ཧོར་གླིང་གཡུལ་འགྱེད་ལས་མི་གཤིས་དང་མཐུན་པའི་གླུ་ཚིག་དང་ངག་རྟ་འགའ་ལ་དཔྱད་པ།

གཅིག སྤྱི་བཤད་དང་འབྲུག་མོ།

རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་ཡིན་ཚེ།ཐུན་མོང་མ་ཡིན་པའི་རྩོམ་གཤིས་ནི་མེད་དུ་མི་རུང་བའི་རྩ་བའི་ཁྱད་ཆོས་ཤིག་རེད།ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་རྟགས་ལ་ལྟོས་བཅས་ཀྱིས་ཤན་ཕྱེད་ན།འཇིག་རྟེན་གྱི་བྱ་དངོས་སྲིད་དོ་ཅོག་ལ་ཐུན་མིན་གྱི་ངོ་བོ་རེ་རེ་གྲུབ་པས་དེ་མཐུན་གྱི་ཁྱད་གཤིས་རེ་རེ་སྣང་བ་ཆོས་ཉིད་རེད།ཆོས་ཉིད་དེ་དང་བསྟུན་ཚེ་བརྗོད་བྱ་སྣ་གཅིག་ལ་རྩོམ་པ་པོ་བརྒྱ་ཕྲག་ལྷག་གིས་རང་རང་ས་ནས་ལྗགས་རྩོམ་རེ་མཛད་ན།སོ་སོར་ཐུན་མིན་གྱི་རྩོམ་གཤིས་རེ་འགྲུབ་སྲིད་པ་གླུ་གཅིག་ངག་རྟ་བརྒྱ་ལ་དྲངས་པའམ་ངག་སྒོ་བརྒྱ་ཕྲག་བརྒྱུད་པ་དང་གཉིས་སུ་མ་མཆིས།གོ་ལྡོག་ནས་བརྗོད་ན།བརྗོད་བྱ་སྣ་བརྒྱ་རྩོམ་མཁན་གཅིག་གི་སྨྱུག་འོག་ཏུ་བཅུག་ནས་བྲིས་ཚེ།རྩོམ་པ་པོ་གཞན་དག་གི་བརྩམས་ཆོས་ཀྱི་ཁྱད་གཤིས་ལས་ལོགས་སུ་ཐུན་མོང་བའི་རྩོམ་གཤིས་ཤིག་ཆགས་སྲིད་པ་གླུ་བརྒྱ་ངག་གཅིག་དང་གདངས་གཅིག་ཏུ་གྱུར་པ་དང་ཀུན་ནས་མཚུངས་མོད།འདིར་ཡང་ལྟོས་བཅོས་ཀྱིས་དུས་རབས་དང་ལོ་ཚོད་དང་ཤེས་བྱའི་འཕེལ་རིམ་སོགས་ཀྱི་འགྲོས་དང་བསྟུན་པའམ།ཡང་ན་རྩོམ་ལུས་མི་འདྲ་བ་སོ་སོའི་སྟེང་ནས་རྩོམ་གཤིས་བྱེ་བྲག་པ་རེ་ཆགས་སྲིད།གང་ལྟར་མི་སུམ་ཅུར་བསམ་པ་སུམ་ཅུ་ཞེས་པ་ནང་བཞིན་མ་གཅིག་གི་བྱང་ཁོག་དུས་གཅིག་ཏུ་བརྒྱུད་པ་ལྟ་བུའི་མཚེ་མ་སོ་སོའི་བསམ་པའི་འཁྱེར་སོ་ཡང་གཅིག་མཐུན་ཞིག་འབྱུང་མི་སྲིད་པས།རྩོམ་མཁན་རེ་རེའི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དང་སྒྲ་དེ་ཉིད་ཡིག་སྟེང་དུ་བཀོད་པའི་རྩོམ་རིག་བརྩམས་ཆོས་དག་ལའང་ཐུན་མིན་གྱི་ཁྱད་གཤིས་རེ་ཆགས་སྲིད་པ་སྨོས་ཅི་དགོས། རྩོམ་གཤིས་ནི་ཚིག་ལྷུག་པ་དང་བཅད་པའི་སྟེང་གི་བརྡ་སྤྲོད་ཐབས་ཤིག་སྟེ།ལྷུག་རྗོད་པའམ་རྩོམ་པ་པོས་བརྩམས་ཆོས་ཁྲོད་ཇི་ལྟར་གཏམ་བཤད་གནང་བའི་བྱེད་ཕྱོགས་དེར་གོ  (1)དགོས་གཤིས། མི་སོ་སོའི་གཏམ་བརྗོད་གནང་ཕྱོགས་ལ་རང་རང་གི་ལྷན་སྐྱེས་ཀྱི་རིགས་ལམ་གྱིས་ཚོད་འཛིན་ཐེབས་པ་དང་ཆབས་ཅིག་རྗོད་བྱེད་ཚིག་ལ་རང་གཤིས་དང་འབྲེལ་བའི་ཁྱད་ཆོས་ཤིག་ལོས་སྲིད།དེ་བཞིན་དུ་དམངས་ཁྲོད་ནས་འཚར་ལོངས་བྱུང་བའི་སྒྲུང་རྩོམ་གཙོས་པའི་འཆད་ལེན(说唱)རྩོམ་རིག་བརྩམས་ཆོས་རྣམས་ཀྱི་ཁྲོད་ནས་བྱུང་བའི་མི་སྣ་སོ་སོར་རང་རང་གི་གཤིས་ཀ་དང་མཐུན་པའི་ངག་སྒོ་རེ་ཡོད་སྟབས།《ཧོར་གླིང་གཡུལ་འགྱེར》ནང་གི་མི་སྣ་རེ་རེར་ཐུན་མིན་སྒེར་གཤིས་རེ་ཆགས་ཡོད་པ་དང་།དེ་དག་གི་ངག་སྒོར་ཕྱུང་བའི་རྗོད་བྱེད་དམ་གླུ་ཚིག་དང་དེའི་ངག་རྟ་སོགས་ཀྱང་མི་མཚུངས་ཏེ།སེང་ལྕམ་འབྲུག་མོས་ཧོར་གྱི་ཁྭ་ཏ་ནག་ཆུང་གི་གླུར་ཉན་རྗེས།ངག་རྟ་སེར་མོའི་དགུ་སིང་དྲུག་འགྱུར་ལ་དྲངས་ནས་རང་གི་རོགས་རེས་བུ་མོ་གཉིས་ལ་གླུ་ལེན་དུས།རང་གི་སྐྱེས་ཁུངས་སམ་མཆེད་ལམ་སོགས་སྔོན་དུ་བཏང་ནས་སྤོབས་པའི་གཟེངས་མཐོ་ཞིང་ཡིད་ཆེས་ཀྱིས་ཆེས་བརྟས་ཏེ།ང་སྐྱེ་བ་འདི་ཡི་གོང་རོལ་ན།བག་ཆགས་དྲི་མས་མ་གོས་དུས།ཤ་ཁྲག་སྦུབས་སུ་མ་འཁྲུངས་དུས།གཡུ་ལོ་བཀོད་པའི་ཞིང་ཁམས་ན།གསེར་ལོ་འབར་བའི་གཞལ་ཡས་ན།དུང་ལོ་འབར་བའི་ཁྲི་སྟེང་ན།སྒྲོལ་མ་དཀར་མོའི་སྐྱེ་བ་ཡིན།སྦྲ་ཆོན་ཆེན་མགོ་ལ་ཐང་དཀར་བབས།ཤ་ལོ་དཀར་བ་དེ་ནས་བྱུང་།ཆོན་ཆུང་མགོ་ལ་ཐང་སྨུག་བབས།ཤ་རྩ་སྨུག་དོན་དེ་ནས་བྱུང་།གོང་ཤིང་མགོ་ལ་ནེ་ཙོ་བབས།སྨྲ་བརྗོད་མཁས་དོན་དེ་ནས་བྱུང་།འཆར་ཀ་སྟེང་ནས་ཅོ་ག་འགྱུར།དྲུག་འགྱུར་ཐོགས་དོན་དེ་ནས་བྱུང་།ཕུར་ཆེན་སྟེང་ལ་རྨ་བྱ་བབས།གཟི་མདངས་ཆེ་དོན་དེ་ནས་བྱུང་།ཕུར་ཆུང་མགོ་ལ་རྒྱ་བྱ་བབས།སྐེ་མགུལ་རིང་དོན་དེ་ནས་བྱུང་།ཐབ་ཁུང་ནང་ནས་མེ་སྟག་འཚུབ།མི་ཁ་སྡང་དོན་དེ་ནས་བྱུང་།(2)ཞེས་པའི་གླུ་ཚིག་གི་ནང་དོན་ལ་དཔའ་གདེངས་ཤིག་ཐོན་པ་དང་ཆབས་ཅིག་ངག་རྟར་ཡང་དལ་ལྷོད་བག་ཕེབས་ཀྱི་ཁྱད་ཆོས་ཤིག་ཐོན་པའོ།།    དེ་བཞིན་དུ་ཐན་བྱ་བསེ་བོ་གླིང་ལ་ཉུལ་མར་བཏང་ནས་གཡུ་སྦྲ་ཐང་ཤོག་གོང་དགུའི་སྟེང་དུ་བབས་ཏེ་ཉིན་གྱི་རྟགས་ལམ་ཡང་བ་ཞིག་བསྟན་པར།གླིང་འབྲུག་མོས་ངག་རྟ་སེར་མོ་ན་རམ་ཁུགས་འགྱུར་ལ་དྲངས་ནས་ནེའུ་ཆུང་ལུ་གུའི་ཚར་ཡག་མ་ལ་ཁྱོད་མ་སྡོད་ལ་མོ་འགྲོ་ཤོམ་གྱིས།རྟ་ཆུང་གྲོ་ཆུང་འཛུམ་མེ་ལ།སྒ་རྒྱག་སྟན་བཞག་ལ་མོ་གྱིས།གློ་ལེན་གོང་རྨེན་དུས་གཅིག་གྱིས།རྔ་མདུད་སྲབ་སྐོན་ལ་མོ་གྱིས།མགྱོགས་པ་རླུང་འདྲ་གྱིས་ལ་སོང་།།(3)ཞེས་བླངས་པའི་གླུ་ཚིག་རང་སྟེང་ན།སྐབས་ཐོག་དེའི་འབྲུག་མོའི་སེམས་པ་བློང་བློང་བོར་གྱུར་པའི་ངང་ཚུལ་དང་གནས་ཚུལ་ཛ་དྲག་གི་རྣམ་པ་སོགས་ངང་གིས་ཕྱུང་ཡོད་དེ།སྤྱིར་བཏང་དུས་རིམ་ཅན་དུ་མ་གྱུར་པའི་བྱ་ལས་ཤིག་དབེན་པས།སྒ་རྒྱག་སྟན་བཞག་ལ་མོ་བགྱིས་པ་ལས་ཀྱང་གློ་ལེན་གོང་རྨེད་དུས་གཅིག་བགྱི་དགོས་པའི་བཀས་སྐུལ་གྱིས་འཇིག་རྟེན་དང་འགལ་བའི་བྱ་བྱེད་ཅིག་སྤེལ་འདོད་པ་ནི་བྲེལ་ཟིང་གི་བསམ་པར་སྟོབས་ཤིན་ཏུ་ཆེ་བས་ཡིན་པ་སྨོས་ཅི་དགོས།འོ་ན།འདི་འདྲའི་འཚུབ་ཆ་ཆེ་བའི་སྐབས་སུའང་བརྗོད་དོན་རྣམས་ངག་ལྟར་དྲངས་པའི་རྒྱུ་མཚན་ག་རེ་ཡིན་ཞེ་ན།འཇིག་རྟེན་ན་གྲགས་པའི་ཚིག་དོན་སྲིད་ཚད་དབྱངས་སུ་མ་དྲངས་པ་གཅིག་ཀྱང་མི་སྲིད་དེ།དབྱངས་ཀྱི་ང་རོ་ལྔ་བོའི་གང་རུང་དང་བྲལ་བའི་གསལ་བྱེད་ཚིག་ཏུ་མི་འགྲུབ་པ་བཞིན་དུ་མཁས་དབང་ས་པཎ་ལགས་ནས་ཀྱང་དབྱངས་ཀྱིས་དྲངས་ལ་ཚིག་