ་བསྒྱུར་ཅིང་། བུ་མོ་ཞིག་གི་འདོད་བརྩེ་མ་ཐོབ་བར་དུ་མི་རུ་འགྱུར་མི་ཐུབ་པ་བྱས། ཕྱིས་སུ་ཁྱི་དེ་ལ་རྒྱལ་པོ་ཞིག་གི་བུ་མོའི་འདོད་བརྩེ་ཐོབ་པས་སླར་མི་ལུས་སུ་གྱུར་ཅིང་། ཁོ་ཚོས་འབད་འབུངས་ཀྱིས་སོ་ནམ་བྱས་པར་བརྟེན་ནས་ས་གཞི་ནས་ཀྱིས་གང་བ་དང་། མི་རྣམས་ཀྱིས་ཞིམ་མངར་ལྡན་པའི་སྦྲང་དཀར་རྩམ་པ་ཟ་ཐུབ་པར་གྱུར། མི་རྣམས་ཀྱིས་དང་ཐོག་ཁྱི་ཞིག་གིས་ནས་ཀྱི་ས་བོན་གཏོར་རྗེས་གསེར་མདོག་གི་འབྲུ་རིགས་འཁྲུངས་པ་མཐོང་བས། ནས་ཀྱི་ས་བོན་ནི་ལྷ་ཁྱི་དེས་ཁྱེར་འོངས་པར་བསམས་ཤིང་། དེའི་དྲིན་གཟོ་བའི་ཆེད་དུ་ལོ་རེར་སྟོན་བླངས་ཏེ་ནས་གསར་བའི་རྩམ་པ་ཟ་བའི་ཚེ། སྔོན་ལ་རྩམ་པའི་འཆིང་བུ་ཞིག་ཁྱི་ལ་སྟེར་སྲོལ་བྱུང”ཞེས་ཨ་ཕྲུག་ཟེར་བའི་རྒྱལ་སྲས་དེ་མི་ལུས་ནས་ཁྱི་ལུས་སུ་བསྒྱུར་བ་དང་ཁྱི་ལུས་ནས་ཡང་བསྐྱར་མི་ལུས་སུ་འགྱུར་ཚུལ་གྱི་བྱུང་རིམ་དེ་ལས་གནའ་བོའི་བོད་མི་རྣམས་ཀྱི་སྣང་ངོར་ལྷ་ཀླུ་གཉན་བཙན་དང་ཡུལ་ལྷ་གཞི་བདག་སོགས་ཀྱི་མཐུ་ནུས་ཀྱིས་མི་དང་སྲོག་ཆགས་ཕན་ཚུན་གང་འདོད་ལྟར་གཟུགས་འགྱུར་བྱས་ཆོག་པར་འདོད་ཡོད། གཞན་ཡང་ཡར་ལྷ་ཤམ་པོ་གཡག་དཀར་དང་མི་དཀར་གྱི་གཟུགས་སུ་འགྱུར་ནུས་པས། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་འབྲོང་གཡག་ཕལ་བའི་ཚད་ལས་བརྒལ་བའི་གཡག་དཀར་རི་རབ་འདྲ་བ་ཞིག་ཏུ་སྤྲུལ་ནས་ངར་སྒྲ་སྒྲོག་པ་དང་ཁ་སྣ་ལས་རླངས་པ་འཕྱུར་ཞིང་ཁ་ཆར་ཕབས་ནས་བགྲོད་ལམ་བཅད་པ། གཉན་ཆེན་ཐང་ལྷ་སྦྲུལ་ཆེན་ཞིག་ཏུ་བརྫུས་ཏེ་ལམ་བཀག་པ། བདུད་ཀླུ་བཙན་གྱིས་ཁྲུས་བྱེད་པའི་གླགས་དང་བསྟུན་ནས་གླིང་གེ་སར་རྒྱལ་པོ་སྦྲང་མར་སྤྲུལ་ཏེ་ཁོག་པར་ཞུགས་མ་ཐག་ཡང་ལྕགས་ཀྱི་སྤུ་གྲི་ཞིག་ཏུ་སྤྲུལ་ནས་བསད་ཚུལ་སོགས་དཔའ་བོ་དང་ལྷ་འདྲེ་མཐུ་བོ་ཆེ་རྣམས་དངོས་པོ་དང་སྲོག་ཆགས་ཀྱི་ལུས་གཟུགས་གང་རུང་དུ་འགྱུར་ནས་དོན་སྒྲུབ་ཚུལ་སོགས་ཤིན་ཏུ་མང་། བསྐལ་བ་ཡ་ཐོག་གི་དུས་རབས་སུ་ལྷ་སྒྲུང་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་དད་མོས་ཀྱི་ཟིན་ཐོ་ཞིག་ཡིན་པར་འདོད་ཅིང་། དེས་འཇིག་རྟེན་ཆགས་ཚུལ་དང་བྱ་དངོས་ཀྱི་ཆོས་ཉིད་ལ་ཞིབ་བརྗོད་དང་འགྲེལ་བཤད་བྱེད་སྐབས།  བསམ་ཡུལ་ལས་འདས་པའི་དོན་རྣམས་ཡིད་སྤྲུལ་སྒོས་ལྷ་ཀླུ་གཉན་བཙན་སོགས་ཀྱི་སྤྲུལ་སྒྱུར་དང་སྦྱར་ཏེ།   རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་ཞིག་རེད། གཟུགས་འགྱུར་སྐབས་སྤྲུལ་པའི་བཀོད་པ་སྣ་ཚོགས་སུ་འགྱུར་ཡོད་དེ། མི་སྐྱེ་དངོས་དང་སྲོག་ཆགས་ཏུ་འགྱུར་བ་དང་། སྐྱེ་དངོས་དང་སྲོག་ཆགས་མི་རུ་འགྱུར་བ། གཅིག་མང་པོར་འགྱུར་བ་དང་། མང་པོ་གཟུགས་ཕུང་གཅིག་ཏུ་འགྱུར་བ། སོ་སོར་ཐོར་བ་རྣམས་གཞི་གཅིག་ཏུ་སྡུད་པ་སོགས་ཁྱད་མཚར་བའི་གཟུགས་འགྱུར་གྱི་འཇིག་རྟེན་དེས། འཇིག་རྟེན་ཁམས་ཀྱི་བྱ་དངོས་ཐམས་ཅད་སྤྲུལ་སྒྱུར་འབའ་ཞིག་ལ་བརྟེན་ནས་གནས་པར་སྣང་ངོ་། །

