ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  (1994ལོའི་ཟླ1པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང142པ་ཁྱབ་བསྒྲགས་བྱས། 2005ལོའི་ཟླ12པའི་ཚེས19ཉིན《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་དང་པོ་བྱས་པ་དང་། 2008ལོའི་ཟླ2པའི་ཚེས18ཉིན《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་གཉིས་པ་བྱས་ཤིང་། 2011ལོའི་ཟླ7པའི་ཚེས19ཉིན《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་གསུམ་པ་དང་། 2018ལོའི་ཟླ12པའི་ཚེས18ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང707པ་ལྟར་བཟོ་བཅོས་ཐེངས་བཞི་པ་བྱས།)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།    

ཨང707པ།

བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག》ད་ལྟ་ཁྱབ་བསྒྲགས་བྱས་ཤིང་། 2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

ཙུན་ལི།ལི་ཁེ་ཆང་།

2018ལོའི་ཟླ12པའི་ཚེས18ཉིན།

(ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིན་གྱི2018ལོའི་ཟླ12པའི་ཚེས22ཉིན་གྱི་གློག་འཕྲིན།)

དོན་ཚན་དང་པོ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས》(གཤམ་དུ་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཞེས་བསྡུ་རྒྱུ)ལྟར།སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་སྟེང་གི་ཀྲུང་གོའི་རྒྱལ་ཁོངས་སུ་སྡོད་གནས་ཡོད་པ་ཞེས་པ་དེ་ནི་ཁྱིམ་ཐོ་དང་ཁྱིམ་ཚང་།དཔལ་འབྱོར་ཁེ་ཕན་འབྲེལ་བ་སོགས་ཀྱི་དབང་གིས་ཀྲུང་གོའི་རྒྱལ་ཁོངས་སུ་སྡོད་པར་གོམས་ཡོད་པ་ལ་ཟེར།ཀྲུང་གོའི་རྒྱལ་ཁོངས་དང་རྒྱལ་ཕྱི་ནས་བླངས་པའི་ཐོབ་ཆ་ཞེས་པ་དེ་ནི་སོ་སོར་ཀྲུང་གོའི་རྒྱལ་ཁོངས་ནས་ཐོབ་པའི་ཡོང་སྒོ་དང་ཀྲུང་གོའི་རྒྱལ་ཕྱི་ནས་ཐོབ་པའི་ཡོང་སྒོ་ལ་ཟེར།

དོན་ཚན་གསུམ་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་གཞན་པ་བྱས་ཡོད་པ་ཕུད།གཤམ་གྱི་ཡོང་སྒོ་འདི་དག་ནི་གཏོང་སྤྲོད་ས་གནས་ཀྲུང་གོའི་རྒྱལ་ཁོངས་ཡིན་མིན་གང་ཡིན་རུང་།ཚང་མ་ཀྲུང་གོའི་རྒྱལ་ཁོངས་ཀྱི་ཡོང་སྒོ་ལ་གཏོགས།

(གཅིག)ལས་གནས་འཁུར་པ་དང་གླ་བྱེད་པ།དམ་བཅའ་བརྩི་སྲུང་བྱེད་པ་སོགས་ཀྲུང་གོའི་རྒྱལ་ཁོངས་ནས་ངལ་རྩོལ་འདོན་སྤྲོད་བྱས་པ་ལས་ཐོབ་པའི་ཐོབ་ཆ།

(གཉིས)ཀྲུང་གོའི་རྒྱལ་ཁོངས་ནས་རྒྱུ་ནོར་བོགས་མར་བཏང་པ་ལས་ཐོབ་པའི་ཐོབ་ཆ།

(གསུམ)ཀྲུང་གོའི་རྒྱལ་ཁོངས་ནས་དམིགས་བསལ་དབང་ཆ་སྣ་ཚོགས་ལོངས་སྤྱོད་བྱས་པ་ལས་ཐོབ་པའི་ཐོབ་ཆ།

(བཞི)ཀྲུང་གོའི་རྒྱལ་ཁོངས་ནས་གཏན་འཇགས་རྒྱུ་ནོར་སོགས་ཀྱི་རྒྱུ་ནོར་ནང་བཤུག་བཏང་བ་དང་ཡང་ན་ཀྲུང་གོའི་རྒྱལ་ཁོངས་ནས་རྒྱུ་ནོར་གཞན་པ་ནང་བཤུག་བཏང་བ་ལས་ཐོབ་པའི་ཐོབ་ཆ།

(ལྔ)ཀྲུང་གོའི་རྒྱལ་ཁོངས་ཀྱི་ཁེ་ལས་དང་ལས་དོན་སྡེ་ཁག རྩ་འཛུགས་གཞན་པ་བཅས་དང་གཞན་ད་རུང་གཞིས་དམངས་སྒེར་ནས་ཐོབ་པའི་སྐྱེད་ཀ་དང་རྐང་སྐྱེད།སྐྱེད་དངུལ་སོགས་ཀྱི་ཐོབ་ཆ་བཅས་སོ། །

དོན་ཚན་བཞི་པ། ཀྲུང་གོའི་རྒྱལ་ཁོངས་སུ་སྡོད་གནས་མེད་པའི་མི་སྒེར་དེ།ཀྲུང་གོའི་རྒྱལ་ཁོངས་སུ་བསྡད་པ་རིམ་བསགས་ཀྱིས་ཉིན183མི་ལོངས་པ་དང་ལོ་འཁོར་བསྟུད་མར་ལོ6མི་ལོངས་ན།གཙོ་གཉེར་ཁྲལ་དོན་སྡེ་ཁག་གིས་ཐོ་འགོད་བྱས་པ་བརྒྱུད་དེ།དེའི་ཀྲུང་གོའི་རྒྱལ་ཕྱིའི་ལས་ཁུངས་དང་མི་སྒེར་ནས་ཐོབ་པའི་ཡོང་སྒོ་ལ་མི་སྒེར་གྱི་ཐོབ་ཁྲལ་མི་བསྡུ་བ་དང་།ཀྲུང་གོའི་རྒྱལ་ཁོངས་སུ་བསྡད་པ་རིམ་བསགས་ཀྱིས་ཉིན183ལོངས་པ་དང་།ལོ་གང་རུང་ཞིག་ལ་ཐེངས་གཅིག་རྒྱལ་ཁོངས་དང་བྲལ་བའི་ཉིན་གྲངས30ལོངས་ན།དེ་ཀྲུང་གོའི་རྒྱལ་ཁོངས་སུ་བསྡད་པ་རིམ་བསགས་ཀྱིས་ཉིན183ལོངས་པའི་ལོ་འཁོར་མོའི་བསྟུད་མའི་ལོ་གྲངས་བསྐྱར་དུ་བརྩི་དགོས།

དོན་ཚན་ལྔ་པ།ཀྲུང་གོའི་རྒྱལ་ཡོངས་སུ་སྡོད་གནས་མེད་པའི་མི་སྒེར་དེ།ཁྲལ་དངུལ་སྤྲོད་པའི་ལོ་དེའི་ནང་ཀྲུང་གོའི་རྒྱལ་ཁོངས་སུ་བསྡད་པའི་ཉིན་གྲངས་རིམ་བསགས་ཀྱིས་ཉིན90མི་ལོངས་པ་དང་།དེའི་ཀྲུང་གོའི་རྒྱལ་ཁོངས་ནས་ཐོབ་པའི་ཡོང་སྒོ་དེ་རྒྱལ་ཕྱིའི་གླ་བདག་གིས་སྟེར་གྱིན་པར་མ་ཟད་གླ་བདག་དེའི་ཀྲུང་གོའི་རྒྱལ་ཁོངས་ཀྱི་ལས་ཁུངས་དང་ཁེ་ལས་ཀྱིས་འགན་འཁུར་དགོས་པའི་ཆ་ཤས་དེར་མི་གཏོགས་ན།མི་སྒེར་གྱི་ཐོབ་ཁྲལ་མི་བསྡུ་བ་ཡིན།

དོན་ཚན་དྲུག་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་མི་སྒེར་གྱི་ཐོབ་ཆའི་ཁྱབ་ཁོངས།

(གཅིག)ཟླ་ཕོགས་དང་ཕོགས་དངུལ་སོགས་ཀྱི་ཐོབ་ཆ།དེ་ནི་ལས་གནས་འཁུར་བ་དང་གླ་བརྒྱབ་པ་ལས་ཐོབ་པའི་གླ་ཕོགས་དང་ཕོགས་དངུལ།བྱ་དགའི་དངུལ།ལོ་མཇུག་གི་ཕོགས་སྣོན།ངལ་རྩོལ་ཐོབ་ཆ།ཁ་གསབ་དངུལ་བཅས་དང་།གཞན་ད་རུང་ལས་གནས་འཁུར་བའམ་ཡང་ན་གླ་བརྒྱབ་པ་དང་འབྲེལ་བའི་ཐོབ་ཆ་གཞན་པ་དག་ལ་གོ །

(གཉིས)ངལ་རྩོལ་བྱས་པའི་ཐོབ་ཆ།དེ་ནི་ངལ་རྩོལ་ལ་བརྟེན་ནས་ཐོབ་པའི་ཡོང་སྒོ་སྟེ།ཇུས་འགོད་དང་མཛེས་བཟོ་བརྒྱག་པ།སྒྲིག་སྦྱོར།དཔེ་རིས།བརྟག་དཔྱད།ཚོད་རྒྱུགས་ལེན་པ།སྨན་བཅོས།བཅའ་ཁྲིམས།རྩིས་པ།བློ་འདྲི།སློབ་ཁྲིད།ལོ་ཙཱ།རྩོམ་ཞུས།ཡིག་རིས།རིས་བརྐོ།གློག་བརྙན་དང་བརྙན་འཕྲིན།སྒྲ་སྡུད།ཕབ་བརྙན།འཁྲབ་སྟོན།བརྡ་ཁྱབ།འགྲེམ་སྟོན།ལག་རྩལ་ཞབས་ཞུ།ངོ་སྤྲོད་ཞབས་ཞུ།བར་སྨྱན་ཞབས་ཞུ།ཚབ་སྒྲུབ་ཞབས་ཞུ་སོགས་ཀྱི་ལས་ཀར་ཞུགས་པ་ལས་ཐོབ་པའི་ཡོང་སྒོ་དང་།ངལ་རྩོལ་ལ་བརྟེན་ནས་ཐོབ་པའི་ཡོང་སྒོ་གཞན་དག་བཅས་སོ། །

