ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི“ལུས་ཟུངས་གསོ་ཐབས”

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018ལོའི་ཟླ11ཚེས28ཉིན། ཀྲུང་གོའི“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་དངོས་སུ་བཅུག་པ་རེད། དེ་ནི་བོད་རིགས་མི་དམངས་ཀྱིས་ས་ཆུ་མེ་རླུང་ནམ་མཁའ་བཅས“འབྱུང་བ་ལྔའི”ཚེ་སྲོག་གི་ལྟ་བ་དང་། རླུང་དང་། མཁྲིས་པ། བད་ཀན་བཅས“ཉེས་པ་གསུམ”གྱི་བདེ་ཐང་ལྟ་བ་དང་། དེ་བཞིན་ནད་ཅན་དང་ནད་མེད་ཀྱི་ངོས་བཟུང་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ། རང་བྱུང་ཆུ་ཚན་རྒྱག་པའམ་ཡང་ན་སྨན་ཁུའམ་རླངས་པས་ལུས་སེམས་སྙོམས་སྒྲིག་བྱས་ཏེ་མི་ན་བར་གནས་ས་དང་ན་བ་གསོ་བར་བྱེད་པའི་སྲོལ་རྒྱུན་གྱི་ཤེས་བྱ་དང་ལག་ལེན་ཡིན་པ་རེད།

བོད་ཀྱི་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་བོད་ས་མཐོའི་ཡར་ཀླུང་ལུང་གཞུང་དང་རྫོང་མཁར་རི་རྒྱུད་ཀྱི་བོད་རིགས་ཞིང་འབྲོག་ཁུལ་ནི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་གཅིག་སྡུད་རྒྱུན་འཛིན་ས་ཁོངས་ཡིན་པ་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་རིགས་ས་ཁུལ་དུ་རྒྱ་ཁྱབ་ངང་དར་ཡོད། བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་མིག་དམར་གྱིས“ད་ཆ་མི་མང་པོའི་གཟུགས་པོ་ཐང་པོ་དེ་ཙམ་མེད་པ་དང་འགུལ་སྐྱོད་ཉུང་བ་དང་། ཁྲག་འཁོར་རྒྱུག་མི་བདེ་བ། གནོན་ཤུགས་ཆེ་བ། ཟས་སྤྱོད་འཁྲུགས་པ་སོགས་ཀྱི་གནད་དོན་ཡོད་པ་རེད། བོད་ལུགས་གསོ་རིག་གི་ལུམས་བཅོས་ཀྱིས་རྙིང་འབུད་གསར་ལེན་དང་ཁྲག་འཁོར་རྒྱུག་ལ་ཕན་པ་ཆེ་ཞིང་། ལྷག་པར་དུ་གྲུམ་བུའི་ནད་དང་། དབང་རྩའི་རང་བཞིན་གྱི་ནད། དྲེག་གྲུམ། པགས་ནད། རུས་པ་ཆགས་པ། མོ་ནད་སོགས་ལ་ཕན་ནུས་མངོན་གསལ་དོད་པོ་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ལུམས་བཅོས་བྱེད་པའང་ལ་ལས་འཕྲོད་སྦྱོར་དང་། ལུས་ཟུངས་གསོ་བ། ནད་སྔོན་འགོག་སོགས་ཀྱི་ཆེད་དུ་ཡིན་པ་དང་། ལ་ལ་ནི་ནད་རིགས་གཅིག་ཆེད་མངགས་བཅོས་ཆེད་ཡིན་པ་རེད།