མར་ཁེ་སིས“གདོད་མའི་བསམ་གཞིགས་ནི་རང་དང་ཐག་ཉེ་ཞིང་ཚོར་ཤེས་ཀྱིས་ཟིན་པའི་ཁོར་ཡུག་གི་ཚད་བཀག་ཅན་ཞིག་སྟེ། དེ་ནི་མི་རྣམས་ཀྱི་བློ་རིག་གིས་རྟོགས་སླ་ཞིང་ཐད་ཀར་ཚོར་ནུས་པའི་དངོས་པོའམ་སྣང་ཚུལ་ཞིག་རེད”⑧ཅེས་གསུངས་པ་ལྟར། ལྷ་སྒྲུང་གི་གཟུགས་འགྱུར་བྱུང་རིམ་དེའང་བྱ་ནམ་མཁར་འཕུར་བ་དང་ཉ་ཆུ་ནང་དུ་རྐྱལ་བ་སོགས་གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་སུ་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་སྣ་ཚོགས་ལས་ཚུར་སྣང་བྱུང་བ་ཞིག་སྟེ། དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་དང་། ཉི་ཟླ་གཟའ་སྐར་གྱི་འཆར་ནུབ། ཆར་རླུང་ཐོག་གློག་གི་བྱུང་བ། མྱུ་གུ་འབུས་པ་དང་འབྲས་བུ་སྨིན་པ། ལོ་མ་ལྷུང་བ་སོགས་སྐྱེ་དངོས་འཕེལ་འགྱུར་གྱི་འགྱུར་ལྡོག  དེ་མིན་སྒོ་ང་ལས་ཕྲུ་གུ་འབྱུང་བ་དང་། མལ་འབུ་ཕྱེ་མ་ལེབ་ཏུ་འགྱུར་བ། ལྕོང་མོ་སྦལ་བར་འགྱུར་བ། ཤྭ་བོའི་རྭ་དང་སྦྲུལ་ཤུན་བརྗེ་བ་སོགས་རང་བྱུང་སྐྱེ་འཕེལ་གྱི་འགྱུར་ལྡོག་རྣམས་ཡང་དང་བསྐྱར་དུ་གདོད་མའི་མི་རྣམས་ཀྱི་མིག་ལམ་དུ་བརྒྱུད་པར་མ་ཟད། སྣང་ཚུལ་དེ་དག་དང་རང་ཉིད་ཀྱི་བར་དུ་ཐད་ཀའི་འབྲེལ་བ་ཡོད་པར་སྙམ་ནས། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་ཆགས་ཚུལ་ནི་འགྱུར་ལྡོག་ལས་བྱུང་བར་འདོད་ཅིང་། ཚེ་སྲོག་ཀྱང་དེ་ལས་མ་འདས་པར་འགྱུར་ལྡོག་གིས་བྱུང་བ་ལས་སྐྱེ་འཕེལ་དབང་བོ་དང་འབྲེལ་བ་གཏན་ནས་མེད་པར་འདོད་པ་རེད། ཕྱི་རོལ་ཡུལ་གྱི་དངོས་པོའི་གཟུགས་འགྱུར་ལ་བལྟས་ནས་གདོད་མའི་མི་རྣམས་ཀྱི་ཡིད་ལ་མི་དང་སྐྱེ་དངོས། སྲོག་ཆགས་ཕན་ཚུན་གཟུགས་འགྱུར་བྱས་ཆོག་པའི་འཕྲུལ་སྣང་སྣ་ཚོགས་འཆར་བ་ནི་གཟུགས་འགྱུར་ལྷ་སྒྲུང་གསར་རྩོམ་བྱེད་པའི་མ་དཔེ་ལྟ་བུར་གྱུར་བ་རེད། དཔེར་ན། དབྱིས་རིགས་ཀྱིས་སྟག་རུས་བླར་བཀུར་བ་ཡིན་པས་ངག་རྒྱུན་དུ། སྟག་གི་རུས་པ་གནམ་འདེགས་ཀ་བར་གྱུར་བ་དང་། དཔུང་བ་གཉིས་ཉི་མ་དང་ཟླ་བར་གྱུར། མིག་སྐར་མར་གྱུར། ཕོ་བ་དང་རྒྱུ་མ་གཙང་བོར་གྱུར། སྤུ་དང་པགས་པ་རྩི་ཤིང་དང་ནགས་ཚལ་ཏུ་གྱུར། ཤ་ས་གཞིར་གྱུར། ལྕེ་འཇའ་ཚོན་ཏུ་གྱུར་བ་ཡིན་ཟེར། ཡང་ཕུའུ་སྨི་རིགས་ཀྱིས་ཤྭ་བ་བླ་རུ་བཀུར་བ་ཡིན་པས། ལྷ་སྒྲུང་དུའང་ཤྭ་མགོ་གནམ་དུ་གྱུར་བ་དང་མིག་གཉིས་ཉི་མ་དང་ཟླ་བར་གྱུར། སོ་སྐར་མར་གྱུར། ཁྲག་མཚེའུ་རུ་གྱུར། པགས་པ་ས་གཞིར་གྱུར། སྤུ་རྩི་ཤིང་དང་ནགས་ཚལ་ཏུ་གྱུར། སྙིང་རི་བོར་གྱུར། གློ་མཚོ་མོར་གྱུར། ལོང་ག་གཙང་བོར་གྱུར། རྒྱུ་མ་ལམ་དུ་གྱུར་བ་ཡིན་ཅེས་མི་རིགས་སོ་སོའི་རང་རང་གི་དད་མོས་ཀྱི་དབང་གིས་སྟག་དང་ཤྭ་བོའི་དབང་བོ་ལྔ་དང་དོན་ལྔ་སྣོད་དྲུག  རུས་པ། ཁྲག སོ། སྤུ། པགས་པ་སོགས་གཟུགས་འགྱུར་བ་ལ་བརྟེན་ནས་གནམ་ས་གཉིས་དང་ཉི་ཟླ་སྐར་གསུམ། ཆུ་དང་གཙང་བོ། རྒྱ་མཚོ། ནགས་ཚལ། རི་བོ། ལམ་སོགས་བྱུང་ཚུལ་བརྗོད་ཡོད། བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་གཟུགས་འགྱུར་དཔེ་མཚོན་རང་བཞིན་ལྡན་པའི་རྩོམ་རིག《སྲིད་པའི་བ་ཆུང་བཤའ་གླུ》ལས།“སྲིད་པའི་བ་ཆུང་བཤའ་དུས་སུ།བ་མགོ་བླངས་ཏེ་ཐོད་ལ་བཞག། ཐོད་འབུར་འབུར་ཡིན་ནོ་དེ་དོན་རེད།སྲིད་པའི་བ་ཆུང་བཤའ་དུས་སུ།བ་རྔ་བཅད་དེ་ལམ་ལ་བཞག། ལམ་འཁྱོག་འཁྱོག་ཡིན་ནོ་དེ་དོན་རེད།སྲིད་པའི་བ་ཆུང་བཤའ་དུས་སུ།བ་ཀོ་བཤུས་ཏེ་ཐང་ལ་བཏིངས།ཐང་བདེ་བདེ་ཡིན་ནོ་དེ་དོན་རེད།”ཅེས་དང་། ཡང“སྲིད་