གིས་དགུག། དབྱངས་ཀྱིས་བསྒྱུར་ལ་ཚིག་གིས་ལྟེངས།(4)ཞེས་གསུངས་པ་སོགས་ལ་ཞིབ་པའི་བློ་ཡིས་དཔྱད་ན།དབྱངས་དང་ཚིག་གཉིས་ནམ་ཡང་ཕན་ཚུན་མཐུན་གྲོགས་སུ་གྱུར་ཕྱིར།《ཧོར་གླིང་གཡུལ་འགྱེར》ཁྲོད་ཀྱི་མི་སྣའི་ལབ་གླེང་མཐའ་དག་ངག་རྟ་དང་མི་འབྲལ་བ་ནི་ཕྱོགས་གཅིག་ནས་རང་བྱུང་གི་དབྱངས་འགྲོས་དང་བསྟུན་པའི་དྲང་སྙོམས་ཀྱི་ཁྱད་ཆོས་བཟུང་བ་རེད་ལ།ཕྱོགས་གཞན་ཞིག་ནས་ཚིག་རང་སྟེང་གི་སྡེབ་སྦྱོར་ལ་གནས་མཚུངས་དང་རྟགས་མཚུངས་ཀྱི་བརྗོད་བདེ་འདྲེན་སྲོལ་ཡོད་པའི་ཆོས་ཉིད་མ་དོར་བ་རེད།དེ་བས་སྐབས་འདིའི་ངག་རྟ་སེར་མོ་ན་རམ་ཁུགས་འགྱུར་གྱིས་འཚུབ་སྣང་གི་སེམས་དོན་མཚོན་པའི་གླུ་ཚིག་ལ་ནུས་པ་བླ་ལྷག་ཅིག་སྦྱིན་སྲིད་ཚེ།གླུ་ཚིག་དང་ངག་རྟའི་བར་དུ་མེ་ལ་རླུང་གྲོགས་མཛད་པ་ལྟ་བུའི་འབྲེལ་བ་ཞིག་ཆགས་པ་མ་ཡིན་ནམ།སྒོས་སུ་སྒྲུང་རབས་ཆེན་མོ་འདིར་རྩོམ་རིག་གི་རོལ་དབྱངས་རང་བཞིན་ཡང་ཞར་ལ་ཐོན་འདུག

གཉིས། སྤྱི་དཔོན་དང་ཁྲོ་ཐུང་།

དེ་ཡང་གླིང་གི་དཔའ་རྟུལ་རེ་རེ་དང་ཧོར་གྱི་ཤན་པ་སོ་སོར་ཡང་སྐབས་ཐོག་དུས་ཐོག་གི་ངག་ཡུལ(语境)དང་བསྟུན་ནས་གླུ་ཚིག་དང་ངག་རྟ་རེ་ཆགས་ཡོད།དཔེར་ན།གདོང་ཁུ་བོ་སྤྱི་དཔོན་ཁྲ་རྒན་གྱིས་ཁྲོ་ཐུང་གིས་མི་ཤེས་ཤེས་མདོག་བྱེད་པ་དེར་གླུ་ངག་དལ་བ་རིང་མོའི་རྟ་ལ་དྲངས་ནས།ཕ་རི་རྨ་ལ་ཚུར་རི་རྫ།རྨ་རྫ་གཉིས་ཀྱི་བར་སྒང་ན།ཁྲ་སྟོན་ནམ་མཁའ་ལངས་པ་ན།ཁྲ་མདའ་མུན་ཆུ་རུབ་པ་ན།ཁྲ་ཨ་ཕས་ཀུ་ཀུ་ཟེར་ས་ན།ཁྲ་ཨ་མས་སོ་སོ་ཟེར་ས་ན།ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་ན།ཁྲ་སྟོད་གནམ་རྫོང་ཕྱུག་མོ་ན།སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིན།མི་རབས་གསུམ་གྱི་མི་རྒན་ཡིན།ལྷ་རབས་གསུམ་གྱི་ལྷ་རྒན་ཡིན།སྲིད་པ་ཆགས་པའི་གང་རྒན་ཡིན།ཉོན་མོངས་མཐོང་བའི་སྡུག་རྒན་ཡིན།གླུ་འདི་གླུ་ངོ་མ་ཤེས་ན།སྤྱི་དཔོན་དལ་བ་རིང་མོ་ཡིན།དལ་བ་རིང་མོ་མི་ལེན་རི།ཕྱི་སྒྱུ་མའི་སྐུ་ལུས་དལ་དང་གཅིག