ཀྲུང་གོ་བོད་ཀྱི་དྲ་བ།

རྩ་གསུམ་ལངས་གཟུགས་ཀྱི་མཐོང་ཚོར་ཅི་ལྟར་བྱུང་བ་རེད།

ཡོང་ཁུངས། : ཀྲུང་གོ་ཚན་སྤེལ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་ཤེས་གསལ་ལྟར། རྒྱུན་ལྡན་འཚོ་བའི་ཁྲོད་དུ། མི་རྣམས་ཀྱིས་མིག་ལ་བརྟེན་ནས་མཐའ་འཁོར་གྱི་ཁོར་ཡུག་རྟོག་ཞིབ་བྱེད་བཞིན་ཡོད། རྒྱུན་ལྡན་གྱི་མིའི་མིག་གཉིས་ཀྱི་བར་ཐག་ལ་ཕལ་ཆེར་ལི་སྨི6ཙམ་ཡོད་པས། མདུན་ཕྱོགས་ཀྱི་དངོས་གཟུགས་ལས་གཞན་མིག་གཉིས་ལ་སོ་སོར་ཟུར་ཚད་མི་འདྲ་བ་ཡོད།  མིག་གི་ཁྱད་ཆོས་འདིས་ང་ཚོའི་ཀླད་ཆེན་གྱི་ནང་དུ་རང་འགུལ་གྱིས་གོང་འོག་དང་། གཡས་གཡོན། སྔ་ཕྱི། ཉེ་རིང་བཅས་ལ་ངོས་འཛིན་བྱས་ཏེ་ང་ཚོའི་ཡིད་ངོས་ལ་ལངས་གཟུགས་མཐོང་ཚོར་བྱུང་བ་རེད། དེར་བསྟུན། རྒྱུན་ལྡན་གྱི3Dགློག་བརྙན་ནི་མིག་ཟུང་ལ་བརྟེན་ནས་ལངས་གཟུགས་མཐོང་ཚོར་བྱུང་བའི་རྩ་བའི་རིགས་པ་ཞིག་ཡིན། བརྙན་ལེན་སྐབས་པར་རྒྱག་འཕྲུལ་ཆས་གཉིས་མཉམ་གཤིབ་བྱས་པ་དང་། སོ་སོས་མིག་གཡོན་པ་དང་གཡས་པ་མཚོན་བཞིན་ཡོད། དུས་མཚུངས་སུ་ཆུ་སྙོམས་ངོས་གཅིག་གི་ནང་མཐོང་ཚོར་ཅུང་མི་འདྲ་བའི་གློག་བརྙན་གྱི་བརྙན་རིས་གཉིས་བརྙན་ལེན་བྱས་པ་རེད།

མི་རྣམས་གློག་བརྙན་ཁང་དུ་སོང་ནས3Dགློག་བརྙན་ལ་བལྟ་སྐབས། གློག་བརྙན་ཁང་གི་ལས་བྱེད་མི་སྣས་མཐོང་ཚོར་མི་འདྲ་བའི་གློག་བརྙན་དེ་གཉིས་གཡས་གཡོན་གཉིས་ཀྱི་གློག་བརྙན་སྟོན་ཆས་སུ་འཇོག་སྲིད། འོད་ནི་རླབས་གྱི་རྣམ་པའི་ཐོག་ནས་བརྒྱུད་སྤེལ་བྱེད་པས། དེ་ལ་རླབས་འགུལ་གྱི་ཁ་ཕྱོགས་ངེས་ཅན་ཤིག་ཡོད་ངེས། བརྙན་རིས་སྟོན་ཆས་ཀྱི་པར་མིག་མདུན་དུ་ཡོ་འདར་འཁོར་མདའ་གཉིས་ཕན་ཚུན་ཏུའུ90ཡི་གྲུབ་པའི་ཡོ་འདར་ཤེལ་ངོས་སྒྲིག་སྦྱོར་བྱས་ཡོད་པ་དང་། འོད་དེ་ཡོ་འདར་ཤེལ་ངོས་བརྒྱུད་དམིགས་བསལ་གྱི་རླབས་འགུལ་གྱི་ཁ་ཕྱོགས་བརྒྱུད་དེ་འཕྲོ་བཞིན་ཡོད། ལས་དོན་མི་སྣས་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་གཉིས་དུས་གཅིག་ཏུ་བསྟན་པ་དང་ཆབས་ཅིག་བརྙན་རིས་དེ་ལྕགས་རིགས་ཀྱི་ཡོལ་དཀར་སྟེང་དུ་འཆར་བས་ལངས་གཟུགས་ཀྱི་བརྙན་རིས་གྲུབ་པ་རེད།

སྐབས་འདིར། གལ་ཏེ་མིག་གིས་ཐད་ཀར་བལྟས་ན། བརྙན་ཡོལ་སྟེང་གི་སྣང་བརྙན་རབ་རིབ་ཡིན་པ་རེད། ལངས་གཟུགས་ཀྱི་བརྙན་རིས་མཐོང་དགོས་ན། ད་དུང་ཆེད་བཟོས་མིག་ཤེལ་གོན་དགོས། གཡས་གཡོན་ཀྱི་ཡོ་འདར་ཤེལ་ངོས་ཀྱི་ཡོ་འདར་འཁོར་མདའ་གཉིས་ཕན་ཚུན་དྲང་འཕྱང་ཡིན་པ་མ་ཟད། བརྙན་རིས་སྟོན་ཆས་ཀྱི་པར་མིག་མདུན་གྱི་ཡོ་འདར་འཁོར་མདའ་དང་གཅིག་མཚུངས་ཡིན་པས། ལྟད་མོ་བའི་མིག་གཡོན་པས་མཐོང་བ་ནི་གློག་བརྙན་སྟོན་ཆས་གཡོན་པའི་བརྙན་རིས་གཅིག་པུ་དང་། ལྟད་མོ་བའི་མིག་གཡས་པས་མཐོང་བ་ནི་གློག་བརྙན་སྟོན་ཆས་གཡས་པའི་བརྙན་རིས་གཅིག་པུ་ཡིན། མིག་ཟུང་གི་གཅིག་བསྡུས་བྱེད་ནུས་བརྒྱུད་ནས་གཡོན་བརྙན་དང་གཡས་བརྙན་གཅིག་བསྡུས་ཀྱིས་རྩ་གསུམ་ལངས་གཟུགས་ཀྱི་མཐོང་ཚོར་བྱུང་བ་རེད། མུ་འབྲེལ་གྱི་ལངས་གཟུགས་བརྙན་རིས་ཀྱིས་ལྟད་མོ་བ་རྣམས་ལ་ཡུལ་ལྗོངས་ཀྱི་རྣམ་པ་མིག་མདུན་དུ་མངོན་དུ་བཅུག་ནས། “ཡུལ་དངོས་སུ་སླེབས་པའི”སྣང་བ་དྲག་པོ་སྐྱེས་སུ་བཅུག་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།