(གསུམ)རྩོམ་ཡོན་གྱི་ཐོབ་ཆ། དེ་ནི་རང་ཉིད་ཀྱི་བརྩམས་ཆོས་དེ་དཔེ་ཆ་དང་དུས་དེབ་སོགས་ཀྱི་རྣམ་པས་དཔར་སྐྲུན་བྱས་པའམ་ཡང་ན་འགོད་སྤེལ་བྱས་པ་ལས་ཐོབ་པའི་ཡོང་སྒོ།

(བཞི)དམིགས་བསལ་ཆོག་དབང་སྤྱད་པའི་ཐོབ་ཆ།དམིགས་བསལ་ཆོག་དབང་སྤྱད་པའི་ཐོབ་ཆ་ཞེས་པ་ནི་མི་སྒེར་ལ་ཆེད་ཁེ་བདག་དབང་དང་ཚོང་རྟགས་ཀྱི་དབང་ཆ།རྩོམ་གྱི་བདག་དབང་།ཆེད་ཁེ་ལག་རྩལ་མིན་པ་བཅས་དང་།གཞན་ད་རུང་དམིགས་བསལ་ཆོག་དབང་གཞན་དག་སྤྱད་ནས་ཐོབ་པའི་ཡོང་སྒོ་ལ་གོ ། རྩོམ་གྱི་བདག་དབང་གི་སྤྱོད་དབང་འདོན་སྤྲོད་བྱས་པ་ལས་ཐོབ་པའི་ཡོང་སྒོའི་ནང་དུ་རྩོམ་ཡོན་གྱི་ཡོང་སྒོ་མི་འདུས།

(ལྔ)ཚོང་གཉེར་བྱས་པའི་ཐོབ་ཆ་ནི།

1.སྒེར་གཉེར་བཟོ་ཚོང་བས་ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་གཉེར་ནས་ཐོབ་པའི་ཡོང་སྒོ་དང་།རང་གཅིག་པུས་མ་དངུལ་བཏང་བའི་ཁེ་ལས་ཀྱི་དངུལ་འཇོག་མཁན་ནམ་མཉམ་གཉེར་ཁེ་ལས་ཀྱི་མི་སྒེར་མཉམ་གཉེར་པའི་རྒྱལ་ཁོངས་ནས་ཐོ་འགོད་བྱས་པའི་སྒེར་གྱི་མ་དངུལ་བཞག་པའི་ཁེ་ལས་དང་།མཉམ་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་ལས་ཐོབ་པའི་ཡོང་སྒོ །

2.རང་ཉིད་ཀྱིས་ཁྲིམས་ལྟར་སློབ་སྒྲུབ་དང་སྨན་བཅོས།བློ་འདྲི་བཅས་དང་གཞན་ད་རུང་རིན་ཡོད་ཞབས་ཞུའི་བྱ་འགུལ་གཞན་པ་བསྒྲུབ་པ་ལས་ཐོབ་པའི་ཡོང་སྒོ །

3.མི་སྒེར་གྱིས་ཁེ་ལས་དང་ལས་དོན་སྡེ་ཁག་ནས་འགན་གཙང་ལེན་བདག་གཉེར་དང་བོགས་ལེན་བདག་གཉེར་བྱེད་པ་དང་།ཡང་ན་སྒྲུབ་འགན་བརྒྱུད་སྤྲོད་དང་གཞན་བསྐོར་བོགས་ལེན་སོགས་བྱས་པ་ལས་ཐོབ་པའི་ཡོང་སྒོ །

4.རང་ཉིད་ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་གཞན་པར་ཞུགས་ཏེ་ཐོབ་པའི་ཡོང་སྒོ་བཅས་སོ། །

(དྲུག)སྐྱེད་ཀ་དང་རྐང་སྐྱེད།དངུལ་སྐྱེད་སོགས་ལས་ཐོབ་པའི་ཐོབ་ཆ།དེ་ནི་སྒེར་ལ་དབང་བའི་བུན་དབང་དང་མ་རྐང་བདག་དབང་སོགས་ལས་ཐོབ་པའི་སྐྱེད་ཀ་དང་རྐང་སྐྱེད།དངུལ་སྐྱེད་སོགས་ལ་གོ །

(བདུན)རྒྱུ་ནོར་བོགས་མར་བཏང་བའི་ཐོབ་ཆ།དེ་ནི་རང་ཉིད་ཀྱི་གཏན་འཇགས་རྒྱུ་ནོར་དང་འཕྲུལ་ཆས་སྒྲིག་ཆས། རླངས་འཁོར་དང་གྲུ་གཟིངས་སོགས་དང་།དེ་མིན་གྱི་རྒྱུ་ནོར་གཞན་པ་བོགས་མར་བཏང་བ་ལས་ཐོབ་པའི་ཡོང་སྒོ་ལ་ཟེར།

(བརྒྱད)རྒྱུ་ནོར་ནང་བཤུག་བཏང་བའི་ཐོབ་ཆ།དེ་ནི་རིན་ཡོད་དངུལ་འཛིན་དང་མ་རྐང་བདག་དབང་།མཉམ་གཉེར་ཁེ་ལས་ཁྲོད་ཀྱི་རྒྱུ་ནོར་སྐལ་འབོར།གཏན་འཇགས་རྒྱུ་ནོར།འཕྲུལ་འཁོར་དང་སྒྲིག་ཆས།རླངས་འཁོར་དང་གྲུ་གཟིངས།དེ་མིན་གྱི་རྒྱུ་ནོར་གཞན་པ་བཅས་ནང་བཤུག་བཏང་བ་ལས་ཐོབ་པའི་ཡོང་སྒོ་ལ་གོ །

(དགུ)སྟབས་ལེགས་ཀྱི་ཐོབ་ཆ། དེ་ནི་རང་ཉིད་ལ་བྱ་དགའ་ཐོབ་པའམ་རྒྱན་ཐོབ་པ།བྱ་དགའི་འཛིན་ཤོག་ཐོབ་པ་བཅས་དང་།གཞན་ད་རུང་སྟབས་ལེགས་ཀྱིས་ཐོབ་པའི་ཡོང་སྒོ་གཞན་དག་ལ་གོ །

དོན་ཚན་བདུན་པ།མ་རྐང་ནང་བཤུག་བྱས་པའི་ཐོབ་ཆར་མི་སྒེར་གྱི་ཐོབ་ཁྲལ་བསྡུ་སྟངས་ཐད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་གཞན་པ་བྱེད་དགོས་པར་མ་ཟད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བརྒྱད་པ།མི་སྒེར་གྱི་ཐོབ་ཁྲལ་གྱི་རྣམ་པར་དངུལ་སྒོར་དང་དངོས་པོ།རིན་ཡོད་དངུལ་འཛིན་བཅས་དང་།གཞན་ད་རུང་རྣམ་པ་གཞན་པའི་དཔལ་འབྱོར་ཁེ་ཕན་སོགས་འདུས།ཐོབ་ཆ་དེ་དངོས་པོ་ཡིན་ན།ཐོབ་ཆ་བླངས་པའི་འཛིན་ཡིག་སྟེང་གསལ་འགོད་བྱས་ཡོད་པའི་རིན་གོང་ལྟར་སྤྲོད་དགོས་པའི་དཔྱ་ཁྲལ་འཇལ་བའི་གྲངས་འབོར་བརྩི་དགོས་པ་དང་།འཛིན་ཡིག་མེད་པའི་དངོས་པོའམ་ཡང་ན་འཛིན་ཡིག་སྟེང་བྲིས་ཡོད་པའི་རིན་གོང་དེ་མངོན་གསལ་གྱིས་དམའ་ན།ཚོང་རའི་རིན་གོང་ལྟར་དཔྱ་ཁྲལ་འཇལ་བའི་གྲངས་འབོར་བརྩི་དགོས།ཐོབ་ཆ་དེ་རིན་ཡོད་དངུལ་འཛིན་ཡིན་ན།འཛིན་ཡིག་སྟེང་གི་རིན་གོང་དང་ཚོང་རའི་རིན་གོང་ཞིབ་བཅད་བྱས་ཏེ་དཔྱ་ཁྲལ་འཇལ་བའི་གྲངས་འབོར་བརྩི་དགོས།ཐོབ་ཆ་དེ་རྣམ་པ་གཞན་པའི་དཔལ་འབྱོར་ཁེ་ཕན་ཡིན་ན།ཚོང་རའི་རིན་གོང་ཞིབ་བཅད་བྱས་ཏེ་དཔྱ་ཁྲལ་འཇལ་བའི་གྲངས་འབོར་བརྩི་དགོས།

དོན་ཚན་དགུ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཁོད་ཚན་དང་པོའི་ཁག་གཉིས་པའི་ནང་དུ་བཀོད་པའི་རྒྱལ་བུན་སྐྱེད་ཀ་ཞེས་པ་དེ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའུ་ཡིས་འགྲེམ་སྤེལ་བྱས་པའི་བུན་འཛིན་སྒེར་ཉར་བྱས་ཡོད་པ་ལས་ཐོབ་པའི་སྐྱེད་ཀ་ལ་གོ་ཞིང་།རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱས་པའི་དངུལ་རྩའི་བུན་འཛིན་གྱི་སྐྱེད་ཀ་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་རྗེས་འགྲེམ་སྤེལ་བྱས་པའི་དངུལ་རྩའི་བུན་འཛིན་སྒེར་ཉར་བྱས་ཡོད་པ་ལས་ཐོབ་པའི་སྐྱེད་ཀ་ལ་གོ །

དོན་ཚན་བཅུ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཁོད་ཚན་དང་པོའི་ཁག་གསུམ་པའི་ནང་དུ་བཀོད་པའི་རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་འཁེལ་ལྟར་བྱིན་པའི་གསབ་དངུལ་དང་ཕོགས་སྣོན་ཞེས་པ་ནི།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འཁེལ་ལྟར་བྱིན་པའི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་དང་ཡོན་ཧྲིའི་ཕོགས་སྣོན།གཞན་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་སྒེར་གྱི་ཐོབ་ཁྲལ་བསྡུ་མི་དགོས་པར་གཏན་འཁེལ་བྱས་ཡོད་པའི་གསབ་དངུལ་དང་ཕོགས་སྣོན་གཞན་དག་བཅས་ལ་གོ །

དོན་ཚན་བཅུ་གཅིག་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཁོད་ཚན་དང་པོའི་ཁག་བཞི་པའི་ནང་དུ་བཀོད་པའི་ཕན་བདེའི་འགྲོ་གྲོན་ཞེས་པ་ནི། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཁེ་ལས་དང་དོན་ལས་སྡེ་ཁག རྒྱལ་ཁབ་ལས་ཁུངས།སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ཆ་བགོས་ཐོབ་ཆ་བྱས་པའི་ཕན་བདེའི་འགྲོ་གྲོན་དང་ཡང་ན་བཟོ་ཚོགས་གྲོན་དངུལ་ནང་ནས་མི་སྒེར་ལ་བྱིན་པའི་འཚོ་བའི་ཁ་གསབ་གྲོན་དངུལ་ལ་གོ་བ་དང་།སྐྱོབ་རོགས་དངུལ་ཞེས་པ་ནི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་མི་སྒེར་ལ་བྱིན་པའི་འཚོ་བའི་དཀའ་ཁག་གི་ཁ་གསབ་གྲོན་དངུལ་ལ་གོ །

དོན་ཚན་བཅུ་གཉིས་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཁོད་ཚན་དང་པོའི་ཁག་བརྒྱད་པའི་ནང་དུ་བཀོད་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁྲལ་དངུལ་མི་བསྡུ་བར་བྱས་ཡོད་པའི་རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ལས་ཁུངས་དང་།གཞུང་ཚབ་དོན་གཅོད་ཁང་གི་ཕྱི་འབྲེལ་འཐུས་མི་དང་གཞུང་ཚབ་དོན་གཅོད་ཁང་གི་དཔོན་རིགས་སམ་མི་སྣ་གཞན་དག་བཅས་ཀྱི་ཐོབ་ཆ་ཞེས་པ་ནི།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དམིགས་བསལ་དབང་ཆ་དང་ཆག་ཡང་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་དོན་གཅོད་དམིགས་བསལ་དབང་ཆ་དང་ཆག་ཡང་སྲོལ་ཡིག》ལྟར་ཁྲལ་དངུལ་མི་བསྡུ་བར་གཏན་འཁེལ་བྱས་ཡོད་པའི་ཐོབ་ཆ་ལ་གོ །

དོན་ཚན་བཅུ་གསུམ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་དང་པོའི་ཁག་དང་པོའི་ནང་དུ་བཀོད་པའི་ཁྲིམས་ལྟར་གཏན་འཁེལ་བྱས་ཡོད་པའི་འཕྲི་འཐེན་གཞན་དག་ཞེས་པ་ནི།མི་སྒེར་གྱིས་རྒྱལ་ཁབ་ཀྱི་གཏན་འཁེལ་དང་མཐུན་པའི་སྒོ་ནས་སྤྲོད་ཀྱིན་པའི་ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས།མི་སྒེར་གྱིས་རྒྱལ་ཁབ་ཀྱི་གཏན་འཁེལ་དང་མཐུན་པའི་སྒོ་ནས་ཉོས་པའི་ཚོང་ལས་བདེ་ཐང་འགན་བཅོལ་དང་ཁྲལ་སྡུད་རིམ་འགྱང་ཅན་གྱི་ཚོང་ལས་རྒན་གསོ་འགན་བཅོལ་གྱི་གཏོང་སྤྲོད་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲི་འཐེན་བྱེད་ཆོག་པར་གཏན་འཁེལ་བྱས་ཡོད་པའི་ལས་གཞི་གཞན་དག་ལ་གོ །

ཆེད་དམིགས་འཕྲི་འཐེན་ནམ་ཆེད་དམིགས་ཁ་གསབ་འཕྲི་འཐེན་དང་ཁྲིམས་ལྟར་གཏན་འཁེལ་བྱས་ཡོད་པའི་འཕྲི་འཐེན་གཞན་དག་ལ་གཞིས་དམངས་མི་སྒེར་གྱི་ཁྲལ་འཇལ་བའི་ལོ་འཁོར་གཅིག་གི་ཁྲལ་འཇལ་དགོས་པའི་གྲངས་ཀ་དེ་ཚད་བཀག་གྲངས་བཅད་དུ་འཇོག་དགོས་ལ།ཁྲལ་འཇལ་དགོས་པའི་ལོ་འཁོར་གཅིག་གི་ནང་དུ་འཕྲི་འཐེན་བྱེད་མི་ཚར་བ་ཡིན་ན།ལོ་འཁོར་རྗེས་མའི་ནང་དུ་འཕྲི་འཐེན་མི་བྱེད་པ་ཡིན།

དོན་ཚན་བཅུ་བཞི་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་དང་པོའི་ཁག་གཉིས་པ་དང་ཁག་བཞི་པ།ཁག་དྲུག་པ་བཅས་སུ་བཀོད་པའི་ཐེངས་རེ་རེར་ཞེས་པ་དེ་ནི་སོ་སོར་གཤམ་གྱི་བྱེད་ཐབས་ལྟར་གཏན་འབེབས་བྱེད་དགོས།

(གཅིག)ངལ་རྩོལ་ཐོབ་ཆའི་ཡོང་སྒོ་དང་རྩོམ་ཡོན་ཐོབ་ཆའི་ཡོང་སྒོ།དམིགས་བསལ་དབང་ཆ་བཀོལ་སྤྱོད་བྱས་པའི་ཐོབ་ཆའི་ཡོང་སྒོ་སོགས་ཐེངས་གཅིག་རང་བཞིན་གྱི་ཡོང་སྒོ་རུ་གཏོགས་ན།ཐོབ་པའི་ཡོང་སྒོ་དེ་ནི་ཐེངས་གཅིག་རང་བཞིན་གྱི་ཡོང་སྒོ་ཡིན་པ་དང་།ལས་གཞི་གཅིག་གི་བསྟུད་མར་རང་བཞིན་གྱི་ཡོང་སྒོ་རུ་གཏོགས་ན།ཟླ་གཅིག་གི་ནང་དུ་བླངས་པའི་ཡོང་སྒོ་དེ་ཐེངས་གཅིག་ལ་བརྩི་དགོས།