ནང་སེམས་ཉིད་གཞི་རྩ་དལ་དང་གཉིས།གཏམ་སྨྲ་བརྗོད་ཚིག་སྣ་དལ་དང་གསུམ།གླུ་དལ་བ་རིང་མོ་དེ་ནས་བྱུང་།གསེར་པའི་དཔོན་པོ་ཁྲོ་ཐུང་ལགས།ཁྲོ་བ་ལྷ་སྡེའི་ནང་དུ་ཁྲོ།ཐུང་བ་ཕུ་ནུའི་སྟེང་དུ་ཐུང་།ཆང་སྐྱེམས་འབར་འཐུང་ན་དཔའ་བོ་སྟག །སྡང་དགྲ་བོ་མཐོང་ན་སྡར་མ་ཝ།མར་ཁུག་ཕད་པུ་སྣུམ་ཐུང་ལ།རྩམ་ཁུག་ཕད་པུ་སྐྱ་ཐུང་ཡིན།།ཞོ་རུ་ཕད་པུ་ཟེའུ་ཐུང་ལ།སྤང་དཀར་རྦབ་ལ་བསྒྲིལ་ཐུང་ལགས།(5)ཞེས་པ་ལྟ་བུའི་རྗོད་བྱེད་རང་སྟེང་ན་ལྷོད་ཤ་ཆགས་པའི་ཉམས་ཐོན་ཡོད་པར་མ་ཟད།ཞིབ་འབྲིའི་ཐད་ནས་ཀྱང་གུ་ཡངས་ཀྱི་མཐོང་རྒྱ་དང་ཞིབ་ཚགས་ཀྱི་འཚོལ་ཞིབ་ལྡན་པའི་ཁྱད་ཆོས་ཤིག་ངང་གིས་བྱུང་ཡོད།ལྷག་ཏུ་རང་ཉིད་ཀྱིས་ལེན་བཞིན་པའི་གླུ་རྟའི་ཁྱད་ཆོས་དེ་སྤྱི་དཔོན་རང་གི་གཤིས་ཀ་དང་ཀུན་ནས་མཐུན་པའི་ཆ་ནས་ངག་རྟའི་མིང་ཡང་དེ་ལྟར་ཐོགས་ཕྱིར།དལ་བ་རིང་མོ་ཞེས་པའི་གླུ་རྟ་འདི་གླིང་གི་དཔའ་རྟུལ་དང་ཧོར་གྱི་པྰ་དུར་རྣམས་ལས་གདོང་ཁུ་བོ་རོང་ཚ་ཁྲ་རྒན་ཁོ་ནའི་ངག་ཏུ་འཕྲོད་པ་ལས་གཞན་སུ་ལའང་མི་མཛའ་འོ་སྙམ།ད་དུང་སྤྱི་དཔོན་གྱི་གླུ་ཚིག་ལས་ཨ་ཁུ་ཁྲོ་ཐུང་གི་མི་གཤིས་དང་སྣང་བརྙན་ག་འདྲ་ཞིག་ཡིན་པའང་བྲེལ་དལ་རན་པའི་སྒོ་ནས་ཧ་ཅང་མངོན་གསལ་དུ་བཏང་བ་ཇི་བཞིན།སྟག་རོང་དཔོན་པོ་ཁྲ་ཐུང་གིས་འབྲུག་མོས་རྨི་ལྟས་དང་ཉིན་རྟགས་ལ་མགོ་གཡོགས་ཀྱི་གླུ་སྟག་མོའི་ངར་གླུར་དྲངས་པ་ང་དང་ང་ངོ་མ་ཤེས་ན།སྲིབ་པ་ཁོག་མོའི་རོག་རྫོང་ན།མ་གཞིའི་དཔོན་པོ་ཁྲོ་རྒྱལ་ཡིན།ཆུ་དཀར་བསྐོལ་ཕུད་འཐུང་མི་ཡིན།ལུག་མགོའི་ཡ་ཐོད་ཟ་མི་ཡིན།གོ་ཁའི་གཡས་གྲལ་གནོན་མཁན་ཡིན།རྨ་ཁ་མཐེབ་གནོན་བྱེད་