པའི་བ་ཆུང་བཤའ་དུས་སུ།བ་ཤ་དྲི་ཞིག་བོར་སོང་གཟིག། རྐུ་གི་རྐུན་མ་བྱ་ཕོ་རེད།རྐུ་མ་ཤེས་བྱ་ཕོའི་མགོ་ན་ཡོད།སྲིད་པའི་བ་ཆུང་བཤའ་དུས་སུ།བ་ཚིལ་དྲི་ཞིག་བོར་སོང་གཟིག། རྐུ་གི་རྐུན་མ་སྐྱ་ཀ་རེད།རྐུ་མ་ཤེས་སྐྱ་ཀའི་ཕོ་ན་ཡོད།སྲིད་པའི་བ་ཆུང་བཤའ་དུས་སུ།བ་ཁྲག་དྲི་ ཞིག་བོར་སོང་གཟིག། རྐུ་གི་རྐུན་མ་ལྕུང་ག་རེད།རྐུ་མ་ཤེས་ལྕུང་གའི་མཆུ་ན་ཡོད།”ཅེས་ཡིད་སྤྲུལ་དང་རྩེད་མཚར་གྱི་ཉམས་ལ་བརྟེན་ནས་རི་མཐོ་བ་དང་ལམ་ཀྱོག་པ། ཐང་བདེ་བ་སོགས་ཀྱི་རྒྱུ་མཚན་བཤད་ཡོད་ལ། བ་མགོ་དང་བ་རྔ། བ་ཀོ་བཅས་གཟུགས་འགྱུར་བ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་རི་བོ་དང་བགྲོད་ལམ། རྩྭ་ཐང་བྱུང་ཚུལ་ཞིབ་འབྲི་བྱས་པ་དང་། བ་ཤ་དང་བ་ཚིལ། བ་ཁྲག་བཅས་ཀྱི་གཟུགས་འགྱུར་བ་ལ་བརྟེན་ནས་འདབ་ཆགས་ཀྱི་གཟུགས་དབྱིབས་དང་སྤུ་མདོག་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད། འདི་ནི་འཇིག་རྟེན་གྱི་གནས་ལུགས་དང་མི་མཐུན་ཅིང་དངོས་པོའི་རིགས་ལ་ཁྱད་པར་མི་འབྱེད་པར་རང་བྱུང་སྣང་ཚུལ་དེ་དག་ལ་ལད་མོ་བྱས་ནས་གསར་རྩོམ་བྱས་པ་ཞིག་སྟེ། གདོད་མའི་མི་རྣམས་ཀྱིས་ཕྱི་རོལ་ཡུལ་ན་གནས་པའི་དངོས་པོའི་སྣང་ཚུལ་གཏན་ནས་མི་འདྲ་བ་གཉིས་གཟུགས་འགྱུར་དང་འཕྲུལ་སྣང་གི་ཐབས་ལ་བརྟེན་ནས་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་བ་ལྡན་ཚུལ་བརྗོད་ཡོད། འདི་ནི་མིའི་རིགས་ད་དུང་བློ་རིག་མ་སྨིན་པར་བྱིས་པའི་དུས་སྐབས་ཀྱི་ལྷད་མེད་བྱིས་བློའི་དྲན་འཆར་དང་། ཁོ་ཚོའི་རབ་རིབ་ཀྱི་བློས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ལུགས་ལ་དཔྱད་པ་དང་ངོས་འཛིན་བྱས་ཚུལ་ཡིན།

