ཀྲུང་གོ་བོད་ཀྱི་དྲ་བ།

གླིང་སྒྲུང་ལས་འཕྲོས་པའི་མནའ་འབྲེལ་ལམ་ལུགས་སྐོར་མདོ་ཙམ་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་བཅས་སུ་གཉའ་ཁྲི་བཙན་པོ་མ་བྱོན་པའི་སྔོན་དུ་བོད་ཀྱི་ཡུལ་གྲུ་ཆེན་པོ་འདི་ཁ་འཐོར་གྱི་ཚུལ་དུ་ཕྱོགས་མང་པོར་གྱེས་ཤིང་དེ་དག་གི་བར་དུ་ཤ་རྩོད་སྟོང་ལེན་གྱི་ཡ་ང་བའི་དམག་འཁྲུག་རྒྱུན་མི་ཆད་པར་བྱུང་ཞིང་། གནས་འཇམ་ཞི་བདེ་ཡི་འཚོ་བ་རོལ་ཐབས་དབེན། རྒྱལ་པོ་བཀའི་ཐང་ཡིག་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ༔ སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༔ དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ༔ ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུ་བཏགས༔ སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང༔ དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ༔ མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས༔ སྔ་རྟགས་ཤ་ཟ་གདོང་དམར་བ་བྱུང༔ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ༔ ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས༔ སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༔ དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ༔ ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས༔ཞེས་སོགས་མནའ་འབྲེལ་ཚོ་བ་མངའ་མཛད་དྲུག་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ལ་སོགས་པས་རིམ་བཞིན་སྤུར་རྒྱལ་མ་བྱོན་གོང་བོད་ཁམས་ལ་དབང་བསྒྱུར་བར་བཤད་ཅིང་། བོད་གདོད་མའི་སྤྱི་ཚོགས་སུ་བྱོན་མ་མྱོང་བའི་མནའ་འབྲེལ་ཚོ་བ་ཁག་གི་མིང་ལ་གནོད་སྦྱིན་དང་བདུད་སྲིན་ཀླུ་བཙན་སོགས་ཀྱི་མིང་གིས་འབོད་པ་ནི། གཅིག་ལས་གཅིག་ལྷག་པའི་དན་རྟགས་སུ་མཐོང་ངོ་།། གདོད་མའི་དུས་འདིར་ཁོ་ཚོའི་བར་ཁྱོད་ཤི་ང་གསོན་གྱི་འཕྲོག་རྩོད་དམག་འཁྲུག་རྒྱུན་མི་ཆད་པར་བྱས་རྐྱེན། རིམ་གྱིས་རྒྱལ་ཕྲན་སིལ་མ་མང་པོའི་ཚུལ་དུ་ཆགས་ནས་དུས་ཡུན་ངེས་ཅན་ཞིག་འགོར་འགྱངས་སུ་བཟོས་པ་རེད། མཐའ་མར་སྤུར་རྒྱལ་བོད་ཀྱི་བཙན་པོ་དག་རིམ་གྱིས་བྱོན་ཏེ། ལོ་རྒྱུས་སྟེང་རྗེ་འབངས་ཀྱི་དབྱེ་བ་བྱུང་སྟེ། རྒྱལ་ཁབ་ཀྱི་རྣམ་པ་ཐོག་མ་བྱུང་བ་དང་། མནའ་འབྲེལ་གྱི་ཚོ་བ་མང་པོ་གོང་བུ་གཅིག་གྱུར་བྱས་ཏེ་རྗེས་སུ་བོད་ཆེན་པོ་གཅིག་གྱུར་བྱུང་བ་ཡིན་ནོ། ། 

ང་ཚོ་བོད་མི་རིགས་ནི་གནའ་ནས་ད་ལྟའི་བར་ཞི་བདེ་ལ་དགའ་ཞིང་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་རླབས་ཆེན་ཞིག་ཡིན་ལ། གནའ་བོའི་ལོ་རྒྱུས་དང་ལྷག་པར་དུ་དུས་རབས་བདུན་པ་ནས་བཟུང་རྒྱ་བལ་བོད་མི་རིགས་བར་དུ་མནའ་འབྲེལ་གྱི་ལམ་ལུགས་བཙུགས་པའི་སྐོར་རྡོ་རིང་དང་ཡིག་ཚང་བཅས་སུ་མཇལ་རྒྱུ་ཡོད་པ་རེད། དེར་བརྟེན་བོད་མི་རིགས་ཀྱིས་མནའ་ལ་གཙིགས་མཐོང་ཆེན་པོ་བྱེད་ཅིང་། དུས་རྒྱུན་མིས་མི་ཟ་བ་མནའ་དང་ཁྱིས་མི་ཟ་བ་ལྕགས་ཡིན་ཞེས་པ་དང་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཟེར་བ་དེ་ཡང་མདོར་བསྡུས་ན་ཚིག་ཐོག་ཅེས་པ་དེ་རྡོ་རྗེ་མནའ་ཡིས་མནན་ཡོད་པ་ཤུགས་ལས་ཚོར་ཐུབ། མནའ་ནི་བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་དང་ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ལས་བོད་ཀྱི་ཀུན་སྤྱོད་རང་བཞིན་དང་རིག་གནས་ཤིག་གི་སྣང་ཚུལ་རྟོགས་ནུས་པ་ཡིན། མནའ་ཞེས་པ་འདི་དུས་རབས་ག་ཚོད་ཅིག་ལ་བྱུང་མིན་ཁ་ཚོན་གཅོད་དཀའ་ཡང་ཏུང་ཧུང་གཏེར་ཡིག་དང་བོད་ཀྱི་ལོ་རྒྱུས་ཡིག་ཚང་བཅས་སུ་གསལ་བོར་ཤེས་ཐུབ། བཙན་པོའི་སྤུར་ལ་ཎྀ་འཚོག མྱི་ལ་ནི་འཕྲོག་ཕོམ་ཟས་ཎྀ་འཐུང་། དེ་ལྟར་བྱའམ་མྱྀ་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད། དམ་བགྱིས་ཚིག་བགྱིས་ནས། ཚོ་མྱི་འྀ་བུ་མོ་ཁྲིད་དེ་སོང་ངོ་།། ཞེས་པར་བརྟག་ན་མནའ་བོར་བའི་སྲོལ་དེ་བོད་བཙན་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ་དར་ཡོད་པ་ར་སྤྲོད་བྱུང་། མནའ་ཞེས་པ་ནི<<བོད་རྒྱ་ཚིག་མཛོད་ཆེན་མོ>>ལས། རུ་རྟེན་གསུམ་དཔང་དུ་བཙུགས་ནས་དམ་བཅས་པ་ལ་འཇུག་ཅེས་པ་དང་<<བརྡ་དག་མིང་ཚིག་གསལ་བ>>ལས། དམ་བཅའ་བ་དང་དམོད་འཛུགས་པའི་དོན་ལ་འཇུག་ཅིང་། མནའ་འབྲེལ། མནའ་ཤགས། མནའ་བཅད་སོགས་ཀྱིས་ཕན་ཚུན་བར་གྱི་མཐུན་སྒྲིལ་གཏིང་ཟབ་ཐད་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད། དེ་བཞིན་འཛམ་གླིང་བུ་མོའི་རྣ་རྒྱན་དུ་གྱུར་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུའང་མནའ་དང་འབྲེལ་བའི་གནའ་བོའི་ལམ་ལུགས་ཀྱི་སྲོལ་མང་པོ་ཞིག་རང་ཤུགས་སུ་མཐོང་ཐུབ། གླིང་གེ་སར་རྒྱལ་པོ་ལྷ་ཀླུ་གཉན་གསུམ་གྱི་རོགས་འདེགས་ལ་བརྟེན་ནས་རྒྱལ་ཁའི་འཕྲིན་ལས་རྒྱས་པར་བཤད་མོད། འོན་ཏེ་གཙོ་བོ་མནའ་འབྲེལ་གྲོགས་པོ་དག་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་ཤ་སྟག་ཡིན། 

གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་གླིང་དཀར་སྟོད་ནི་མནའ་འབྲེལ་ཚོ་བ་མང་པོ་ཞིག་ལས་འདུས་པར་བཤད་པ་དང་། དུས་རྟག་ཏུ་ཕྱོགས་བཞིའི་དགྲ་བཞིས་འཚེས་པའི་མནར་གཅོད་ཀྱི་འོག་ཏུ་དུས་འདའ་བར་བྱེད་ཅིང་། ཇོ་རུ་གླིང་ལ་མ་འཁྲུངས་གོང་ཁྲ་མོ་གླིང་གི་ས་དེ་ནི་ཁ་འཐོར་གྱི་ཚུལ་དུ་གནས་པའི་ཚོ་བ་ཞིག་རེད། ནག་པོ་བདུད་དང་སེར་པོ་ཧོར། ཁ་ཤ་མོན་དང་སྨུག་པོ་འཇང་སོགས་ལ་མི་ཁྲལ་དང་ཟོག་ཁྲལ་འཇལ་བཞིན་ཡོད་པ་རེད། ཇོ་རུ་གླིང་ལ་འཁྲུངས་ཏེ་ཚོ་བའི་བར་གྱི་འགལ་བ་ཇེ་དྲག་ཏུ་ཕྱིན་ནས་ཁོང་མ་བུ་གཉིས་ཨ་ཁུ་ཁྲོ་ཐུང་གིས་རྨ་སྨད་གཡུ་ལུང་སུམ་མདོར་སྤྱུགས་ཤིང་རེ་ཞིག་དཀའ་སྡུག་གི་འཚོ་བ་མང་པོ་མྱངས། དེར་ཁོང་དགུང་ལོ་བཅུ་གསུམ་བཞེས་པའི་དུས་སུ་གླིང་གི་ཆེ་མགོ་དག་གྲོགས་སུ་བཀུག་སྟེ་རྟ་རྒྱུག་རྒྱལ་འཇོག་གི་གྲོས་གཞི་ཐོག་མར་བཏོན་ཞིང་། གླིང་གི་ནོར་བུ་ཆ་བདུན་དང་གླིང་གི་རྒྱལ་ས་དཔང་ལ་བཙུགས་ཏེ་འཛམ་གླིང་ན་གྲགས་ཆེ་བའི་རྟ་རྒྱུག་རྒྱལ་འཇོག་བྱས། ཇོ་རུ་ཁོང་ཉིད་རྒྱུ་སྐར་དབུས་ནས་ཟླ་བ་བཞིན་ལྷང་ལ་བུད་དེ་མི་འཇིག་གསེར་ཁྲིར་མངའ་གསོལ་ཅིང་མཚན་ལ་འཛམ་གླིང་གེ་སར་རྒྱལ་པོ་གསོལ། གེ་སར་རྒྱལ་པོས་ཐོག་མར་ཁྲ་མོ་གླིང་གི་མནའ་འབྲེལ་ཚོ་་བ་དག་གི་འབྲེལ་བ་ཇེ་ཟབ་དང་དགྲ་ཡོད་ན་མདུང་མོ་མཉམ་འཛིན་དང་། ནང་ཕུ་ནུའི་སྐྱིད་སྡུག་མཉམ་ཁུར་སོགས་ཀྱི་སྔ་ན་མེད་པའི་ལམ་ལུགས་གཏན་ལ་ཕབ། ལྷག་པར་དུ་ནག་པོ་བདུད་དང་སེར་པོ་ཧོར། སྨུག་པོ་འཇང་དང་ཁ་ཤ་མོན་སོགས་ཀྱི་འོས་མིན་དཔྱ་ཁྲལ་སྣ་ཚོགས་དེང་ཕྱིན་མི་འཇལ་བའི་ཐ་ཚིག་བསྒྲགས། དེའི་སྐབས་སུ་ཕྱོགས་ཡོངས་ཀྱི་མགྲོན་པོ་ཁྲི་སྟོང་མང་པོའི་ཁྲོད་དུ་ནག་པོ་བདུད་དང་སེར་པོ་ཧོར། སྨུག་པོ་འཇང་ཁ་ཤ་མོན་སོགས་ཀྱི་འཐུས་ཚབ་ཀྱང་ཡོད་པ་དང་། ཁོ་ཚོའི་སྙིང་ལ་ཚེར་མ་ཟུག་པ་ལྟར་འཁོན་ལན་གྱི་མེ་ལྕེ་དྲག་ཏུ་འབར་ཡང་རེ་ཞིག་བྱ་ཐབས་མ་བྱུང་། རྗེས་སུ་ཨ་ཁུ་ཁྲོ་ཐུང་ནང་རུལ་བྱས་ཏེ་མེ་བཟའ་བདུད་ཀྱིས་ཁྲིད་པ་དང་། འབྲུག་མོ་ཧོར་གྱིས་ཕྲོགས་པ། དུང་ཟླ་ཐང་ལ་ལྷུང་བ། སྣང་ཆུང་སད་ཀྱིས་བཅོམ་པ། གཟིག་འཕེན་ཆུ་ཡིས་ཁུར་བ་སོགས་ཀྱི་སྐྱོ་གར་མང་པོ་གླིང་ལ་བྱུང་སྟེ་ཁྲ་མོ་གླིང་གི་ཆབ་སྲིད་དེ་རེ་ཞིག་ཡམ་ཡོམ་དུ་གྱུར་ཀྱང་། གླིང་གེ་སར་རྒྱལ་པོས་དཔའ་ངར་ཞུམ་མེད་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ། དགྲ་མགོ་དང་པོ་ཡར་ཁམས་བྱང་ལ་གཏད། བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད། དགྲ་མགོ་གཉིས་པ་ཨ་ཆེན་ཧོར་ལ་གཏད། ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད། དགྲ་མགོ་གསུམ་པ་སྨུག་པོ་འཇང་ལ་གཏད། འཇང་ས་དམ་རྒྱལ་པོའི་སྲོག་རྩ་བཅད། དགྲ་མགོ་བཞི་བ་ཁ་ཤ་མོན་ལ་གཏད། མོན་ཤིང་ཁྲི་རྒྱལ་པོའི་དམུ་སྐས་བཅད་དེ་རྣམ་པར་རྒྱལ་བས། ཀུན་གྱིས་མགྲིན་གཅིག་ཏུ་དགྲ་མགོ་རྡུང་གི་ཐོ་བ། གཉོམ་ཆུང་སྐྱོང་གི་ཕ་མ་ཞེས་བསྟོད་པའི་མེ་ཏོག་གི་ཕྲེང་བ་འཛིན་མའི་ཁྱོན་ཡོངས་སུ་སྟོར་རོ། ། གཤམ་དུ་གླིང་གེ་སར་རྒྱལ་པོས་བློས་ཐུབ་ཀྱི་གྲོགས་པོ་གང་དག་གྲོགས་སུ་བསྟེན་ནས་གཉེན་སྐྱོང་དགྲ་འགོག་བགྱིས་པའི་སྐོར་མདོ་ཙམ་བརྗོད་པར་བྱའོ། །