ལུམས་བཅོས་ཀྱི་ཞིབ་ཕྲའི་གྲུབ་ཆ་དང་བྱེད་ཐབས་མི་འདྲ་བ་གཞིར་བཟུང་། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཐད་རིགས་གཉིས་ཡོད་པ་སྟེ། གཅིག་ནི་རང་བྱུང་ལུམས་བཅོས་ཡིན་པ་སྟེ། རང་བྱུང་ཆུ་ཚན་བརྒྱབ་ནས་ནད་བཅོས་པ་དེ་ནི་ལུམས་བཅོས་ཀྱི་རང་བྱུང་བཅོས་ཐབས་ཤིག་ཡིན་པ་དང་། གཞན་ཞིག་ནི་མི་ཐབས་ལ་བརྟེན་པའི་ལུམས་བཅོས་ཡིན་པ་དེའི་ནང་ཆུ་ལུམས་དང་བྱུག་ལུམས་རིགས་གཉིས་ཡོད་ཅིང་། ཆུ་ལུམས་ལའང་ཆུ་ནང་འཛུལ་བ་དང་རླངས་ལུམས་རིགས་གཉིས་ལ་དབྱེ་ཡོད། བོད་ལུགས་གསོ་རིག་གི་ལུམས་བཅོས་བྱེད་སྐབས་མིའི་ལུས་པོ་ཡོངས་སམ་ཡང་ན་རྐང་པ་སྨན་ཁུའི་ནང་སྦངས་ཏེ་ཆུའི་ཚ་ནུས་དང་སྨན་ནུས་ལ་བརྟེན་ནས་བ་སྤུའི་བུ་ག་ཕྱེ་བ་དང་། སྐབས་དེ་དུས་སྨན་གྱི་གྲུབ་ཆ་དེ་དག་པགས་པ་བརྒྱུད་མིའི་ལུས་པོས་བསྡུ་ལེན་བྱེད་པ་དང་། རིམ་པར་ཁྲག་རྩའི་ནང་སིམ་ནས་ལུས་པོ་ཡོངས་ལ་ཁྱབ་སྟེ་ཁྲག་འཁོར་རྒྱུག་ལ་ཕན་པ་དང་། ལུས་པོའི་ནང་གི་དུག་རྒྱུ་དག་བུ་ག་བརྒྱུད་ཕྱིར་ཕུད་ཐུབ་ནས་ནད་གཞི་དྲག་སྐྱེད་ཐུབ་པ་དང་ལུས་སྟོབས་རྒྱས་པ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད།

མིག་དམར་གྱིས་གལ་ཏེ་བོད་དུ་ཡོང་མཁན་ཡུལ་སྐོར་བས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་བསམ་ན་དུས་ཚིགས་ཡག་ཤོས་ནི་དཔྱིད་ཀ་དང་སྟོན་ཀ་ཡིན་ཞིང་། སྐབས་དེར་གནམ་གཤིས་དྲོ་གྲང་སྙོམས་པ་དང་ཆུ་སྤུས་ཀྱང་དག་པོ་ཡོད་པའི་ཁར། མིའི་ལུས་པོའང་དུས་མཚམས་དེའི་རིང་ཅུང་བདེ་པོ་ཡོད། “འོན་ཀྱང་དེའང་རྦད་དེ་གཏན་འཁེལ་ཞིག་མ་ཡིན། གལ་ཏེ་ནད་པའི་གནས་ཚུལ་ཛ་དྲག་ཆེ་བ་དང་ཁ་ཚ་དགོས་གཏུགས་ངང་ལུམས་བཅོས་བྱེད་དགོས་ཚེ་སྨན་པའི་མངགས་བྱར་གཞིགས་ནས་དབྱར་ཁ་དང་དགུན་ཁར་ཡང་ལུམས་བཅོས་བྱས་ཆོག”ཅེས་གྲོས་འགོ་བཏོན། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཡག་པོ་ཡོད་མོད། འོན་ཀྱང་མི་ཚང་མར་འཕྲོད་པའི་ངེས་པ་མེད། དཔེར་ན། ཁྲག་ཤེད་མཐོ་བའི་ནད་པ་དང་། སྙིང་ནད་ཕོག་པ། སྔོན་ཆད་ཚོར་ལྷག་ལོག་པའི་ནད་ཡོད་པ། པགས་པར་རྨ་ཡོད་པ་དང་རུལ་བ་བཅས་ཀྱི་ནད་པར་སྤྱིར་ན་བོད་ལུགས་གསོ་རིག་གི་ལུམས་བཅོས་འཚམ་པོ་མེད་པས་ལུམས་བཅོས་མ་བྱས་གོང་ཆེད་ལས་སྨན་པའི་གྲོས་འགོར་ཉན་དགོས། དུས་མཚུངས་སུ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་རིང་གལ་ཏེ་སྙིང་གཡུག་ཆེ་བ་དང་། མགོ་ཡུར་འཁོར་བ། མིག་རབ་རིབ་བྱེད་པ། དབུགས་ཐུང་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་དགོས་པ་དཔེར་ན། སྦངས་མཚམས་འཇོག་པ་དང་ཉལ་ཁྲིའི་སྟེང་ཉལ་ནས་ངལ་གསོ་བ་སོགས་བྱེད་པ་དང་འབྲེལ། དུས་ཐོག་ཏུ་སྨན་པར་བཤད་དགོས་ཤིང་། སྨན་པས་གཞོགས་འདེགས་སྨན་བཅོས་བྱས་ཏེ་ནད་པའི་གཟུགས་གཞི་སླར་གསོ་ཡོང་ཐབས་བྱ་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།