ཀྲུང་གོ་བོད་ཀྱི་དྲ་བ།

ལག་ཁྱེར་ཁ་པར་སྔས་མགོར་བཞག་ན་ཀླད་སྐྲན་འབྱུང་ཉེན་ཆེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་སིའི་གསར་འགྱུར་དྲ་བར་བཀོད་པའི་བརྟག་ཞིབ་རྩོམ་ཡིག་ཅིག་ལས་ཤེས་གསལ་ལྟར་ན། ལག་ཁྱེར་ཁ་པར་བཀོལ་མཁན44%ཡིས་ཁ་པར་སྔས་མགོར་བཞག་ཡོད། ཚན་རིག་ཞིབ་འཇུག་མང་པོ་ཞིག་ལས་ལག་ཁྱེར་ཁ་པར་གྱི་འགྱེད་འཕྲོ་ཡིས་མི་རྣམས་ཀྱི་ཀླད་པ་དང་དབང་པོ་གཞན་དག་ལ་གནོད་པ་ཡོད་པ་དང་། ཐ་ན་ཀླད་སྐྲན་སོགས་ནད་རིགས་སློང་བའི་ཉེན་ཁ་ཆེ་བར་བསྟན་ཡོད།

ཨ་མེ་རི་ཁའི་ཁའོ་ལོ་ར་ངྷོ་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་གཙོ་བདག་གམ་ལག་ཁྱེར་ཁ་པར་འགྱེད་འཕྲོ་ཞིབ་འཇུག་ཆེད་མཁས་པ་ཆོ་ན་སིན་ས་སྨི་ཐེ་ཡིས་ཉེ་ཆར་ཆེད་རྩོམ་ཞིག་སྤེལ་ནས་བསྟན་དོན། རིགས་པའི་གཞུང་ལུགས་སྟེང་ནས་བཤད་ན་ལག་ཁྱེར་ཁ་པར་བཀོལ་ན་སྐྲན་ནད་སློང་མི་ཐུབ་པར་བཤད་མོད། སྡོམ་རྩིས་གྲངས་ཀ་ལས་མཚོན་པ་ལྟར་ན། ལག་ཁྱེར་ཁ་པར་སྔས་མགོར་བཞག་ན། བདེ་ཐང་ལ་གནོད་པ་ཡོད། ཁོས“ལག་ཁྱེར་ཁ་པར་གྱི་འགྱེད་འཕྲོ་ནི་ནུས་ཚད་དམའ་བའི‘གློག་གྱེས་མིན་པའི་འགྱེད་འཕྲོར’གཏོགས་པ་ལས། DNAལ་གཏོར་བརླག་དང་སྐྲན་ནད་སློང་བའི‘གློག་གྱེས་འགྱེད་འཕྲོ’མིན། ཡིན་ཡང་འགྱེད་འཕྲོ་ཁོར་ཡུག་ནང་དུ་ཡོད་ན། ཀླད་པའི་ནུས་པར་གནོད་པ་ཡོད། ང་ཚོས་བལྟས་ན། ལག་ཁྱེར་ཁ་པར་དུས་ཡུན་རིང་པོར་སྔས་མགོར་བཞག་ན། ཀླད་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བར་སྙམ”ཞེས་བཤད།

ཨ་མེ་རི་ཁའི་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་ཆེན་པེ་ཁུ་ལིས་ཡན་ལག་སློབ་གྲྭའི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་ཁྱིམ་ཚང་དང་སྡེ་ཁུལ་བདེ་ཐང་ལྟེ་གནས་ཀྱི་ཀྲུའུ་རེན་ཆོར་མའོ་སི་ཁུ་ཝེ་ཚི་ཡིས་བསྟན་དོན། ལག་ཁྱེར་ཁ་པར་བྱིས་པའི་སྔས་མགོར་བཞག་ན་ཀླད་པར་གནོད་པ་ཆེ། ལག་ཁྱེར་ཁ་པར་གྱི་འོད་སྔོན་པོ་དང་འགྱེད་འཕྲོ་ཡིས་སྐུལ་རྩི་ནག་པོ་འཛད་ཐོན་བྱས་པར་བཀག་འགོག་ཐེབས་པས། རྒྱུན་ལྡན་གྱི་གཉིད་ལ་གནོད་པ་ཐེབས་པ་དང་། ཡུན་རིང་དུ་འདི་ལྟར་བྱས་ན་ཀླད་པའི་རྒྱུན་ལྡན་གྱི་ནུས་པར་ཡང་གནོད་པ་ཐེབས་ཀྱིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།