དང་པོ། ནག་པོ་བདུད་ཀྱི་ཨ་སྟག་ལྷ་མོ། 

དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་དེས་ཐོག་མར་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་དེ་དམ་ལ་བཏགས་ཚུལ་ཡང་མནའ་འབྲེལ་འཇོག་པའི་ལམ་ལུགས་དང་ཁ་འབྲལ་ཐབས་མེད་པར་བརྟེན། ཁོང་གིས་ཐོག་མར་རང་བློ་འཁེལ་ཆོག་པའི་ཨ་སྟག་ལྷ་མོ་དང་ག་དར་ཕྱིང་སྔོན་གཉིས་ལ་གྲོགས་བསྒྲིགས་ནས་ཆ་མེད་རྒྱུས་མེད་ཀྱི་གསང་བ་ཡོད་ཚད་རྟོགས་པར་བྱས་ཤིང་མཐར་བདུད་རྒན་དམ་ལ་བཏགས་ཚུལ། དཔེར་ན།<<བདུད་འདུལ>>ལས། དེ་ནས་གེ་སར་རྒྱལ་པོས་བདུད་ཀྱི་བུ་མོ་དེའི་བྲང་ཨ་འདྲ་བ་ལ་བུས་མོ་འུ་འདྲ་བ་བཙུགས་ཏེ། རྒྱ་གྲི་ཤེལ་གྱི་ཡུ་དཀར་བཏོན་ནས་བདུད་མོའི་སྙིང་ཁར་བཙུགས་ནས་བསྡད་ཙ་ན། བདུད་མོ་ཨ་སྟག་ལྷ་མོ་སྐྲགས་ནས། བདུད་ལྷ་དཔང་དུ་བཞག་ནས་མནའ་བསྐྱལ། གེ་སར་གྱིས་ཀྱང་གླིང་ལྷ་དཔང་དུ་བཞག་ནས་མནའ་གསུངས། དེ་ནས་ཨ་སྟག་ལྷ་མོས་འདི་སྐད་ཞུས། སེང་ཆེན་ནོར་བུ་རིན་པོ་ཆེ་ཁྱེད་བདུད་ཡུལ་ལ་ཕེབས་ན། ཕེབས་པའི་ལམ་རིམ་ནི་འདི་ལྟར་ཡིན། རི་གླང་ཆེན་འཕྲེད་ལ་ཉལ་འདྲ་ཅིག་ཡོད། དེའི་གཡས་སུ་སྦྲུལ་ནག་ཐུར་ལ་རྒྱུག་འདྲའི་ཟམ་པ་ཅིག་ཡོད། དེའི་ཕར་སོང་ན་དཀར་པོ་འོ་མ་འདྲ་བའི་མཚོ་ཅིག་ཡོད། མཚོ་ཆུ་དེས་སྐུ་ཁྲུས་གསོལ་ལ་ཞལ་དུའང་བཞེས། ཅིབས་པ་ཡང་ཆུ་དེ་བླུད་ནས་ཕེབས་དགོས། དེར་སོང་བའི་རྒྱང་རིང་ཙམ་ན། རི་ཕག་ནག་གི་ཟེ་བ་འདྲ་བ་ཅིག་ཡོད། དེ་ན་མཚོ་ནག་པོ་དུག་ཁྲག་འདྲ་བ་ཡོད། དེའི་དཀྱིལ་ནས་བདུད་ཁྱི་ཀུ་ཀུ་ར་ཙ་ཟེར་བ་ཁྱི་ནག་པོ་དོམ་འདྲ་བ་ཅིག་འཐོན་ཡོང་། དེ་དུས་ངའི་སོར་གདུབ་འདི་སྟོན་ལ་ཨ་སྟག་ལྷ་མོའི་སོར་གདུབ་ཡིན་ཞེས་གསུངས་པ་ལྟ་བུ་དང་། ར་རྫིར་འཕྲད་སྐབས་ཡང་ར་རྫིས་འུར་ཐག་ཅིག་བརྒྱབ་པས་སྤང་ལ་དུད་པ་འཐུལ་པ་དང་བྲག་ལ་མེ་ལྕེ་འབར་བ་བྱས། དེ་ནས་ཨ་བོ་ར་རྫིས་འབེན་ལ་ལུག་དགུ། མ་མོ་དགུ། ཁྲབ་དགུ། སྒ་ཤིང་དགུ་བཅས། དགུ་ཚན་ལྔ་འབེན་ལ་བཙུགས་ནས་བཞག་པ་ལ། ཕྱག་མདའ་དེ་བསྲིངས་བྱུང་པ་དང་ལྷན་དུ་མེ་ལྕེ་སེར་རྒོད་གློག་དམར་གྱིས་གནམ་ས་ཁེངས་པ་བཞིན་འབེན་རྣམས་བྱ་སྒྲོ་མེས་བསྲེགས་པ་བཞིན་བྱེ་མར་བཏང་ནས། སླར་ཡང་མདའ་མོ་དོང་པའི་ནང་ལ་འཇའ་འོད་འཁྱིལ་ལེར་སྒྲ་སྐད་སེང་སེ་བྱོན་ནོ། ། ཡང་ར་རྫིས་འདི་སྐད་ཟེར། ངེད་རང་གཉིས་གྲོགས་པོ་བྱས་ན་ཆོག འོན་ཀྱང་ཤེད་འགྲན་འཇུ་རེས་ཨེ་རྒྱག་ཞུས། འཛམ་གླིང་གེ་སར་རྒྱལ་པོས་དེ་བྱས་ཆོག་གསུངས། གེ་སར་དང་ར་རྫི་གཉིས་ཤེད་འགྲན་འཇུ་རེས་རྒྱག་པའི་བར་དེར། ལྷ་སྲིན་རྣམས་ཀྱིས་མཐུས་བརྡབས་པས་ར་རྫི་ཁོ་ས་ལ་འགྱེལ་སོང་ངོ་། ། དེ་ནས་རྒྱལ་པོ་གེ་སར་གྱིས་རྫི་བོའི་བྲང་ཨ་འདྲ་བ་ལ་བུས་མོ་འུ་འདྲ་བ་བཙུགས་ནས། རྒྱ་གྲི་ཤེལ་གྱི་ཡུ་དཀར་བཏོན་ནས། དེར་ར་རྫི་ཁོ་སྐྲག་ནས་གེ་སར་ལ་ཞུ་བ་མང་དུ་ཞུས་མཐར་མནའ་འབྲེལ་བསྒྲིགས་ནས་གྲོགས་པོ་བྱས་སོ་ལྟ་བུ་དང་ཡང་<<ཧོར་གླིང་གཡུལ་འགྱེད>>ལས། གུར་ནག་པོ་མུན་པ་འཁྲིགས་འདྲ་ཞིག་གི་ནང་ནས། དཔའ་མོ་ཨ་སྟག་ལྷ་མོ་དེ། དཔའ་དྲུག་ཡིད་དུ་འོང་ཞིང་། ཆས་དྲུག་མིག་ལ་མཛེས་པ། མགོ་དར་འཕྲུ་གར་སྟབས་ལང་ལིང་། ཁྲབ་དཀར་མོ་བྱང་ཕུད་ཉུལ་ཉུལ། སྐེད་འཁོར་གསུམ་ཁྲོབ་སྒྲ་སིལ་སིལ། རྟ་རག་པ་སྟག་ལག་གི་གོང་དུ་ཞོན་ཞིང་། ཟངས་གཞུ་དམར་པོ་འགུག་རིང་དེའི་ནང་དུ། ཟངས་མདའ་དམར་པོ་དུག་ལྕེ་དེ་བཞག་ནས་མདའ་གཅིག་འཕངས་པ་དེ་ཧོར་པ་དུར་ནམ་ལངས་སྤུ་གྲི་ལ་ཐེབས་ནས་བསད་དོ། ། ལྟ་བུ་སོགས་ལས་མནའ་འབྲེལ་གྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མཚོན་ཐུབ། གལ་ཏེ་གེ་སར་རྒྱལ་པོས་ཨ་སྟག་ལྷ་མོ་དང་ར་རྫི་གཉིས་ལ་མནའ་མ་བསྒྲིགས་ཚེ། བདུད་རྒན་འདུལ་བ་ཕར་ཞོག་ལམ་བར་གྱི་གནོད་འཚེ་ཀུན་ལས་ཀྱང་གཞོལ་དཀའ་བར་འདུག ཨ་སྟག་ལྷ་མོས་གེ་སར་དང་མནའ་འབྲེལ་བསྒྲིགས་པ་ནས་བཟུང་འཆི་བ་སྲོག་ལ་མི་འཛེམ་པར་རྒྱལ་ཁག་དུ་མ་ཞིག་གི་གཡུལ་འགྱེད་ཁྲོད་བྱས་རྗེས་བླ་མེད་བཞག་སྟེ་ལོ་རྒྱུས་ཀྱི་རྡོ་རིང་བཞིན་བསྐལ་བརྒྱ་མ་སྟོང་བར་དུ་གནས་ཡོད་པ་རེད། ཨ་ལྷ་མོ་ཞེས་པའི་གེ་སར་རྒྱལ་པོའི་ཇ་མ་འདིས། ཇ་མ་གཞན་དག་ལས་གླིང་གེ་སར་གྱི་འཕྲིན་ལས་ལ་ལྡབ་འགྱུར་གྱི་ནུས་པ་ཐོན་ཡོད་ཅིང་། ཁོང་གིས་ཀྱང་ཨ་སྟག་ལྷ་མོ་ཉིད་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་སྐྱོང་ལེགས་པོ་བགྱིས་ཏེ། མོ་རང་གླིང་གི་དཔའ་རྟུལ་དང་གཅིག་མཚུངས་ཀྱི་གོ་ས་གནང་ཡོད་པ་མ་ཟད། ནག་པོ་བདུད་ལ་དབང་བསྒྱུར་ཆོག་པའི་ཆེས་མཐོ་བའི་གོ་གནས་ཀྱང་བྱིན་ཡོད་པ་རེད། ལྷག་པར་དུ་ཨ་སྟག་ལྷ་མོ་དེ་ཉིད་ཚེ་དུས་བྱས་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་ཞབས་ལ་ལྷུང་སྐབས། གེ་སར་ཁོང་མི་རྟ་གཉིས་ལུས་ཁྲབ་དཀར་མེ་སྟག་འཚུབས་སེ། སྐེད་འཁོར་གསུམ་དྲ་མིག་ཡ་ལེ། མར་དམྱལ་བའི་ཁམས་སུ་བྱོན་ནས་ཨ་སྟག་ལྷ་མོ་གཙོ་བྱས་པའི་བགྲང་ཡས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་དེ་དག་པའི་ཞིང་ལ་དྲངས་པ་ལས་ཀྱང་ཤེས་ནུས་སོ། ། ཨ་སྟག་ལྷ་མོ་ཉིད་ཀྱིས་གླིང་གེ་སར་རྒྱལ་པོའི་རླབས་ཆེན་གྱི་འཕྲིན་ལས་ཆེད་དུ། ནུས་ཤུགས་ཡོད་དགུ་བཏོན་ནས་ཕྱོགས་སོ་སོའི་རྒྱལ་ཕྲན་དབང་དུ་བསྡུ་བའི་ལས་འགན་རླབས་པོ་ཆེ་ཕྲག་ཏུ་བླངས་ཡོད། ང་ཚོས་གླིང་སྒྲུང་ལས་མཐོང་བའི་མི་སྣ་སྟོང་ཕྲག་འགའི་ཁྲོད་དུ། སྐྲ་ལན་བུ་ཅན་གྱི་བུད་མེད་ཅིག་གི་སྙིང་སྟོབས་དང་དྲང་བདེན། གཤིས་ཀ་བློ་སྤོབས་བཅས་ངང་ངམ་ཤིག་གིས་མཐོང་བྱུང་། མོ་རང་ནི་བོད་ཀྱི་དཔའ་མོའི་ཚབ་བྱེད་གཅིག་པུར་གྱུར་ཏེ། ལོ་རྒྱུས་ཀྱི་གར་སྟེགས་སྟེང་དུ་བསུབ་མེད་ཀྱི་མཛད་རྗེས་གོ་ལ་ཟླུམ་པོར་རྒྱས་སུ་བཏབ་ཡོད། 