ད་ལྟ་ང་ཚོས་ཀླུ་ནི་ཆུ་ནང་དུ་གནས་པ་དང་མཚོན་རིས་སུ་སྦྲུལ་དང་སྦལ་བ་སོགས་འགོད། ཐེའུ་རང་ནི་བྱི་ལའི་རྣམ་པ་ཅན་ཞིག་ཡིན་པར་འདོད་པ་དང་དེས་གནོད་འཚེ་འགོག་བྱེད་ཀྱི་གཉེན་པོ་སྤྲེའུ་ཡིན་པར་འདོད། བཙན་ནི་ཞོགས་པའི་ཉི་ཟེར་དང་ཕྱི་དྲོའི་ཉི་ནུབ་མཚམས་སུ་ལམ་གྱི་བཞི་མདོ་སོགས་སུ་རྒྱུ་བ་དང་ཁ་དོག་དམར་བོ་རླུང་ལྟར་རྒྱུ་བ་ཞིག་ཡིན་པས། བཙན་གྱི་རྒྱུ་ལམ་ནས་ཐད་ཀར་གདོང་ཐུག་བརྒྱབ་ཚེ་དེ་མ་ཐག་བརྒྱལ་བར་འགྱུར་བ་དང་། གལ་ཏེ་བཙན་གྱི་རྒྱུ་ལམ་ནས་སོར་གང་ཙམ་གཟུར་ན་མི་ལ་མི་གནོད་པ་དང་། བཙན་འགོག་བྱེད་ལ་མིའི་སྐེར་ཤིང་ཀྱལ་རྟ་དམར་པོ་འདོགས་པ་ཡིན། གཉན་ནི་བར་སྣང་ལ་རྒྱུ་བ་དང་མིའི་འགྲོ་བ་དང་ཉེ་བའི་འགྲོ་བ་ཞིག་ཡིན་ཚུལ་བརྗོད་མོད། དོན་དམ་དུ་རི་དྭགས་གཉན་བླ་རུ་བཀུར་བའི་འདུ་ཤེས་རིམ་འགྱུར་བྱུང་བ་ལས་ཐོན་པ་ཡིན་པས། གདོད་མའི་མི་རྣམས་ཀྱི་སྣང་ངོར་མི་དང་སྲོག་ཆགས་བར་འབྲེལ་བ་དམ་ཟབ་ཞིག་ལྡན་པ་དང་། དེ་དག་ལ་མཆོད་ནས་ཐུགས་དགྱེས་ན་རང་ལ་སྲུང་སྐྱོབ་དང་འཚོ་བའི་ལོངས་སྤྱོད་སྩོལ་བར་འདོད། གཞན་ཡང་ལྷ་ཀླུའི་གཟུགས་བརྙན་ལ་མི་ལུས་གཡག་མགོ་ཅན། འབྲོང་མགོ་ཅན། ཁྱི་མགོ་ཅན། སེང་གེ་མགོ་ཅན། ལུག་མགོ་དང་རྟ་མགོ་ཅན་གྱི་གཟུགས་སུ་འགོད་པ་སོགས་མི་དང་སྲོག་ཆགས་འདྲེས་མའི་ཡ་མ་བརླའི་གཟུགས་ཕུང་དེ་དག་གིས་ཚེ་སྲོག་མི་འདྲ་བ་གཉིས་ཕན་ཚུན་ལ་གཟུགས་འགྱུར་བྱེད་པའི་བར་མཚམས་ཀྱི་བརྒྱུད་རིམ་དེ་མངོན་པར་མཚོན་ཡོད། དེ་ནི་བོད་ཀྱི་ལྷ་སྒྲུང་གི་སྣང་བརྙན་གསར་གཏོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གདོད་མའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན། ཁོ་ཚོས་གཟུགས་འགྱུར་གྱི་ཐབས་ལ་བརྟེན་ནས་ནང་སེམས་ཀྱི་རེ་