ཀྲུང་གོ་བོད་ཀྱི་དྲ་བ།

དཀར་ཟས་རོལ་བའི་དགེ་མཚན་ཆེན་པོ་བདུན།

ཡོང་ཁུངས། : ཨ་མདོ་སྨྱན་གསར     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག སྙིང་ཁམས་ལེགས་པོ་ཞིག་ཡོད་པ།

ཤིང་ཏོག་དང་སྔོ་ཚལ་ནི་དབྱང་འགོག་བཅུད་རྩི་ཤ་སྟག་ཡིན་པས་སྙིང་ཁམས་དང་འཕར་རྩ་ཆེ་བ་སྲུང་ངོ་།། དེ་དག་གི་ནང་བཞུ་མཐའ་དང་ཞག་རྩིའམ་མཁྲིས་རྒྱུ་གཤེར་རྩི་སོགས་མི་འདུས་ཕྱིར། དཀར་ཟས་པའི་མཁྲིས་རྒྱུ་གཤེར་རྩིའི་བྱུང་ཚད་དམར་ཟས་པ་ལས་བརྒྱ་ཆའི་བཅུ་བཞི་ཡིས་དམའ། ཨ་རི་བའི་བཟའ་བཏུང་ཁྲོད་ཞག་རྩི་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩིའི་དམར་ཟས་དང་འོ་ཟས་མང་། དེ་བས་སྙིང་ཁམས་ཁྲག་རྩའི་ནད་ནི་ཨ་རི་རྒྱལ་ཁབ་ཀྱི་ལག་དམར་ཆེ་ཤོས་སུ་གྱུར་ཡོད་པ་རེད།

གཉིས། དུག་རྒྱུ་དང་ཡོངས་སུ་བྲལ་ནས་ལུས་ཕུང་གཙང་དག་ཆེན་པོ་བཟོ་བ།

ང་ཚོའི་བཟའ་བཏུང་ཁྲོད་བརྒྱ་ཆའི་གོ་ལྔའི་ཞིང་སྨན་གྱི་སྙིགས་རོ་ནི་ཤ་ཡི་རིགས་དང་ཉ་རིགས། འོ་མའི་རིགས་བཅས་ནས་ཐོན་པ་རེད། ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཚོད་དཔག་ལྟར་ན། ཉ་རིགས་ལ་སྐྲན་བཟོ་བའིDDTལྕགས་ལྗིད་མོའི་རིགས་འདུས་ཤིང་། དེར་མ་ཟད་རྫས་དངོས་འདིའི་རིགས་རླངས་བཙོས་དང་འཁྱག་བཟོ་བྱས་པས་དུག་སེལ་ཐབས་བྲལ། འོན་ཀྱང་ཤིང་ཏོག་དང་སྔོ་ཚལ་གྱི་ཁུ་བའི་ནང་རང་བྱུང་གི་སྐྱེ་དངོས་རྫས་འགྱུར་དངོས་རྫས་འདུས་པས་ང་ཚོའི་ལུས་སྟེང་གི་དུག་འདོན་པར་རོགས་བྱེད་ཐུབ་ལ། ཤ་ཡི་རིགས་སྤང་ན་ནང་ཁྲོལ་མ་ལག་གི་ཚད་ལས་བརྒལ་བའི་ཐེག་ཚད་ཀྱིས་བཟོས་པའི་དུག་རྒྱུ་སེལ་ཐུབ། (ཁོར་ཡུག་སྦགས་བཙོག་རྫས། ཞིང་སྨན། རུལ་སུངས་འགོག་རྫས། )

གསུམ། ཚེ་ཐག་རིང་བ།

ལཱོ་མོའོ་ལེན་སློབ་ཆེན(Loma Linda University)གྱིས་དཀར་ཟས་རིང་ལུགས་པར་ལོ་བདུན་ལ་ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། དཀར་ཟས་རིང་ལུགས་པ་རྣམས་དམར་ཟས་པ་ལས་ལོ་བཅོ་ལྔའི་ཚེ་རིང་ལ། ཞིབ་འཇུག་འདི་དག་ལ་ཀྲུང་གོའི་བདེ་ཐང་བཟོ་སྐྲུན (མི་གྲངས་འབོར་ཆེན་གྱི་བཟའ་བཏུང་དང་བདེ་ཐང་ཞིབ་འཇུག་གི་སྐོར )གྱིས་སྔར་ལས་ལྷག་པར་ར་སྤྲོད་བྱས་ཡོད། ང་ཚོས་ཤེས་གསལ་ལྟར། ཀྲུང་གོའི་མིས་ཞག་རྩི་མཐོ་བའི་རིགས་དང་དམར་ཟས་སྤྱོད་པ་ཧ་ཅང་ཉུང་པས། འབྲས་སྐྲན་དང་སྙིང་ཁམས་ནད་སོགས་བྱུང་བའི་ཉེན་ཁ་ཆུང་། དཀར་ཟས་པའི་བཟའ་བཏུང་དེ་ཨ་རི་བའི་ཚད་ལྡན་བཟའ་བཏུང་གི་དྲོད་ཚད་ལས་ཧ་ཅང་དམའ་བར་ཡོད་ལ། དཀར་ཟས་པར་ལུས་ཀྱི་ལྕི་ཚད་དང་འབྲེལ་བའི་དབང་བོ་གསོ་བཅུད་མི་ལེགས་པའི་ནད་གཞིའི་རིགས་ཏེ། དཔེར་ན་སྙིང་ཁམས་ཀྱི་ནད་དང་། གཟའ་གྲིབ་ནད། གཅིན་སྙི་ཟ་ཁུའི་ནད་སོགས་འབྱུང་མི་སྲིད།

བཞི། སྔོ་ཚལ་ཟོས་ན་ནད་འབྱུང་ཚད་དམའ་བ།

སྔོ་ཚལ་ནི་ཤིང་རྫས(纤维素)ཀྱི་རྩ་བའི་འབྱུང་ཁུངས་ཡིན་ལ། དེས་ཟོག་རོ་ལུས་ཕུང་གི་ཕྱི་རུ་འདོན་ཐུབ། དམར་ཟས་རིགས་ལ་ཤིང་རྫས་མི་འདྲེས་པ་རེད། ཧཱ་བོར་ཌི་སློབ་ཆེན་དང་པུ་ལེ་ཀིན་བུད་མེད་སྨན་ཁང་གཉིས་ཀྱིས་ཞིབ་འཇུག་གནང་བ་ལས་མངོན་པ་ལྟར་ན། མིས་ཤིང་རྫས་མཐོ་བའི་ཟས་རིགས་ཟོས་ན་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་ཞེ་གཉིས་ཀྱིས་དམའ་བ་འདུག སྔོ་ཚལ་ཕུན་སུམ་ཚོགས་པ་ལོངས་སུ་སྤྱོད་པར་རྒྱུན་འཁྱོངས་པའི་མི་ལ་རྩ་ཆུ་འགག་ནད་དང་། གཞང་འབྲུམ། རྩ་འཁུམ་རང་བཞིན་གྱི་རྩམ་ལོང་གི་ནད་སོགས་འབྱུང་ཚད་རྒྱུན་ལྡན་ལས་ཤིན་ཏུ་ཉུང་།