གཉིས་པ། སེར་པོ་ཧོར་གྱི་སྡིག་གཅོད་ཤན་པ།

གླིང་རྗེ་གེ་སར་རྒྱལ་པོས་དགྲ་མགོ་དང་པོ་བྱང་བདུད་འདུལ་བར་ཕེབས་པའི་རྗེས་སུ། ཧོར་གུར་དཀར་རྒྱལ་པོས་གླགས་དང་བསྟུན་ཧོར་འབུམ་དམག་བཅུ་གཉིས་གླིང་ལ་བླུགས་ནས་ཁྲ་མོ་གླིང་གི་དེ་འདྲའི་དཔའ་རྟུལ་མང་པོ་བསད་པ་དང་། ལྷག་པར་དུ་རྒྱ་ཚ་དང་ཉ་ཚ། གཟིག་འཕེན་དང་གཡུ་སྟག་སོགས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་དཔའ་ཆེན་ཆེ་མ་ཆུང་གསུམ་མང་པོ་བྱེ་མ་རླུང་ལ་བསྐུར་བ་ཇི་བཞིན་བཀྲོངས་པ་དང་། སེང་ལྕམ་འབྲུག་མོ་བཙན་གྱིས་ཕྲོགས། ཇ་མཁར་རྨང་ནས་བཤིགས། མི་ཤི་རྟ་འགྱེལ་གྱི་ཡ་ང་བའི་སྐྱོ་གར་མང་པོ་ཞིག་བྱུང་བའི་ཁྲོད་དུའང་། ཧོར་སྡིག་གཅོད་ཤན་པས་གུར་དཀར་ལ་ཁ་ཏ་ཅི་བྱས་ཀྱང་མ་ཕན་པས། མིག་ཡས་ཞ་ར་དང་རྣ་ཡས་འོན་པ་བྱས་ཏེ་མི་འདུག་ཀ་མེད་བྱུང་། ཧོར་སྡིག་གཅོད་ཤན་པ་རྒྱལ་པོ་ནི་ལེགས་ཉེས་ཀྱི་བླང་དོར་འབྱེད་ཤེས་པའི་མི་གཞུང་དྲང་ཡ་རབས་ཤིག་ཡིན་པ་སྒྲུང་དཔེ་ལས་བཙལ་ན་རྙེད་ཐུབ། དཔེར་ན། <<ཧོར་གླིང་གཡུལ་འགྱེད>>ལས། དང་པོ་ཤན་པ་རྨེ་རུ་རྩེ་ལ་གཏད་ནས་བྱོན་པས། ད་གཟོད་རྨེ་རུས་ཞལ་དཀར་ཡིན་པ་ངོ་ཤེས་ཏེ་ན་རེ། ད་མ་འབྱོན་རྒྱ་ཚ་ཞལ་དཀར་ལགས། སྡར་མ་དེད་ཚོད་མ་ཟིན། ། མདུང་རྟིང་གད་ལ་ཐུག་ཀྱང་སྲིད། ། ཤི་གསོན་གྱི་ཁ་རུ་བགོ་ངེས་ཡིན། །ཟེར་ནས་བྲོས་སོང་། ད་དུང་ཐུགས་རྒྱལ་ཆེར་བཞེངས་ཏེ་སླར་ཡང་ནན་གྱིས་དེད། ཕུ་གངས་དཀར། འདབས་ཆུ་འགྲམ། ལ་ཐང་ཤོད་གསུམ་ལ་དེད་པའི་མཐར། ཧོར་གད་པ་སྐྱ་རིང་ཟེར་བའི་ཆུ་ཆུང་ཞིག་གི་ཤུར་ལ་ཤན་པ་ལྟག་ནས་བྲོས། ཞལ་དཀར་རྗེས་ནས་འོག་ལ་རྒྱུགས་ཏེ། སྔོན་ནས་ཞལ་དཀར་ཚུར་འཁོར་བ་དང་། ཤན་པས་ཕྱིར་འགྲོས་ཤིག་བརྒྱབ་པས་འགྲོ་ས་མེད་པར་ན་ཁུག་ཤིག་ཏུ་ཚུད། ཤན་པ་གད་ཁུགས་དེ་ནས་རྟ་ལས་བབས། ཅུང་ཟད་དམའ་བའི་ས་དེར་གླིང་ཕྱོགས་སུ་རྒྱབ་བརྟེན། ཧོར་ཕྱོགས་སུ་གདོང་བསྟན་ནས་སྔར་ཁྲོ་ཐུང་གི་ལག་ནས་བླངས་པའི་མདུང་དེའི་རྟིང་བ་རྡོ་ཞིག་ལ་གཏད་ཅིང་ལང་མ་ཉལ་གྱིས་བཟུང་ནས་བསྡད་ཡོད་པར། ཞལ་ལུ་ཉིད་ཅུང་ཞིག་མཐོ་བའི་ས་ནས་ཧོར་ཡ་རྩེ་ཕྱོགས་སུ་སྐུ་རྒྱབ་བརྟེན། གླིང་ཕྱོགས་སུ་སྐུ་མདུན་བསྟན་ནས་ཕྱག་ཤན་གཡུག་རྩིས་ལ། རྟ་རྨ་བྱ་དེས་ཞལ་ལུའི་གོ་མཚོན་དང་བཅས་པ་མ་ཐེག་པར་རྔུལ་ཆུ་ཧྲུལ་ཧྲུལ་གྱིས་རྒྱུག་མ་འདོད་པ་དང་། ཤན་པ་ཁོ་དམར་སྒུར་རེ་ཡོད་པ་མཐོང་ནས་རྟ་ངན་དེས་ཕྱིར་འགྲོས་ཤིག་བརྒྱབ་པས། ཞལ་ལུའི་སྐུ་གཟུགས་མདུན་དུ་རྔམ་སྟབས་སུ་ཡོད་པར་ལིངས་ཀྱིས་ལྷུང་བྱུང་བ་མདུང་གི་རྩེར་འཐེན་པ་འདྲ་བ་ཞིག་དང་ལྷན་དུ་རྨས་ཏེ་བཅོ་ལྔའི་དུང་ཟླ་ཐང་ལ་ལྷུང་ཟེར་བ་དེ་བྱུང་བར་གདའོ།། གོང་གསལ་གྱི་གཏམ་རྒྱུད་འདི་ལས་ཀྱང་ཤན་པའི་ལྷག་བསམ་དཀར་པོ་ཡིན་པ་མཚོན་ཐུབ། ཡང་དཔེར་ན། གླིང་རྗེ་གེ་སར་རྒྱལ་པོ་ཁོང་རྒྱ་ཕྲུག་ཐང་རྙེད་དུ་སྤྲུལ་ནས་ཧོར་ལ་འབྱོར་སྐབས་སྡིག་གཅོད་ཤན་པས་གེ་སར་ཡིན་པ་ཤེས་ནས་འདི་སྐད་དུ། ངོ་ཨེ་ཤེས་རྒྱལ་མཆོག་རིན་པོ་ཆེ། ། ང་སེར་པོ་ཧོར་གྱི་ས་ཆ་ནས། ། དཔོན་དབང་ཆེན་གུར་དཀར་རྒྱལ་པོ་ཡིན། ། དབང་ཁོ་རང་ཆེ་ཡང་ཤེས་རྒྱ་མེད། ། ངོ་ཨེ་ཤེས་རྒྱལ་པོ་རིན་པོ་ཆེ། ། ང་ཤེས་ཆེན་ཤན་པ་རྒྱལ་པོ་ཡིན། ། ཤེས་ཆེ་ཡང་ང་རང་དབང་མེད་ཡིན། ། བྱ་ཁྭ་ཏ་སོང་ནས་གླིང་ཡུལ་བསྐོར། ། གླིང་སེང་ལྕམ་འབྲུག་མོའི་མོ་སྒོ་མཐོང་།། དེས་ལོ་རྒྱུས་གུར་དཀར་དཔོན་ལ་ཞུས། ། དཔོན་གུར་དཀར་རྒྱལ་པོའི་ཧོར་སྡེ་ལ། ། གླིང་འབྲུག་མོ་ཧོར་གྱིས་ལེན་དགོས་གསུངས། ། དེ་ཡུལ་མ་ཡིན་ན་རྒྱུ་ཡིས་ཉོ། ། ཡང་གནས་མ་ཡིན་ན་དམག་གིས་འཕྲོག། མཁར་ཡ་རྩེ་ནང་རྫོང་ཉན་ལེ་དེ། ། གླིང་འབྲུག་མོ་མ་གཏོགས་མེད་དོ་ཟེར། ། སྡེ་ཧོར་རུའི་དཔོན་མོ་ཉན་ནི་ཞིག། མཛོད་ཁྲ་མོའི་ལྡེ་མིག་འཛིན་ནི་ཞིག། བློན་ཤན་པ་ཇ་འདྲེན་བྱེད་ནི་ཞིག། ཧོར་གསེར་ཁྲིའི་སྟེང་ལ་ཉལ་ནི་ཞིག། ཡང་སྟག་ཐུལ་རྒྱབ་ལ་གོན་ནི་ཞིག། གླིང་འབྲུག་མོ་མིན་པ་མེད་དོ་ཟེར། ། ང་ཤན་པ་གླིང་ལ་མི་འགྲོ་བཤད། ། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ། ། གླིང་གེ་སར་རྒྱལ་པོའི་ཇ་མ་རེད། ། མཁར་སེང་འབྲུག་སྟག་རྩེའི་ནང་རྫོང་རེད། ། གླིང་ལྷ་དཀར་པོའི་དཔོན་མོ་རེད། ། དེ་ཉོ་ན་ཧོར་ལ་གང་ནས་བཙོང་། ། དེ་ཕྲོགས་ཀྱང་ཧོར་གྱིས་མི་ལོན་བཤད། ། སྟོབས་འགྲན་ན་གེ་སར་མི་ཐུབ་ཞུས། ། གྲི་གཡུགས་ན་རྒྱ་ཚར་མི་དོ་ཞུས། ། མདའ་འཕེན་ཡ་འདན་མར་མི་དོ་ཞུས། ། ཡང་མིན་ན་རྒྱ་གར་ཡུལ་ལ་འགྲོ། ། སྟོད་རྒྱ་གར་བུ་མོ་གསེར་སྒྲོན་མ། ། རིན་མི་དགོས་ཧོར་གྱིས་འཕྲོག་ན་ལོན། ། དེ་དམག་དཔོན་ཤན་པ་ང་རང་འགྲོ། ། དེ་མིན་ན་སྨུག་པོ་འཇང་ལ་འགྲོ། ། འཇང་སྲས་མོ་ཤེལ་དཀར་མཛེས་མ་དེ། ། རིན་མི་དགོས་ཧོར་གྱིས་འཕྲོག་ན་ལོན། ། དེའི་དམག་དཔོན་ཤན་པ་ང་རང་འགྲོ། ། དེ་མིན་ན་བལ་བོའི་ཡུལ་ལ་འགྲོ། ། ཡང་བལ་བོའི་བལ་བཟའ་ཁྲི་བཙུན་དེ། ། རིན་མི་དགོས་ཧོར་གྱིས་འཕྲོག་ན་ལོན། ། དེའི་དམག་དཔོན་ཤན་པ་ང་རང་འགྲོ། ། དེ་མིན་ན་སྟག་གཟིག་ཡུལ་ལ་འགྲོ། ། དཔལ་སྟག་གཟིག་བུ་མོ་ནོར་མཚོ་དེ། ། རིན་མི་དགོས་ཧོར་གྱིས་འཕྲོག་ན་ལོན། ། དེའི་དམག་དཔོན་ཤན་པ་ང་རང་འགྲོ། ། གླིང་དཀར་པོ་དགྲ་རུ་མ་འཛིན་ཞུས། ། ང་ཤན་པའི་ཞུས་ཚད་སྟོང་བ་རེད། ། ཚིག་དོན་མེད་རྡོ་ལ་ཕུར་བ་རེད། ། ཡང་དེ་ནས་ཧོར་དམག་གླིང་ལ་སོང་། ། ངས་བླ་མ་གུ་རུའི་སྐུ་མདུན་ནས། ། མི་མི་གསོད་སྡོམ་པ་ཁས་ལེན་བྱས། ། མདུང་མི་གཡུག་མདུང་རྩ་དར་གྱིས་དཀྲིས། ། གྲི་མི་གཡུག་དཔའ་ལུང་ཐེལ་གྱིས་མནན། ། གླིང་དཔའ་བོ་ཉིན་ནས་འགྲོ་བའི་དུས། ། ང་ཤན་པའི་སྲིབ་ནས་གཟུར་ཏེ་སོང་། ། གླིང་དཔའ་རྟུལ་སྲིབ་ནས་འགྲོ་བའི་དུས། ། ང་ཤན་པའི་ཉིན་ནས་གཟུར་ཏེ་སོང་། ། ཁོང་ཧོར་གླིང་མི་ལོ་གསུམ་ལ་འཁྲུགས། ། ང་ཤན་པ་རྒན་པོ་འདུག་འདུག་བྱས། ། གངས་དཀར་སེམས་ལ་མ་ཤར་བ། ། ཉིན་གཅིག་རྨ་ཆུའི་ཁུགས་ཟུར་ནས། ། ཁོང་རྒྱ་ཚ་ཧོར་དམག་དཀྱིལ་ལ་བརྒྱུགས། ། དམག་འཕྲུ་དམར་ཅན་ལ་དགུ་བརྒྱ་བསད། ། ད་དེ་ནས་ཤན་པ་ང་ལ་ཐུག། ཁྲ་རྒོད་པོས་བྱེའུ་ཆུང་འདེད་འདེད་བྱས། ། ང་ཡར་བྲོས་ཁྲ་ཡག་རྫ་ལ་བྲོས། ། རྫ་བྲག་ལ་ཐུག་ནས་མར་ལ་བྲོས། ། མར་བྲོས་གཙང་པོའི་ཆུ་ཁར་བྲོས། ། ཆུ་དོལ་ཁུགས་བརྒྱབ་ནས་ཐང་ལ་བྲོས། ། ཐང་གད་པར་ཐུག་ནས་ཐང་ལ་འཛུལ། ། རྟ་རྨ་བྱས་རྒྱ་བྱ་ངོ་ཤེས་ནས། ། རྟ་རྒྱ་བྱར་ཐུག་ནས་ཤིག་འཕྲུག་བྱས། ། གླིང་ཡ་ཟིས་དགུ་ཟི་ངོ་ཤེས་ནས། ། ང་ཤན་པར་ཐུག་ནས་ཤུགས་ཁ་འཐམ། ། ཡིད་མི་ཆེས་ང་ལ་ཅི་ཡིན་དྲིས། ། དཔའ་རྒྱ་ཚར་ཤན་པས་འདི་སྐད་ཞུས། ། ང་ཤན་པ་རྒྱ་ཚ་གེ་སར་གསུམ། ། སྟེང་ལྷ་ནས་བུ་སྤུན་ཡིན་ཚུལ་ཞུས། ། རྟ་རྒྱ་བྱ་རྨ་བྱ་རྐྱང་རྒོད་གསུམ། ། མ་རྒོད་མ་གཅིག་གིས་བསོས་ཚུལ་ཞུས། ། གྲི་ཨ་ཟི་དགུ་ཟི་ཡ་ཟི་གསུམ། ། མགར་བ་གཅིག་གིས་བརྡུངས་ཚུལ་ཞུས། ། ང་གླིང་ལ་བསམ་པ་དཀར་ཚུལ་ཞུས། ། ཕྱག་འཚལ་ནས་ཤན་པའི་སྲོག་སྐྱོབ་ཞུས། ། རྒྱ་ཚས་མ་ཉན་ཕྱག་ཤན་གཡུགས། ། རྨ་བྱས་ཕྱིར་འགྲོས་བརྒྱབ་པ་དང་། ། ཞལ་ལུ་ངར་གྱིས་བསྐྱོད་པ་གཉིས། ། ཐུག་དུས་མདུང་མགོར་རྔམ་སྟབས་སུ། ། ལིངས་ཀྱིས་ལྷུངས་ནས་མདུང་རྩེར་བཀལ། ། ལྟ་བུ་སོགས་ལས་ཧོར་སྡིག་གཅོད་ཤན་པ་རྒྱལ་པོ་ནི་ཞི་བདེ་ལ་དགའ་བའི་ཕོ་རྒོད་ཅིག་ཡིན་པ་ཤེས་ཐུབ་པ་དང་། ཁོང་གིས་བླ་མ་གུ་རུའི་མདུན་ནས་གླིང་དམག་མི་གསོད་པའི་སྡོམ་པ་ཁས་ལེན་བགྱིས་ཏེ་ཁྲ་མོ་གླིང་ལ་བློ་དཀར་བའང་ཤེས་ཐུབ། ཁོང་གིས་ཧོར་གླིང་གཉིས་མི་འཁྲུག་པའི་ཆེད་དུ་ནུས་ཤུགས་ཡོད་དགུ་བཏོན་ཡང་ངལ་བ་འབྲས་མེད་དུ་གྱུར། ཧོར་དམག་གླིང་ལ་དྲངས་ཏེ་ཕམ་ཉེས་རབ་དང་རིམ་པ་བྱུང་། རྗེས་སུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་དྲག་པོའི་གཡུལ་འགྱེད་ཀྱི་ཁ་ལོ་བསྒྱུར་ནས་ཧོར་གྱི་པ་དུར་གང་དྲག་ཐམས་ཅད་ཆམ་ལ་ཕབ། གུར་དཀར་རྒྱལ་པོར་གཉའ་སྒ་བསྟད། སྟོབས་ཆེན་གྱི་བྲང་ལ་འཛེར་མ་བརྡབས། སེང་ལྕམ་འབྲུག་མོ་ཕྱིར་བསུས་པ་དང་། ཧོར་སྡིག་གཅོད་ཤན་པ་ཨ་ཆེན་ཧོར་གྱི་དཔོན་པོར་བསྐོས། སྡིག་གཅོད་ཤན་པས་འཇང་དང་མོན། སྟག་གཟིག བྱེ་རི། ཨ་གྲག ཁ་ཆེ་སོགས་ཀྱི་རྫོང་ཆེན་དང་རྫོང་ཕྲན་མང་པོའི་ནང་དུ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་རེད། 

གསུམ། སྨུག་པོ་འཇང་གི་གཡུ་ལྷ་ཐོག་འགྱུར། 

གླིང་གེ་སར་རྒྱལ་པོའི་འཇང་ས་དམ་རྒྱལ་པོ་འདུལ་དགོས་ཚེ། འཇང་ཕྲུག་གྲོགས་སུ་བཀུག་སྟེ་རམ་འདེགས་བགྱིད་པ་མ་གཏོགས། འཇང་ས་དམ་རྒྱལ་པོར་གནོད་པ་ཏིལ་ཙམ་ཡང་བྱེད་མི་ཐུབ། བཤད་པ་ལྟར་ན། འཇང་ས་དམ་རྒྱལ་པོ་དེ་ཉིད་ནི་ལག་པ་བསྲིངས་ན་རྒྱ་གར་ལ་བསླེབས་པ། རྐང་པ་བསྲིངས་ན་རྒྱ་ནག་ལ་བསླེབས་པ། མཚོ་ཆེན་པོ་ཧུབ་ཀྱིས་འཐུང་བའི་བདུད་པོ་སྟོབས་ཆེན་ཞིག་ཡིན་པར་གླེང་། གོང་གི་བཤད་རྒྱུན་དེ་ལས་ཤེས་ཐུབ་པ་ནི་ངོ་མ་དེ་འདྲའི་བདུད་རྒྱལ་ཅིག་བསྟན་པ་མིན་པར། ཁོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་ཟིལ་ཤུགས་མངོན་པར་མཚོན་ཡོད་པ་ཤེས་ཐུབ། དེའི་ཕྱིར་གེ་སར་རྒྱལ་པོའི་འཇང་ཕྲུག་འཛིན་དུ་རང་གི་བློས་ཐུབ་ཀྱི་མནའ་འབྲེལ་གྲོགས་པོ་སྡིག་གཅོད་ཤན་པ་མངགས། གླིང་སྒྲུང་ལས་བཤད་པ་ལྟར་ན། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ནི་ལོ་ན་ཕྲ་ཡང་རྣམ་རིག་རྒོད་ཅིང་དམག་འཐབ་ལ་མཁས་པ། འཇང་གི་དམག་དཔོན་གྱི་ལས་གནས་ཀྱང་ཁུར་ཡོད་པས། འཇང་ཕྲུག་གྲོགས་སུ་འགུག་རྒྱུ་ནི་ཧ་ཅང་གལ་ཆེ། འཇང་ཕྲུག་གྲོགས་སུ་འགུག་ཐུབ་ཚེ། འཇང་ཆམ་ལ་ཕབ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན་པར་བརྟེན། ཧོར་སྡིག་གཅོད་ཤན་པ་གཉེན་སློང་གི་ཚུལ་དུ་འཇང་ལ་བྱོན་ཏེ། ཧོར་གུར་དཀར་གྱི་སྲས་རྩེ་རྒོད་ཀྱི་གཉེན་དོན་ཆེད་དུ་འོང་ཚུལ་རྫུན་གཏམ་མང་པོ་ལབ་པ་དང་། འཇང་ཕྲུག་དང་མཉམ་དུ་ཆང་མང་པོ་འཐུང་ཞིང་འཇང་ཕྲུག་ར་བཟི་བ་དང་བསྟུན་ནས་ལྕགས་ཐག་འདོམ་པ་བཅོ་བརྒྱད་ཀྱིས་བཀྱིགས་ནས་གླིང་ལ་ཁྲིད་སོང་། གླིང་གེ་སར་རྒྱལ་པོས་ཞི་བའི་སྒོ་ནས་ལས་དཀར་ནག་གི་དབྱེ་བ། འབངས་མི་སེར་གྱི་སྐྱིད་སྡུག་བཅས་འཇང་ཕྲུག་ལ་གོ་སྐོན་བསླབ་བྱ་མང་དུ་གསུངས་པ་ན། འཇང་ཕྲུག་གི་བློ་ལ་གཡོ་འགུལ་ཐེབས་ནས་གེ་སར་དང་མནའ་འབྲེལ་གྲོགས་པོ་བསྒྲིགས་པ་ལགས། འཇང་ཕྲུག་གླིང་གི་དཔའ་རྟུལ་གྱི་གྲས་སུ་བཞག་པ་མ་ཟད་དགྲ་ལྷ་རྩེ་རྒྱལ་དང་མཐོ་དམན་མེད་པའི་ཏོག་གནང་། འཇང་ཕྲུག་གིས་རྫོང་ཆེན་དང་རྫོང་ཆུང་མང་པོའི་ནང་དུ་བྱས་རྗེས་བླ་མེད་བཞག་འདུག དཔེར་ན། <<བྱེ་རིའི་བྱུར་རྫོང་>>དུ། དེ་ཡང་ཉི་མའི་དགོང་ཁའི་དུས་དེར་འཇང་སྲས་གཡུ་ལྷ་ཐོག་འགྱུར་དེ་ལྷ་སྲས་དགྲ་ལྷའི་ཆིབས་རྟ་རླུང་གཤོག་སྔོན་པོ་འཕུར་ཤེས་ལ་བཅིབས་ཏེ་ཀྲོང་ངེར་ཁོའི་སྔུན་ནས་བུད་པས། སྒུག་མ་ཡིན་པར་ཤེས་ནས་བྱེ་མའི་ཕྱོགས་སུ་བྲོས་ཀྱང་། འཇང་ཕྲུག་གཡུ་ལྷ་དང་འཇང་གི་དཔའ་རྟུལ་ཚོས་ཁོ་གར་རྒྱུག་གི་རྗེས་བཞིན་དེད་དེ་སོང་བ་དང་། ལྕགས་རྫོང་གི་ཕྱོགས་ནས་དཔའ་རྟུལ་གདོང་བཙན་ཨ་བརྟན་དེ་གཡུ་བྱའི་གོང་དུ་བཅིབས་ཤིང་མི་རྔུལ་རྟ་རྔུལ་ཕྱུར་རེ་ཕེབས་ནས་གཡུ་ལྷ་དང་ཐུག་སྟེ་ཁོང་གཉིས་མགྱོགས་པོར་ཕྱིན་ཀྱང་བར་ཐག་ནི་མིག་གིས་ཟིན་མི་ཟིན་ཙམ་དུ་འདུག་པ་དེའི་ནང་ནས། འབུམ་དཔོན་སྟོང་རྒྱལ་བེར་ནག་གི་རྟ་ལུས་ཏེ་རྐང་ཐང་ལ་སོང་བས་ཉྭ་ལོག་སྟེ་རྗེས་ཟིན་ནས་བསད་པ་བྱེ་རི་སྟག་རྫོང་བཙན་པོས་མཐོང་བས། ད་ནི་བྲོས་ཀྱང་མི་ཐར་བློན་པོ་དྲིན་ཅན་འདི་ཚོ་ཚང་མ་མིག་ལམ་དུ་བསད་ཚར་ལ། ད་ནི་ངེས་པར་ཤི་ན་མི་དགའ་རི་སྙམ་ནས་གྲི་མགོ་འཕུར་ཞིང་བསྒུགས་ནས་བསྡད། གཡུ་ལྷ་དང་གདོང་བཙན་གཉིས་ནས་ཀྱང་དེ་རིང་ཤི་ལྕེབ་བྱེད་ཟེར་ནས་བརྒྱུགས་ཏེ་ཉེ་བར་བསླེབས་པའི་སྐབས་དེར། གཡུ་ལྷའི་སྟག་དོང་ནང་ནས་རྒྱལ་པོའི་ལྷ་མདའ་ལྕག་ནག་རོག་ལྕེ་དེས་ང་འགྲོ་ཟེར་ནས་གཞུ་སྟེང་དུ་འཕུར་བ་ལ་འཇང་ཕྲུག་གིས་གསོལ་བ་བཏབ་ནས་ཡོད་པས། བྱེ་རི་སྟག་རྫོང་བཙན་པོ་དེའི་བསམ་པར་ཁོང་གཉིས་བཅར་མི་ཕོད་པ་ཨེ་ཡིན། དེ་མིན་ཚེ་རྗེས་མར་སྒུག་འདུག་པ་འདྲ། དེ་སྟེ་མདའ་འགྲན་ཞིག་བྱས་ན་ངས་ཀྱང་བརྟན་སྙམ་ནས་མདའ་གཞུ་སྟེང་ལ་སྤྲད་དུས། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ན་རེ། ཡ། བྱང་མི་མེད་ལུང་བའི་ས་མཚམས་ནས། བྱེ་རིའི་རྒྱལ་པོ་ཚུར་གསོན་དང་། ཅི་བྱེད་ཁྱོད་རང་ལག་ན་ཡོད་ཟེར་ནས་གླུ་བླངས་པ་ན། བྱེ་རི་སྟག་རྫོང་རྒྱལ་པོའི་བསམ་པར། དེ་ལྟར་འདུན་མ་བྱེད་པ་ལས་ཤི་ན་དགའ་སྙམ་ནས་མདའ་གཅིག་གཡུ་ལྷར་འཕངས་བྱུང་བས། མདུན་གྱི་བྱང་ཁྲབ་སིལ་ལེར་གཏོར་བ་ཙམ་ལས་གནོད་མ་བྱུང་། དེ་ནས་གཡུ་ལྷ་ཐོག་འགྱུར་དེ་དྲག་ཏུ་ཁྲོས་ཏེ་ལྷ་མདའ་དེ་ངར་གྱིས་བརྫངས་པས། ལྷ་ཡི་བདེན་སྟོབས་ཀྱིས་མེ་རླུང་འུར་ལྡིར་གྱི་སྒྲ་དང་བཅས་ཏེ་བྱེ་རིའི་སྟག་བཙན་རྒྱལ་པོའི་སྙིང་ཁར་ཕོག་སྟེ་མེ་ཏོག་པད་མ་ཁ་ཕྱེ་བ་ལྟར་རྒྱབ་ནས་སྔོ་རྒྱང་ངེར་ཐོན་ཅིང་སྤང་འདམ་རིང་བོ་ཞིག་གཤགས་ནས་འདུག་གོ། སྐབས་དེར་ཁོས་ད་རུང་རྟ་ཁ་བསྒྱུར་ནས་འབྲོ་རྩིས་བྱེད་ཀྱིན་འདུག་པས་གདོང་བཙན་གྱིས་དེ་མ་ཐག་མདའ་གཅིག་འཕངས་ཏེ་རྟ་ལ་ཕོག་ནས་མི་རྟ་གཉིས་པོ་ས་དེར་འགྱེལ་ལོ་ལྟ་བུ་སོགས་མཛད་རྗེས་བགྲང་ལས་འདས་པ་ཞིག་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །

བཞི། ཁ་ཤ་མོན་གྱི་དུང་སྐྱོང་སྟག་ལྷ།

གླིང་རྗེ་གེ་སར་རྒྱལ་པོའི་སྨུག་པོ་འཇང་ཆམ་ལ་ཕབ་ནས་ལོ་དགུ་འགོར་བའི་རྗེས་སུ་མོན་དང་གླིང་གཉིས་བར་ལ་འཁྲུག་ཆེན་བྱུང་། རེབ་དེའི་གཡུལ་འཁྲུག་ནང་དུ་ནག་པོ་བདུད་ཀྱི་ཨ་སྟག་ལྷ་མོ། སེར་པོ་ཧོར་གྱི་སྡིག་གཅོད་ཤན་པ། སྨུག་པོ་འཇང་གི་གཡུ་ལྷ་ཐོག་འགྱུར་སོགས་ཀྱིས་དམག་སྣ་དྲངས་ནས་ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་ཆེན་པོ་ཞིག་གི་མགོ་བརྩམ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེ་འཕྲུ་སྔོན་ཅན་ལ་ཁྲི་ལྔ་དང་། རྟ་དམག་ཆིག་ཁྲི་དགུ་སྟོང་གིས་བསྐོར་ནས་ལྷོ་ཡི་གཡུ་འབྲུག་འགྱིང་རྫོང་དེ་དམག་གིས་བླངས་ཚུལ་དང་། གཞན་ཤན་པ་དང་ཨ་སྟག་ལྷ་མོ་གཉིས་ཀྱིས་བྱང་རྫོང་བླངས་པ་མ་ཟད། དུང་སྐྱོང་སྟག་ལྷ་ཁྲི་དཀར་གསོན་པོར་བཟུང་ནས་རྒྱལ་ཁའི་རྟེན་འབྲེལ་དང་པོ་འགྲིག མཐར་ཁ་ཤ་མོན་གྱི་ལས་དམག་ཡོད་ཚད་ཕམ་པར་བྱས། མོན་ཤིང་ཁྲི་རྒྱལ་པོ་དམུ་སྐས་ལ་འཇུས་ཏེ་ཡར་འབྲོ་སྐབས་གླིང་གེ་སར་རྒྱལ་པོས་མདའ་མོ་འཕངས་ནས་བསྒྲལ་ཏོ། ། མོན་ཕྲུག་ཟླ་བ་ཁྲབ་བཙན་དང་དུང་སྐྱོང་སྟག་ལྷ་ཁྲི་དཀར་གཉིས་མོན་གྱི་རྒྱལ་སར་བཀོད་ཅིང་། གླིང་རྗེ་གེ་སར་རྒྱལ་པོར་ཁ་ཞེ་གཉིས་མེད་ཀྱི་རོགས་འདེགས་བསམ་གྱིས་མི་ཁྱབ་པ་མཛད་ཡོད། དཔེར་ན། <<སྟག་གཟིག་ནོར་རྫོང་>>ལས། དུས་དེ་ཙམ་ལ་སྟག་གཟིག་རྒྱལ་པོ་རང་དང་བློན་ཆེ་དྲག་གི་གྲས་ནས། བཙན་ལྷ་རྡོ་རྗེ། ཉ་མིག་གནམ་ལྕགས་གུ་རུ། སྟོང་དཔོན་སྤྲེལ་ཚ་ངོ་ལུགས། གྱད་ཀྱི་གདོང་བཙན་ཁེར་རྒོད་ལྔ་པོ་ཤལ་རྒྱག་གི་བྲག་དམར་ཡིད་ལྷུང་བརྒལ་ཏེ་གདོང་ཤར་ཕྱོགས་སུ་གཏད་ནས་ཤོར་བ་དང། རྗེས་འདེད་དུ་རྒྱལ་པོ་སེང་ཆེན། སྲས་དགྲ་ལྷ། ཉི་འབུམ། བློན་འདན་མ། ཤན་པ། དར་རྗེ། དུང་སྐྱོང་སྟག་ལྷ་བུ། གཡུ་ལྷ། དགའ་བདེ་བེར་ནག འཇང་ཁུ་བྱུག་དཔོན་པོ། གདོང་གི་ཁམ་པ་གཡུ་ལྡེམ། སྲས་ལྷ་རྒོད་འབུམ་ཆུང་སོགས་རྗེ་བློན་བཅུ་གཉིས་ཙམ་གྱིས་རྗེས་བཞིན་ཕེབས་པས། བྲག་དམར་ཡིད་ལྷུང་རྩ་བ་ནས་ཧོར་གྱི་དཔུང་དམག་དཀྲུག་སྟེ་བྱུང་བ་ན། པ་དུར་ཐང་དཀར་རྩེ་རྒོད་དེས་གླུ་ལེན་སོགས་དལ་དལ་མ་བྱུང་བ་རྒྱང་ནས་མདའ་གཉིས་འཕངས་པ་དེ་སྔོན་མ་དེ་བཙན་ལྷ་ཁོ་ལ་སྡིག་ཀྱང་གནོད་མ་འཁྲུགས། རྗེས་མ་དེ་སྟོང་དཔོན་སྤྲེལ་ཚ་དམར་ལེབ་ཀྱི་རྒྱབ་ཕྱོགས་ཀྱི་ཚང་རའི་ཐོག་ཏུ་ཕོག་པས་རྟ་ལས་ལྷུང་། དེར་བཙན་ལྷས་ཧོར་མགར་ར་ཤོག་ནས་མི་བཅུ་བསད་དེ་ཕྱིར་བུད་པ་དང་། ཡང་དྲག་གྲས་ཁ་ཤས་ནས་རྗེས་བཞིན་དེད་པས་སྟག་གཟིག་རྗེ་བློན་རྣམས་རི་སྨུག་གུ་དེལ་ཆུང་རྩ་བར་སླེབས་པ་ན་ཕྱིའི་རྒྱང་བསྲུང་བའི་གླིང་བ་རྣམས་དང་ཐུག་པས་མུ་སྤྱང་རིན་ཆེན་དར་ལུས་མདུང་མོ་ཐོགས་ཏེ་མདུང་སྟག་གཟིག་རྒྱལ་པོ་ལ་ལན་གཉིས་གཡུག་པས་གོ་མ་བཅད། དེ་ནས་རྒྱལ་པོས་རལ་ཁ་སྤྲོད་པས་མདུང་སྐེ་ཆད་པ་དང་ལྷན་དུ་བཙན་ལྷས་རིན་ཆེན་དར་ལུ་ལ་མཚོན་བཏབ་ཀྱང་གནོད་མ་འཁྲུགས། ཡང་གསེར་པའི་ཤོག་ནས་དམག་གསེར་འཕྲུ་ཅན་ཉི་ཤུ་སྐོར་སྒྲིལ་ཞིང་ཕྱི་རུ་ཤོར་བ་དང་ལྷན་དུ་གླིང་གསེར་པ་ཤོག་ནས་བཅུ་དཔོན་ཞིག་གིས་མདའ་འཕངས་པས་གདོང་བཙན་ཁེར་རྒོད་ལ་ཕོག་སྟེ་རྟ་ལས་ལྷུང་། དེར་ཕ་མཐའ་རུ་སྟག་གཟིག་རྒྱལ་པོ་ཉིད་ནས་འདོ་ཆེན་འབྲོང་ནག་འཕུར་ཤེས་དེ་རྨིག་བཞི་རླུང་གི་འཕྲུལ་འཁོར་བསྐོར་བས་ཕྱི་ནང་སུ་ཡང་གང་གིས་རྗེས་མི་ཟིན་པ་སྐར་མདའ་ཤར་པ་ལྟར་སོང་། རྗེས་སུ་རྒྱལ་པོ་གེ་སར། འདན་མ། ཤན་པ། དུང་སྐྱོང་དཔོན་སོགས་རྗེས་བཞིན་ཕེབས་པ་མིག་མཐོང་ཙམ་ནས་རྒྱ་གར་རི་ལ་ཡར་འདེད། རྒྱ་ནག་ཡུལ་ལ་ཐུར་དེད། སྐུ་རྒྱལ་བོད་ལ་བསྐོར་བ་བརྒྱབ་པས་མཐར་བྲག་དམར་སང་ཡག་ལ་རྒྱབ་ནས། ཨ་ཕྱིའི་བྱེ་ཐང་བར་མ་ནས་འགྲོ་བར་འདུག་པས་ཁོང་རྗེ་བློན་རྣམས་རྟའི་དཔུང་ཆུ་ལོག་སྟེ་ངལ་དུབ་ཆེ་བས་འགྲོ་མི་ནུས་ཙམ་བྱུང་བ་དང་རྗེས་མ་ཟིན། དེ་ཉིན་ལྷའི་ལུང་བསྟན་པ་བཞིན་དུ་མོན་གྱི་དམག་དཔོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་དེས་འདོ་བ་དུང་བྱ་རྣ་ཁྲ་དེ་བྱ་ཐང་དཀར་གྱི་བཤུལ་དང་མཚུངས་པ་ལྟར་གྱི་མདའ་རྒྱང་གང་གི་སླེབ་ཙམ་རྗེས་སུ་སྙེགས་ཤིང་། དུང་གཞུ་ཨ་ལོང་འཁྱིལ་བའི་ནང་དུ་དུང་མདའ་ཤ་ཟན་སྒྲོ་དམར་བཞག་ནས་འདི་སྐད་དུ། ང་འདྲ་ང་ངོ་མ་ཤེས་ན། ། ཐག་རིང་པོ་མོན་མཁར་ཤོག་དགུ་ནས། ། ལྷོ་ཡར་སྟོད་རྩ་ར་མཁར་ནག་ནས། ། དུང་མཁར་དཀར་མོའི་ནང་རྫོང་ཡིན། ། མི་ཕོ་རྒོད་ལ་གྲག་ལེ་ལ། ། བརྒྱ་ཡི་ཁ་ཡ་དུང་སྐྱོང་ཟེར། ། སྟོང་གི་ལག་ཡ་དུང་སྐྱོང་ཟེར། ། སེང་གེ་རྩལ་ཡ་དུང་སྐྱོང་ཟེར། ། སྟག་མོའི་འཛུམ་ཡ་དུང་སྐྱོང་ཟེར། ། མདའ་མོ་སྐྱེན་ལ་གྲག་ལེ་ལ། ། མདའ་ལྟོང་སྔོ་ལ་གཡུ་འབྲུག་སྒྲ། ། མདེའུ་དམར་ལ་ཐོག་དམར་ལྕེ། ། རྟ་ཕོ་བཤུལ་ལ་གྲག་ལེ་ལ། ། སྤུ་མདོག་དཀར་ལ་ཐང་དཀར་རྩལ། ། རྨིག་བཞི་སྔོ་ལ་མཁའ་ལྡིང་སྟོབས། ། རྣ་རྩེ་དམར་བས་རླུང་དང་འདྲེས། ། མྱུར་མགྱོགས་ཆེ་བས་པུ་འུ་འདྲ། ། ཁྱོད་ག་རུ་སོང་ཡང་བདས་པས་ཆོག། ཟེར་ནས་དུང་སྐྱོང་སྟག་ལྷ་བུས་དུང་མདའ་དེ་འཕངས་པས་དགྲ་ལྷ་ཝེར་མའི་དཔུང་ཤུགས་དང་འགྲོགས་ཤིང་མེ་ལྕེ་གློག་འོད་ཀྱིས་ཁོའི་ཆིབས་ཆེན་འབྲོང་ནག་དེའི་སོག་ཕྲག་ཏུ་ཐེབས་པས་དཔུང་གཡོན་ཟུར་གྲུ་སྟེང་ནས་མདེའུ་སྔོ་རྒྱང་ངེ་བུད་བྱུང་བ་དང་། དུག་ཟེར་གྱིས་འགྱེལ་ཚད་བྱུང་བ་དང་རྟ་ལས་ལྷུང་ཞིང་ཐང་རྩ་རུ་སླེབས་པ་དང་ལྷན་དུ་གླིང་རྒྱལ་བློན་རྣམས་ཀྱང་འཛོམས་ཤིང་ལྟ་བུའོ། ། མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་ལགས་ཀྱིས་རྗེས་ཀྱི་དེ་འདྲའི་གཡུལ་འཁྲུག་མང་པོ་ཞིག་སྟེ་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་གྲངས་མེད་ཞིག་གི་ནང་དུ་བྱས་རྗེས་བླ་མེད་བཞག་ཡོད་དོ། །   

གླིང་རྗེ་གེ་སར་རྒྱལ་པོའི་མི་དམངས་ཀྱི་བདེ་སྡུག་ཡོད་ཚད་ཀྱི་ཆེད་དུ་ཕྱོགས་བཞིའི་དགྲ་བཞི་གཙོ་བྱས་པའི་རྒྱལ་ཕྲན་མང་པོ་ཞིག་ལ་དྲག་པོའི་གཡུལ་གྱི་ཁ་ལོ་བསྒྱུར་ཅིང་། དམག་འཁྲུག་རེ་རེའི་ནང་དུ་ཁོང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་མནའ་འབྲེལ་གྲོགས་པོ་རེ་འགའ་འབྱུང་སྲིད། དཔེར་ན། ནག་པོ་བདུད་ཀྱི་ཨ་སྟག་ལྷ་མོ། སེར་པོ་ཧོར་གྱི་སྡིག་གཅོད་ཤན་པ། སྨུག་པོ་འཇང་གི་གཡུ་ལྷ་ཐོག་འགྱུར། ཁ་ཤ་མོན་གྱི་དུང་སྐྱོང་སྟག་ལྷ། སྟག་གཟིག་ཡུལ་གྱི་ཞལ་དཀར་ལྡན་པ། ཁ་ཆེ་ཡུལ་གྱི་དྲན་པ་རང་གསལ། བྱེ་རིའི་ཡུལ་གྱི་ཆོས་འགྲུབ་དཔའ་བོ། ཨ་གྲག་ཡུལ་གྱི་ཉི་མ་གྲགས་པ་སོགས་ཀྱི་མནའ་འབྲེལ་གྲོགས་པོ་དག་ལ་བརྟེན་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་གདོན་མི་ཟའོ། ། གླིང་སྒྲུང་ལས་ཤེས་གསལ་ལྟར་ན་མནའ་འབྲེལ་གྲོགས་པོ་ཞེས་པ་འདིས་དྲང་ལྡོག་ཕྱོགས་གཉིས་ལ་ནུས་པ་བླ་ལྷག་ཏུ་ཐོན་བཞིན་པ་གླིང་སྒྲུང་ལས་རྙེད་ཐུབ། <<ཧོར་གླིང་གཡུལ་འགྱེད>>དུ་ཨ་ཁུ་ཁྲོ་ཐུང་དང་གུར་དཀར་གཉིས་མནའ་འབྲེལ་བསྒྲིགས་ཤིང་གཞི་གཅིག་ཏུ་མཐུན་ནས་དེར་ཁོ་གཉིས་མནའ་ཚིག་གིས་སྦྲེལ་ནས། ཁྲག་དྲོན་མོ་མཉམ་འཐུང་། ཤ་རློན་པ་མཉམ་ཟ་བྱས་ནས་བློ་གྲོས་གཅིག་ཏུ་བསྲེས་སོ་ལྟ་བུ་དང་<<ཁ་ཆེ་གཡུ་རྫོང་>>ལས། རྡོ་རྒོད་ཁོ་གློག་འགྱུ་བཞིན་ཆས་ནས་འབྲོང་གྲུས་བཞི་ཞིག་གི་རྭ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་ནས་བརྡབས་ཤིང་བསད་ནས་ཁྱེར་བྱུང་བའི་རོ་དེ་ལག་བདེ་འགའ་ཞིག་གིས་བཤས་ནས་ཁྲོ་ཐུང་དང་ཁ་ཆེ་དཔོན་བློན་རྣམས་ཀྱིས་ཤ་དམར་ཁམ་གསུམ་མཉམ་ཟ་བྱས། ཁྲག་དམར་ཧུབ་གསུམ་མཉམ་འཐུང་བྱས། རྒྱུ་མས་ལག་མགོ་མཉམ་སྦྲེལ་བྱས། ཀོ་དམར་སྟེང་དུ་མཉམ་རྫི་བཅས་མནའ་ཐང་དགུ་ལ་བཞག ད་གང་མི་འགལ་འབའ་ཡིག་བྲིས། འབའ་རྟེན་སེར་པོ་གསེར་ལ་བྱས་ལྟ་བུའི་མནའ་འབྲེལ་བསྒྲིགས་པའི་རྗེས་སུ་གླིང་ལ་ཕམ་ཉེས་ཆེན་པོ་བྱུང་བ་མ་ཟད། ཨ་ཁུ་ཁྲོ་ཐུང་གི་བུ་ལྷ་རྒོད་འབུམ་ལུའི་རང་སྲོག་ཀྱང་དགྲ་ལ་ཤོར་བ་རེད། གླིང་གེ་སར་རྒྱལ་པོའི་མི་ཚེ་གཅིག་ལ་གཉེན་སྐྱོང་དགྲ་འགོག་གི་གཡུལ་འགྱེད་མང་པོ་ཞིག་བྱས་པ་དང་། མངའ་ཁོང་རྒྱ་ཆེར་བསྐྱེད་ནས་གཅིག་གྱུར་ཞི་བདེའི་མཚོན་པའི་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་ཐུབ་པ་བྱུང་། གླིང་གེ་སར་རྒྱལ་པོ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ཤིག་ཡིན་པར་བརྟེན། ཁོང་གི་སྤོབས་པ་དང་སྙིང་སྟོབས་ལ་བོད་མི་རིགས་ཀྱི་དར་ཆ་ཞེས་བརྗོད་ན་མི་ཆོག་པ་མེད་སྙམ་མོ། །


ཟུར་ལྟའི་དཔེ་ཆ། 

1.«བོད་རྒྱ་ཚིག་མཛོད་ཆེན་མོ།» མི་རིགས་དཔེ་སྐྲུན་ཁང་།

2.«བརྡ་དག་མིང་ཚིག་གསལ་བ།» མི་རིགས་དཔེ་སྐྲུན་ཁང་།

3.«བདུད་འདུལ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

4.«ཧོར་གླིང་གཡུལ་འགྱེད།» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

5.«ཁ་ཆེ་གཡུ་རྫོང་།» བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།

6.«མོན་གླིང་གཡུལ་འགྱེད།» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

7.«བྱེ་རིའི་བྱུར་རྫོང་།» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

8.«སྟག་གཟིག་ནོར་རྫོང་།»ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་།

9.«རྒྱལ་པོ་བཀའི་ཐང་ཡིག»

10.«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།» མི་རིགས་དཔེ་སྐྲུན་ཁང་།

«བོད་ཀྱི་དམངས་སྲོལ་རིག་གནས»ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།