(གཉིས)རྒྱུ་ནོར་བོགས་མར་བཏང་བ་ལས་ཐོབ་པའི་ཡོང་སྒོ་ནི།ཟླ་གཅིག་གི་ནང་དུ་བླངས་པའི་ཡོང་སྒོ་དེ་ཐེངས་གཅིག་ལ་བརྩི་དགོས།

(གསུམ)སྐྱེད་ཀ་དང་རྐང་སྐྱེད།ཁེ་སྤོགས་སོགས་ཀྱི་ཐོབ་ཆ་ནི།སྐྱེད་ཀ་དང་རྐང་སྐྱེད།སྐྱེད་དངུལ་སོགས་ལས་བླངས་པའི་ཡོང་སྒོ་དེ་ཐེངས་གཅིག་ལ་བརྩི་དགོས།

(བཞི)སྟེས་དབང་གི་ཐོབ་ཆ་ནི།ཐེངས་རེར་ཐོབ་པའི་ཡོང་སྒོ་དེ་ཐེངས་གཅིག་ཡོང་སྒོ་རུ་བརྩི་དགོས་པ་བཅས་སོ།

དོན་ཚན་བཅོ་ལྔ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་དང་པོའི་ཁག་གསུམ་པའི་ནང་དུ་བཀོད་པའི་མ་གནས་དང་དགོས་དངུལ་ཞེས་པ་ནི།ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་ཁྲོད་བྱུང་བའི་ཐད་ཀའི་གཏོང་སྤྲོད་དང་བགོ་བཤའ་སྣ་ཚོགས་མ་གནས་ནང་བརྩིས་པའི་གཞན་བརྒྱུད་གྲོན་དངུལ་དང་ཕྱིར་ཚོང་གྲོན་དངུལ།དོ་དམ་གྲོན་དངུལ།ནོར་དོན་གྲོན་དངུལ་བཅས་ལ་གོ་ཞིང་།གྱོང་གུན་ཞེས་པ་ནི་ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་ཁྲོད་བྱུང་བའི་གཏན་འཇགས་རྒྱུ་ནོར་དང་གསོག་འཇོག་དངོས་པོའི་རྩིས་བཤེར་གྱོང་གུན།གཏོར་བརླག་ཐེབས་པ། བེད་མེད་ཟུར་འཇོག་བྱས་པའི་གྱོང་གུན།རྒྱུ་ནོར་ནང་བཤུག་བཏང་བའི་གྱོང་གུན།བསྡུ་ཐབས་མེད་པའི་རྩིས་ཁྲའི་གྱོང་གུན།རང་བྱུང་གནོད་འཚེ་སོགས་གཡོལ་ཐབས་མེད་པའི་རྒྱུ་རྐྱེན་ལས་བྱུང་བའི་གྱོང་གུན་དང་གྱོང་གུན་གཞན་དག་བཅས་ལ་གོ། 

བདག་གཉེར་ཐོབ་ཆ་བླངས་པའི་མི་སྒེར་ལ།ཕྱོགས་བསྡུས་ཐོབ་ཆ་མེད་ན།དེའི་ཁྲལ་འཇལ་བའི་ལོ་འཁོར་གྱི་ཁྲལ་འཇལ་དགོས་པའི་དངུལ་གྲངས་བརྩི་སྐབས།སྒོར་ཁྲི6གི་གྲོན་དངུལ་དང་ཆེད་དམིགས་འཐེན་བཅག ཆེད་དམིགས་ཁ་གསབ་འཐེན་བཅག་བཅས་དང་གཞན་ད་རུང་ཁྲིམས་ལྟར་གཏན་འཁེལ་བྱས་ཡོད་པའི་འཐེན་བཅག་གཞན་པ་འཐེན་དགོས།ཆེད་དམིགས་ཁ་གསབ་འཐེན་བཅག་ནི་གཙང་རྩིས་བརྒྱག་སྐབས་འཐེན་དགོས།

ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་སྤེལ་ཏེ།ཁྲལ་དངུལ་སྤྲོད་པའི་རྒྱུ་ཆ་ཆ་ཚང་དང་ཡང་དག་འདོན་སྤྲོད་མི་བྱེད་པར་ཁྲལ་འཇལ་གྲངས་འབོར་ཡང་དག་སྒོས་བརྩི་ཐབས་མེད་ན།གཙོ་གཉེར་ཁྲལ་དོན་སྡེ་ཁག་གིས་ཁྲལ་འཇལ་དགོས་པའི་ཐོབ་ཆ་དང་ཡང་ན་ཁྲལ་འཇལ་གྲངས་འབོར་ཞིབ་གཅོད་བྱེད་དགོས།

དོན་ཚན་བཅུ་དྲུག་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་དང་པོའི་ཁག་ལྔ་པའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མ་གཞིའི་རིན་གོང་ཞེས་པ་ནི།གཤམ་གྱི་བྱེད་ཐབས་ལྟར་གཏན་འབེབས་བྱེད་དགོས།

(གཅིག)རིན་ཡོད་དངུལ་འཛིན།ཉོས་པའི་རིན་གོང་དང་ཉོ་བའི་སྐབས་སུ་གཏན་འཁེལ་ལྟར་སྤྲོད་དགོས་པའི་འབྲེལ་ཡོད་གྲོན་དངུལ།