འདུན་དྲག་པོ་ཚིམས་པར་བྱེད་པ་ཡིན། གདོད་མའི་དུས་སྐབས་སུ་འཇིགས་སྣང་དང་བཙན་འཛུལ། འཁྲུག་རྩོད་སོགས་རྒྱུན་མི་ཆད་པར་འབྱུང་བ་དང་། ལྷག་པར་དུ་མི་ཤི་བ་དེས་ཁོ་ཚོའི་ཡིད་ལ་ཡ་མཚན་དང་དངངས་སྐྲག་གི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་སུ་བཅུག དེ་བས་མི་རྣམས་ཀྱིས་སྣང་ཚུལ་དེར་སྔར་ལས་མཐོང་ཆེན་དང་སེམས་ཁུར་བྱས་ཤིང་། ཧ་ལམ་རྡོ་ཆས་རྙིང་བའི་དུས་རབས་ཀྱི་དུས་མཇུག་ནས་བཟུང་མིའི་རིགས་ལ་ཚེ་སྲོག་གི་འདུ་ཤེས་འཛིན་སྟངས་ཡོད་པར་གྱུར་པ་དང་མཉམ་དུ་ཡུན་རིང་བོར་འཚོ་འདོད་ཀྱི་རེ་བའང་དྲག་པོ་སྐྱེས། ཡིན་ནའང་དུས་སྐབས་དེར་འཆི་གསོན་གྱི་ཆོས་ཉིད་ལ་ངོས་འཛིན་གསལ་བོ་ཞིག་བྱེད་མ་ཐུབ་པར་ལྷ་ལ་གསོལ་བ་འདེབས་པ་དང་མཆོད་བསྟོད་བྱེད་པ་སོགས་ཆོས་ལུགས་དད་མོས་ལ་བརྟེན་ནས་ཚེ་ཐག་ཇེ་རིང་དང་སླར་གསོན་བྱེད་པར་རེ་སྨོན་བཅངས་ཡོད། དད་མོས་དེ་མཚོན་པར་བྱེད་པའི་སྐད་ཆའི་རྣམ་པ་ནི་གཟུགས་འགྱུར་ལྷ་སྒྲུང་ཡིན་པས། གཟུགས་འགྱུར་ནི་གདོད་མའི་མི་རྣམས་འཆི་བ་ལས་ཐར་བའི་ཐར་ལམ་ཉག་ཅིག་ཡིན། ཁོ་ཚོའི་སྣང་ངོར་འཆི་བ་ནི་རྣམ་ཤེས་ཀྱི་གནས་འཕོ་བ་དང་གཟུགས་འགྱུར་བ་ཙམ་ལས་ལུས་ཕུང་དང་གཏན་དུ་ཁ་བྲལ་ནས་སླར་སོས་བྱེད་མི་ཐུབ་པའི་གནས་ཚུལ་ཞིག་གཏན་ནས་འབྱུང་མི་སྲིད་པའི་འདུ་ཤེས་སྐྱེས། འདུ་ཤེས་དེའི་ཤུགས་རྐྱེན་འོག་རང་རྟོགས་མ་ཡིན་པའི་འཕྲུལ་སྣང་དང་ཡིད་སྤྲུལ་ལ་བརྟེན་ནས་འཆི་བ་དང་སླར་སོས། རྣམ་ཤེས་ཀྱི་གནས་སྤོས་ཚུལ་སོགས་ལ་རབ་བཏགས་གིས་ལེགས་པར་སྤུད་དེ་གཟུགས་འགྱུར་གྱི་བྱུང་རིམ་སྣ་ཚོགས་ཞིག་སྒྲིག་ཡོད་པ་ནི་གདོད་མའི་མི་རྣམས་ཡུན་རིང་དུ་འཚོ་བའི་རེ་བ་ཡོད་ཚད་གཟུགས་འགྱུར་བ་ལ་བཅོལ་ནས་འཆི་བའི་འཇིགས་སྣང་ལས་ཐར་བར་བྱས་པ་ཡིན།