ལྔ། སྒོར་མོ་མི་ཉུང་བ་གྲོན་ཆུང་བྱེད་ཐུབ།

སྔོ་ཚལ་དང་ཤིང་ཏོག་གིས་ཤ་རིགས་ཀྱི་ཚབ་བྱས་ན་ལོ་གཅིག་གི་འབྲུ་རིགས་ཀྱི་རྩིས་ཐོ་ལས་ཨ་སྒོར་བཞི་སྟོང་ལྷག་ཉུང་དུ་གཏོང་བར་སྔོན་རྩིས་བྱེད་ནུས་ཤིང་། ཉིད་ཀྱིས་ཟོག་རོ་དང་མཁའ་དབུགས་བཙོག་བཟོ་ཉུང་དུ་གཏོང་བར་རོགས་རམ་བྱེད་ཆོག་ལ། ཨ་རིའི་ཡུག་ཐཱ་མངའ་སྡེ་ཡི་ཞིང་རར་ལོ་རེར་ཕག་པ་ས་ཡ་གཉིས་དང་ལྔ་འབུམ་གསོ་བཞིན་ཡོད་པ་ལས་བྱུང་བའི་ཟོག་རོ་དེ་ལོ་ཧྲིན་ཅི་གྲོང་ཁྱེར་ཡོངས་ཀྱི་སྙིགས་རོ་ལས་མང་བ་ཡོད། འདི་ནི་དེ་དག་གི་ཁྲོད་ཀྱི་ཞིང་ར་གཅིག་རེད། ལོ་རེར་རྒྱལ་ཡོངས་ཀྱི་ཞིང་རར་སྨན་ལུད་ཏུན་དུང་ཕྱུར་ཉི་ཤུ་ཐོན་སྐྱེད་བྱེད་བཞིན་ཡོད་པས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག(EPA)གིས་འདི་ནི་ཐོག་མའི་ཨང་རིམ་བཅུའི་ནང་ཚུད་པའི་བཙོག་བཟོའི་དངོས་པོར་ངོས་འཛིན་གྱིན་ཡོད།

དྲུག དཀར་ཟས་ལ་རོལ་བ་ནི་བྱེད་ཐབས་ཡང་དག་ཅིག་ཡིན་པ།

ཨེན་སི་ཐན་གྱིས་ང་ཚོའི་འོས་འགན་ནི་རང་ཉིད་བཅིངས་པ་ལས་གྲོལ་རྒྱུ་དེ་ཡིན་ཞེས་གསུང་མྱོང་། དེར་ང་ཚོས་སྙིང་རྗེའི་ཡུལ་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་ཤིང་། ཚེ་སྲོག་ཡོད་དོ་ཅོག་ལ་བཟོད་པ་བསྒོམས་ནས་མཛེས་སྡུག་གི་རང་བྱུང་ཁམས་གཅེས་པར་འཛིན་དགོས། མིའི་རིགས་ཀྱི་བདེ་ཐང་ལ་ཕན་པ་དང་སའི་གོ་ལའི་སྟེང་འཚོ་ཐབས་སུ་དཀར་ཟས་ལས་ལྷག་པ་ཞིག་དཀོན། ཁྱེད་ཀྱིས་ཨ་རི་བའི་ལྟོ་བའི་ཆེད་སྲོག་ཆགས་བྱེ་བ་གཉིས་དང་ས་ཡ་གཉིས་ཀྱི་སྲོག་གཅོད་ཀྱིན་ཡོད་པ་ཨེ་ཤེས། བདེ་ཐང་གི་བཟའ་བཏུང་ཆེད་དུ་ཚེ་སྲོག་གང་ཡང་མ་འཕྲོག་པ་ཡིན་ན་དེ་ནི་ཅི་འདྲའི་རླབས་ཆེན་གྱི་བརྩེ་སེམས་ཤིག་རེད་ཨང་།

བདུན། ནུས་ཁུངས་གྲོན་ཆུང་བྱེད་པ།

མིག་སྔར་ཨ་རིའི་འབྲུ་རིགས་ཀྱི་བརྒྱ་ཆའི་དོན་གཉིས་གསོད་ཟོག་གསོ་བར་མཁོ་སྤྲོད་བྱེད་ཀྱིན་ཡོད་ཅིང་། ཧ་ལམ་ཤ་སྤྱི་རྒྱ0.46ཐོབ་པར་གསོ་ཆས་སྤྱི་རྒྱ6.8ལྷག་དགོས། གལ་ཏེ་མིས་ཐད་ཀར་འབྲུ་རིགས་ལོངས་སུ་སྤྱད་པ་ཡིན་ན་གོ་ལ་ཧྲིལ་བོའི་མིའི་ཁ་ཟས་སུ་འདང་ཐུབ་པ་རེད །  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།