ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་སྔར་ལས་ལྷག་པར་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(སྟོད་ཆ)

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཀྱིས་ལག་ལེན་དང་དངོས་འབེབ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་སྔར་ལས་ལྷག་པར་དར་རྒྱས་གོང་འཕེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་གཏོང་བར་སྐུལ་འདེད་བྱེད་པ། རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་ཆེད། ད་ལྟ་བསམ་འཆར་འགའ་བཏོན་རྒྱུ་ཡིན་པ་གཤམ་གསལ་ལྟར་ཏེ།

གཅིག གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ།

(གཅིག) རིག་གནས་ནི་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་ལ། མི་རིགས་ཀྱི་སྐྱེ་སྟོབས་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། གསར་སྐྲུན་ནུས་ཤུགས་བཅས་ཀྱི་འབྱུང་ཁུངས་གཙོ་བོའང་ཡིན།

གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་རེད། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། རང་རྒྱལ་རིགས་སོ་སོའི་མི་དམངས་ཀྱིས་རང་རང་ལ་ཁྱད་ཆོས་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་གསར་སྐྲུན་བྱས་པ་རེད། རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ལ་མཚོན་ན་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་། ཕན་ཚུན་གཅིག་ཏུ་འདྲེས་ཐོག ཀྲུང་ཧྭ་རིག་གནས་ཀྱི་སྐྱེ་སྟོབས་ནུས་ཤུགས་དང་གསར་སྐྲུན་ནུས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཀྲུང་ཧྭ་རིག་གནས་ཀྱི་གོ་དོན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁས་ལེན་འདུ་ཤེས་དང་ལྟེ་བར་ཕྱོགས་ཤུགས་མཐོར་འདེགས་བྱུང་ཡོད། རིགས་སོ་སོའི་མི་དམངས་ཚང་མས་ཀྲུང་ཧྭ་རིག་གནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད།

(གཉིས) ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ལ་སྔར་ནས་ད་བར་དུ་མཐོང་ཆེན་དང་སེམས་ཁུར་ཚད་མཐོན་པོར་བྱས་པ།

ཀྲུང་གོ་གསར་པ་བཙུགས་ཚུན་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་ཚུན་ནས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བའི་ནང་རྐྱེན་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐུབ་ཡོད་པ། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ཉིན་རེ་བཞིན་དར་རྒྱས་སོང་བ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིག་གནས་ཐོན་ལས་དང་ཐོག་ཏུ་གཞི་ཁྱོན་ཅན་དུ་ཆགས་བཞིན་ཡོད་པ། རིག་གནས་སྒྲིག་སྲོལ་གྱི་བཅོས་སྒྱུར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་བ། ཕྱི་ཕྱོགས་བརྗེ་རེས་ལ་རྒྱུན་མ་ཆད་པར་ཤུགས་སྣོན་བཏང་ཡོད། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་བཏང་བ་དེས་རིགས་སོ་སོའི་མང་ཚོགས་ཀྱི་དཔལ་ཡོན་བྱང་ཚད་མཐོར་འདེགས་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁྱབ་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གཏོང་བ་བཅས་ཐད་ལ། ནུས་པ་གལ་ཆེན་བཏོན་ཡོད།

(གསུམ) གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བ་ནི། དུས་ཡུན་རིང་ལ་གལ་ཆེ་བའི་འཐབ་ཇུས་ལས་འགན་ཞིག་ཀྱང་ཡིན།

 གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ལ་ཡར་ཐོན་ཆེན་པོ་བྱུང་བའི་ཆབས་ཅིག་ཏུ། གནས་པའི་དཀའ་ངལ་ལྷང་ངེ་བར་དང་གནད་དོན་ཁྱད་པར་ཅན་འགའ་ཐག་གཅོད་པ་ལའང་ངེས་པར་དུ་ངོས་ཟིན་གང་ལེགས་བྱེད་དགོས། དེ་ནི་རིག་གནས་རྨང་གཞིའི་སྒྲིག་ཆས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ཞིང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཅུང་ཞན་པ་དང་། རིག་གནས་ཀྱི་སྒྲིག་གཞི་འཐུས་ཚང་མིན་པ། ཤེས་ལྡན་མི་སྣ་ལྟོས་བཅས་ཀྱིས་དཀོན་པ། རིག་གནས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་ཀྱི་ནུས་པ་མི་ཆེ་བ། རིག་གནས་ཤུལ་བཞག་གྱོང་གུད་དང་། བོར་བརླག རྒྱུན་ཆད་སོགས་ཀྱི་སྣང་ཚུལ་ཅུང་འབུར་དུ་ཐོན་པ། མངའ་ཁོངས་ཕྱི་ཡི་དགྲར་འཛིན་སྟོབས་ཤུགས་ཀྱིས་རིག་གནས་སིམ་འཛུལ་གང་ཐུབ་བྱེད་པ་བཅས་སོ། དེར་བརྟེན། ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དང་དངོས་འབེབ་བྱེད་པ་དང་། མི་རིགས་ཀྱི་མཐུན་སྒྲིལ་སྲ་བརྟན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྤེལ་སྐྱོང་གི་མཐོ་རླབས་གསར་པ་སློང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་བཟུང་སྟེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། སྔར་ལས་དངོས་གནས་དང་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་པ་དང་། སྐུལ་འདེད་གཏོང་བར་ཤུགས་འབྱིན་དགོས།

གཉིས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བའི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་འབེན་དང་ལས་འགན་བཅས་སོ།

(བཞི) མཛུབ་སྟོན་བསམ་བློ། 

ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་པ། ཏིང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཀྱིས་ལག་ལེན་དང་དངོས་འབེབ་བྱེད་པ། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་དམ་པོར་འཆང་བ། ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་བྱ་བའི་བརྗོད་བྱ་གཙོ་བོར་འདིར་དམ་པོར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པ་དེ་ཁ་ཕྱོགས་གཙོ་བོར་བརྩི་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་བ་དེ་གཙོ་གནད་བྱེད་པ། སྒྲིག་སྲོལ་བཅོས་སྒྱུར་གྱི་ནང་རྐྱེན་དེ་འགན་ལེན་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་ཚིམ་པར་བྱེད་པ་དེ་གཞིར་འཛིན་ས་དང་རྐང་འཛུགས་ས་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་འཛུགས་སྐྲུན་དེ་དང་རྒྱལ་ཡོངས་ཀྱི་རིག་གནས་འཛུགས་སྐྲུན་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་བཅས་ཕན་ཚུན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ཐུན་མོང་དུ་ཡར་ཐོན་ཡོང་བར་མངོན་འགྱུར་བྱས་ཏེ། སྔར་ལས་རང་རྟོགས་དང་སྔར་ལས་རང་འགུལ་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བར་བྱས་རྗེས་འཇོག་དགོས།

(ལྔ) གཞི་རྩའི་རྩ་དོན། 

མི་དམངས་ལ་ཞབས་འདེགས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྱད་པར་ལ་བརྩི་བཀུར་དང་སྣ་མང་ཤོང་བ་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། དར་སྤེལ་བཅས་གཏོང་དགོས་ལ། རིགས་སོ་སོའི་མི་རིགས་ཀྱི་རིག་གནས་ཕན་ཚུན་དཔེ་ལྟ་རེས་དང་། བརྗེ་རེས་ལ་ཤུགས་སྣོན་པ། འཆམ་མཐུན་ངང་འཕེལ་རྒྱས་གཏོང་བ་བཅས་ལའང་སྐུལ་འདེད་གཏོང་དགོས། དེང་རབས་ཅན་དང་འཛམ་གླིང་། མ་འོང་པ་བཅས་ལ་ཕྱོགས་པར་རྒྱུན་འཁྱོངས་བྱས་ཏེ། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ་དང་། མི་རིགས་རང་བཞིན་མཐའ་འཁྱོངས་བྱེད་པ། དུས་རབས་རང་བཞིན་ཕྱིར་མངོན་བྱེད་པ། གྲངས་ཉུང་མི་རིགས་རིག་གནས་ཀྱི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲངས་ཉུང་མི་རིགས་རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་དགོས། དོན་དངོས་དང་འཚོ་བ། མང་ཚོགས་བཅས་ལ་ཉེ་བར་བཅར་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ལ་ཉན་འདོད་ལྟ་སྤྲོའི་ཕུལ་བྱུང་གི་བསམ་པའི་རིག་གནས་ཐོན་རྫས་སྔར་ལས་མང་བ་ཐོན་སྐྱེད་བྱེད་པར་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཕན་ཚུན་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་དེ་མདུན་གྲལ་འཇོག་པ་དང་། སྲིད་གཞུང་དང་ཚོང་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་དུ་འགྱུར་བར་རྒྱུན་འཁྱོངས་བྱེད་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིག་གནས་ལས་དོན་དམིགས་སུ་བཀར་ནས་འཕེལ་རྒྱས་བཏང་སྟེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་ལ་ཁག་ཐེག་བྱེད་དགོས། ཡུལ་བབས་དང་བསྟུན་པ་དང་རིགས་འབྱེད་ནས་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་དགོས།