གཟུགས་འགྱུར་ལྷ་སྒྲུང་གིས་ཕྱིས་འབྱུང་རྩོམ་རིག་ལ་ཤན་ཞུགས་ཡོད་དེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་ལྷ་ཐོ་ཐོ་རུ་གཉན་བཙན་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་བ་ཡིན་པ་དང་། སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པས་བཟོ་བོ་ལྔ་བརྒྱར་སྤྲུལ་ནས་གཙུག་ལག་ཁང་བཞེངས་པ།   ཁྲི་སྲོང་ལྡེ་བཙན་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པས་སྤྲུལ་བས་དམག་རྟ་བྱེ་བ་ཕྲག་བཅུ་བཞི་བྱུང་བ། གླང་དར་མ་ནི་མ་རུང་བདུད་ཀྱི་སྤྲུལ་བ་ཡིན་པ་སོགས་ལྷ་སྒྲུང་གི་བསམ་གཞིགས་དང་གཟུགས་འགྱུར་གྱི་རྩོམ་ཐབས་སྤྱད་ཡོད་པར་མ་ཟད།བོད་ཀྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་དེ།  དཔེར་ན། སྣང་ས་འོད་འབུམ་ལ་འདས་ལོག་བྱུང་བ་དང་། རྒྱ་བཟའ་དང་བལ་བཟའ་སྒྲོལ་མ་དཀར་སྔོན་གྱི་རྣམ་སྤྲུལ་ཡིན་པ།   འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་དུ་འཕུར་བ་དང་ཉ་རུ་སྤྲུལ་ཏེ་ལྕམ་སྲིང་གཉིས་བསྐྱབས་ཚུལ་སོགས་ཚད་མི་འདྲ་བའི་སྒོ་ནས་གཟུགས་འགྱུར་བྱུང་རིམ་སྤྱད་ཡོད། མེ་གླིང་ལྷོ་མའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱིས་ལྷ་སྒྲུང་གི་གཟུགས་འགྱུར་རྩོམ་ཐབས་མང་པོ་བསྡུ་ལེན་བྱས་ཡོད་ལ། བོད་ཀྱི་གནའ་རབས་རྩོམ་རིག་དང་ཟློས་གར་གྱི་ནང་དུ་སེམས་ཅན་རྣམས་ཤི་རྗེས་རྣམ་ཤེས་མི་འཇིག་པར་སླར་ཡང་ཕུང་བོ་གཞན་དུ་ཞུགས་ཚུལ་སོགས་མང་པོ་བརྗོད་ཡོད། དེ་བཞིན་མི་ཤི་རྗེས་རྣམ་ཤེས་མི་འཇིག་པར་གཟུགས་འགྱུར་བའི་བྱུང་རིམ་དེས་སྔར་བྱུང་ལྷ་སྒྲུང་གི་གཟུགས་འགྱུར་དང་ཚེ་སྲོག་ལ་བཟུང་བའི་ལྟ་ཚུལ་རྒྱུན་འཛིན་བྱས་ཡོད།   ཚེ་སྲོག་ལ་འཇིག་པ་མེད་པར་གཟུགས་གཞི་གཞན་ཞིག་གི་ནང་ཏུ་ཞུགས་ཏེ་སླར་སོས་དང་སླར་ཡང་སྐྱེ་བ་སོགས་ནི་བརྩམས་ཆོས་ལས་མི་སྣ་གཙོ་བོའི་ཡིད་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དང་དུང་སེམས་ཤིག་རེད། །


མཆན་འགྲེལ།


①[意]维柯:《新科学》,人民文学出版社,1987年版,第135页。

②[英]马林诺夫斯基:《巫术科学宗教与神话》,上海文艺出版社1988年影印本,第132页。

[英]马林诺夫斯基:《巫术科学宗教与神话》,中国民间文艺出版社1986年版,第72页。

④[英]汤因比:《历史研究》,曹未风等译,上海人民出版社1986年版第55页。

⑤དོན་གྲུབ་རྒྱལ་གྱིས་བརྩམས་ཤིང་། 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》ཀྱི་ཤོག་ངོས7པར་གསལ།

⑥1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བཀའ་ཐང་སྡེ་ལྔ》ཡི་ཤོག་ངོས112ནས113པར་གསལ། 

⑦ 2003ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས27པར་གསལ།

⑧参见马克思、恩格斯《德意志意识形态》第一卷第一章

རྩོམ་སྒྲིག་པ། : ཀླུ་མོ་མཚོ།