མི་ཡིན།སྐྲངས་མགོ་སེན་མོས་རྟོལ་མི་ཡིན།ང་ལ་དོ་བའི་དཔོན་པོ་མེད།(6)ཅེས་པ་ལྟ་བུའི་རྗོད་བྱེད་བར་གྱི་གསེང་རེ་རེ་ན་རང་ཆེ་རང་མཐོའི་ཁེངས་སེམས་ཤིག་ཧུར་གྱིས་བརྡོལ་ཡོད་ལ།ཁོའི་གཏམ་གཏམ་སའང་ཏག་ཏག་ལ་གླིང་གི་འཁོར་ཚོགས་ནང་ཡིན་པ་ལས་དགྲ་ཕྱོགས་མ་ཡིན་པས།ཁྲོ་བ་ལྷ་སྡེའི་ནང་དུ་ཁྲོ།ཐུང་བ་ཕུ་ནུའི་སྟེང་དུ་ཐུང་།ཞེས་སྤྱི་དཔོན་གྱིས་སྤྱི་སྡོམ་མཛད་པ་དང་ཤིན་ཏུ་ཁ་འཕྲོད།མི་མཁས་མཁས་མདོག་དང་མི་དཔའ་དཔའ་མདོག་གི་གཏམ་གྱིས་ཡོངས་སུ་བཅིངས་པའི་གླུ་ཚིག་དེ་ལྟ་བུར་ངག་རྟ་སྟག་མོའི་ངར་གླུས་རམ་འདེགས་མཛད་ཕྱིན།ཨ་ཁུ་ཁྲོ་ཐུང་གིས་སྐྲག་མི་དགོས་སའི་ནང་མིའི་སྟེང་དུ་རྫིག་རྫིག་རྔམ་རྔམ་གྱི་ཉམས་ཇི་འདྲ་ཞིག་འདོན་གྱིན་ཡོད་པ་རང་ཅག་གི་མིག་མདུན་དུ་གསལ་ལེར་འཆར་ཡོང་ངེས།ད་དུང་ཁྲོ་ཐུང་གིས་དཔའ་ཚོད་མ་ཟིན་པའམ།རང་ཚོད་མ་ཟིན་པར་ཧོར་སྒར་གྱི་འགྲམ་དུ་ཡང་བསྐྱར་བཅར་ཏེ་གེ་སར་ཡིན་ཁུལ་གྱིས་མེ་ཁྱེར་ཉི་མའི་འོད་ལ་རྫུ་བའི་གླུ་དགྲ་ཕར་རྒྱག་དཔའ་གླུ་ཐུང་ཐུང་ལེན་སྐབས་དང་།ཁྲོ་ཐུང་འཕྱི་ཁུང་ནས་ཐོན་ཏེ།ལུས་ལྕང་ལོ་བསིགས་པ་ལྟར་འདར་བའི་སྐད་ངན་གྱིས་རྗེ་དཔོན་ལ་བཅར་ན་འཕྲལ་ཕུགས་སྐྱིད།ཁྱི་ནག་པོར་བཅར་ན་ཉྭ་ཡུ་འཆོར།ཟེར་བ་སྒང་པའི་གཏམ་ལ་གདའ་ང་དེ་རིང་ཉི་མ་ཕན་ཆད་ནས།མགོ་སྤྱི་འབུལ་གུར་དཀར་དཔོན་ལ་འབུལ།ལུས་སྒེར་འབུལ་ཤན་པ་ཁྱོད་ལ་འབུལ།(7)ཞེས་པ་སོགས་ཀྱི་སྟེང་ནས་ཁྲོ་ཐུང་ལ་ཚུགས་ཐུབ་ཀྱི་སྒེར་གཤིས་དང་དཔའ་ཉམས་ཀྱིས་སྟོང་བ་རྦད་དེ་མཚོན་པས།སྤྱི་དཔོན་ཁྲ་རྒན་ལགས་ཀྱིས་ཁྲོ་ཐུང་ལ་སྡང་དགྲ་བོ་མཐོང་ན་སྡར་མ་ཝ།མར་ཁུག་ཕད་པུ་སྣུམ་ཐུང་ལ།རྩམ་ཁུག་ཕད་པུ་སྐྱ་ཐུང་ཡིན།ཞེས་པའི་སྡོམ་ཚིག་བཀོད་པ་ཤིན་ཏུ་དོན་ལ་གནས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།