(དྲུག) དམིགས་འབེན་དང་ལས་འགན། 

2020ལོར་སླེབས་དུས། མི་རིགས་ས་ཁུལ་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ལྟོས་བཅས་ཀྱིས་ཆ་ཚང་ཡིན་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་ཁེབས་པའི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་ཕལ་ཆེར་འཛུགས་ཐུབ་པ་དང་། དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ་དང་ཡང་ན་སླེབས་ཐུབ་པ། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་དཔེ་ཆ་དང་ཚགས་པར་ཀློག་མི་ཐུབ་པ། རྒྱང་སྒྲོག་དང་བརྙན་འཕྲིན་ཉན་མི་ཐུབ་པ་དང་ལྟ་མི་ཐུབ་པ། རིག་གནས་ཀྱི་བྱ་འགུལ་སྤེལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཅུང་བཟང་པོ་བྱེད་ཐུབ་པ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ལྡན་གྱིས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་ཐུབ་པ་བྱེད་དགོས། རིག་གནས་ལས་གཞི་དང་བཟོ་འགོད་གལ་ཆེན་སྐོར་ཞིག་ལག་བསྟར་བྱེད་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་མངོན་ཐུབ་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པ། སྒྱུ་རྩལ་གྱི་ཆུ་ཚད་ཆེས་མཐོ་བའི་རིག་གནས་སྒྱུ་རྩལ་ཐད་ཀྱི་སྤུས་ལེགས་ཐོན་རྫས་སྐོར་ཞིག་གསར་འདོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ཀྱི་དགོས་མདུན་དང་མཐུན་པའི་ཕུལ་བྱུང་གི་རིག་གནས་ཐོན་རྫས་སྔར་ལས་མང་བ་དང་སྔར་ལས་བཟང་བ་གསར་སྐྲུན་དང་ཐོན་སྐྱེད་བྱེད་དགོས། རིག་གནས་བྱ་བའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ཐད་ལ་འགག་བརྟོལ་ཆེན་པོ་ཡོད་པ་དང་། ཚན་རིག་གི་ཕན་ནུས་ལྡན་པའི་ཆེ་མཐོང་དོ་དམ་སྒྲིག་སྲོལ་དང་ཕྲ་མཐོང་ཞབས་ཞུའི་འཁོར་རྒྱུག་ནང་རྐྱེན་ཕལ་ཆེར་ཆགས་ཐུབ་པ། སྲིད་ཇུས་དང་ཁྲིམས་སྲོལ་སྔར་ལས་ཆ་ཚང་ཡིན་པ། སྲིད་གཞུང་གི་རིག་གནས་དོ་དམ་དང་ཞབས་ཞུའི་འགན་ནུས་མངོན་གསལ་གྱིས་ཇེ་ཆེར་ཐོན་པ་བྱེད་དགོས། རིག་གནས་ཚོང་རའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྤྱི་ལ་དབང་བའི་ལམ་ལུགས་དེས་རྐང་བྱེད་པ་དང་སྣ་མང་དབང་བའི་ལམ་ལུགས་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ལས་ཀྱི་གནས་བབས་སྔར་བས་ལུགས་དང་མཐུན་པར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་སུ་བརྗེ་རེས་བྱེད་པའི་གོམ་སྟབས་ཆེན་པོ་སྤོས་ཏེ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་བྱེད་ཤུགས་སྔར་ལས་ལྷག་པར་མཐོར་འདེགས་ཡོད་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།