(གཉིས)ཨར་ལས་དངོས་པོ།ཨར་ལས་བྱས་པའི་འགྲོ་གྲོན་དང་ཡང་ན་ཉོ་སྒྲུབ་རིན་གོང་།འབྲེལ་ཡོད་གྲོན་དངུལ་གཞན་དག་བཅས་ཡིན།

(གསུམ)ས་ཆ་བཀོལ་སྤྱོད་དབང་ཆ།ས་ཆ་དེའི་བཀོལ་སྤྱོད་དབང་ཆ་ཐོབ་ཆེད་བཏང་བའི་འགྲོ་གྲོན་དང་།ས་ཆ་དེ་གསར་སྤེལ་བྱེད་ཆེད་བཏང་བའི་འགྲོ་གྲོན།འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་པ་བཅས་ཡིན།

(བཞི)འཕྲུལ་འཁོར་སྒྲིག་ཆས་དང་རླངས་འཁོར་གྲུ་གཟིངས།ཉོ་སྒྲུབ་རིན་གོང་དང་སྐྱེལ་འདྲེན་འགྲོ་གྲོན།སྒྲིག་སྦྱོར་འགྲོ་གྲོན་བཅས་དང་གཞན་ད་རུང་འབྲེལ་ཡོད་འགྲོ་གྲོན་གཞན་པ་བཅས་ཡིན།

རྒྱུ་ནོར་གཞན་པ།གོང་དུ་བཀོད་པའི་གཏན་འཁེལ་གྱི་བྱེད་ཐབས་ལ་ཟུར་ལྟ་བྱས་ཏེ་རྒྱུ་ནོར་གྱི་མ་གཞིའི་རིན་གོང་གཏན་འབེབས་བྱེད་དགོས།

ཁྲལ་འཇལ་མཁན་གྱིས་ཆ་ཚང་བ་དང་ཡང་དག་པའི་རྒྱུ་ནོར་གྱི་མ་གཞིའི་རིན་གོང་གི་དངོས་དཔང་འདོན་སྤྲོད་མི་བྱེད་པར།དོན་ཚན་འདིའི་ཁོད་ཚན་དང་པོའི་ནང་གཏན་འཁེལ་བྱས་ཡོད་པའི་བྱེད་ཐབས་ལྟར་རྒྱུ་ནོར་གྱི་མ་གཞིའི་རིན་གོང་གཏན་འབེབས་བྱེད་མི་ཐུབ་ན།གཙོ་གཉེར་ཁྲལ་དོན་ལས་ཁུངས་ཀྱིས་རྒྱུ་ནོར་གྱི་མ་གཞིའི་རིན་གོང་ཞིབ་གཅོད་བྱེད་དགོས།

མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་དང་པོའི་ཁག་ལྔ་པའི་ནང་དུ་བཀོད་པའི་ལུགས་མཐུན་གྲོན་དངུལ་ཞེས་པ་ནི།རྒྱུ་ནོར་བཙོང་སྐབས་གཏན་འཁེལ་ལྟར་སྤྲོད་དགོས་པའི་འབྲེལ་ཡོད་ཁྲལ་དངུལ་ལ་གོ །

དོན་ཚན་བཅུ་བདུན་པ། རྒྱུ་ནོར་ནང་བཤུག་བྱས་པའི་ཐོབ་ཆ།ཐེངས་གཅིག་ལ་རྒྱུ་ནོར་ནང་བཤུག་བྱས་པའི་ཡོང་སྒོ་ལས་རྒྱུ་ནོར་གྱི་མ་གཞིའི་རིན་གོང་དང་ལུགས་མཐུན་གྲོན་དངུལ་འཕྲི་རྗེས་ཀྱི་ལྷག་ཚད་ལྟར་ཁྲལ་དངུལ་བརྩི་དགོས།

དོན་ཚན་བཅོ་བརྒྱད་པ།མི་སྒེར་གཉིས་ཡན་ལ་མཉམ་དུ་ལས་གཞི་གཅིག་གི་ཡོང་སྒོ་ཐོབ་ན།མི་རེ་རེར་ཐོབ་པའི་ཡོང་སྒོ་ལ་བལྟས་ནས་སོ་སོར་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁྲལ་དངུལ་བརྩི་དགོས།

དོན་ཚན་བཅུ་དགུ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོད་ཚན་གསུམ་པའི་ནང་དུ་བཀོད་པའི་མི་སྒེར་གྱིས་རང་ཉིད་ཀྱི་ཐོབ་ཆ་དེ་སློབ་གསོ་དང་དབུལ་སྐྱོར།དབུལ་བོར་གུད་སྐྱོབ་བྱེད་པ་སོགས་ཀྱི་སྤྱི་ཕན་ཕན་བདེའི་ལས་དོན་ཐད་ཕུལ་བའི་ཞལ་འདེབས་ཞེས་པ་ནི།མི་སྒེར་གྱིས་རང་ཉིད་ཀྱི་ཡོང་སྒོ་དེ་ཀྲུང་གོའི་རྒྱལ་ནང་གི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་དང་རྒྱལ་ཁབ་ལས་ཁུངས་བརྒྱུད་དེ་སློབ་གསོ་དང་དབུལ་སྐྱོར།དབུལ་བོར་གུད་སྐྱོབ་བྱེད་པ་སོགས་སྤྱི་ཕན་ཕན་བདེའི་ལས་དོན་ཐད་ཞལ་འདེབས་ཕུལ་བ་ལ་གོ་ཞིང་།ཁྲལ་དངུལ་སྤྲོད་དགོས་པའི་ཡོང་སྒོའི་གྲངས་འབོར་ཞེས་པ་ནི་ཞལ་འདེབས་གྲངས་འབོར་མ་འཕྲི་གོང་ཁྲལ་དངུལ་སྤྲོད་དགོས་པའི་གྲངས་འབོར་དེ་ལ་གོ །

དོན་ཚན་ཉི་ཤུ་པ།གཞིས་དམངས་སྒེར་གྱིས་ཀྲུང་གོའི་རྒྱལ་ནང་དང་རྒྱལ་ཕྱི་ནས་བླངས་པའི་ཕྱོགས་བསྡུས་ཡོང་སྒོ་དང་བདག་གཉེར་ཡོང་སྒོ་ལ།སོ་སོར་གཅིག་བསྡུས་སྒོས་འཇལ་དགོས་པའི་དངུལ་གྲངས་བརྩི་དགོས་པ་དང་།ཀྲུང་གོའི་རྒྱལ་ནང་དང་རྒྱལ་ཕྱི་ནས་བླངས་པའི་ཡོང་སྒོ་གཞན་དག་ལ་སོ་སོར་ཁེར་རྐྱང་གིས་འཇལ་དགོས་པའི་དཔྱ་ཁྲལ་གྱི་དངུལ་གྲངས་བརྩི་དགོས།

དོན་ཚན་ཉེར་གཅིག་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པའི་ནང་དུ་བཀོད་པའི་རྒྱལ་ཁབ་ཕྱི་ནས་སྤྲད་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཁྲལ་འབབ་ཞེས་པ་ནི།གཞིས་དམངས་སྒེར་གྱི་རྒྱལ་ཁབ་ཕྱི་རོལ་གྱི་ཡོང་སྒོ་དང་།ཡོང་སྒོ་དེའི་ཡོང་ཁུངས་རྒྱལ་ཁབ(ས་ཁུལ)ཀྱི་བཅའ་ཁྲིམས་ལྟར་སྤྲོད་དགོས་པར་མ་ཟད་དོན་དངོས་སུ་སྤྲད་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་ཁྲལ་འབབ་ལ་གོ །

མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པའི་ནང་བཀོད་པའི་ཁྲལ་འཇལ་མཁན་གྱི་རྒྱལ་ཁབ་ཕྱིའི་ཡོང་སྒོ་ཡི་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རྩིས་བརྒྱབ་པའི་དཔྱ་ཁྲལ་འཇལ་དགོས་པའི་གྲངས་འབོར་ཞེས་པ་ནི།གཞིས་དམངས་སྒེར་གྱིས་རྒྱལ་ཁབ་ཕྱི་ནས་སྤྲད་ཟིན་པ་འཕྲི་གཅོག་བྱེད་དགོས་པའི་ཕྱོགས་བསྡུས་ཡོང་སྒོ་དང་བདག་གཉེར་ཡོང་སྒོ། གཞན་ད་རུང་ཡོང་སྒོ་གཞན་པ་བཅས་ཀྱི་ཐོབ་ཁྲལ་ཁྲལ་འབབ་ཀྱི་བཅད་གྲངས(གཤམ་ནས་འཕྲི་གཅོག་བཅད་གྲངས་སུ་འབོད)ལ་གོ ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་གཞན་པ་བྱས་ཡོད་ན་མ་གཏོགས།ཡོང་ཁུངས་རང་རྒྱལ་མ་ཡིན་པའི་རྒྱལ་ཁབ(ས་ཁུལ)གཞན་པའི་ཕྱོགས་བསྡུས་ཡོང་སྒོའི་འཕྲི་གཅོག་བཅད་གྲངས་དང་བདག་གཉེར་ཡོང་སྒོའི་འཕྲི་གཅོག་བཅད་གྲངས།གཞན་ད་རུང་ཡོང་སྒོ་གཞན་པའི་འཕྲི་གཅོག་བཅད་གྲངས་བཅས་ཀྱི་སྡོམ་གྲངས་ནི་རྒྱལ་ཁབ་དེ་ནས་ཐོབ་པའི་ཡོང་སྒོའི་འཕྲི་གཅོག་བཅད་གྲངས་ཡིན།

གཞིས་དམངས་མི་སྒེར་གྱིས་ཀྲུང་གོའི་ཕྱི་རོལ་གྱི་རྒྱལ་ཁབ(ས་ཁུལ)གཞན་པ་ནས་དོན་དངོས་སུ་སྤྲད་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་ཁྲལ་འབོར་དེ།དོན་ཚན་གོང་མའི་ནང་གི་གཏན་ཁེལ་ལྟར་རྩིས་བརྒྱབ་པའི་རྒྱལ་ཁབ(ས་ཁུལ)དེ་ནས་ཐོབ་པའི་ཡོང་སྒོའི་འཕྲི་གཅོག་བཅད་གྲངས་ལས་དམའ་ན།ཆད་པའི་ཁྲལ་འབོར་དེ་ཀྲུང་གོ་ནས་སྤྲོད་དགོས་པ་དང་།རྒྱལ་ཁབ(ས་ཁུལ)དེ་ནས་ཐོབ་པའི་ཡོང་སྒོའི་འཕྲི་གཅོག་བཅད་གྲངས་ལས་མཐོ་ན།མཐོ་བའི་ཆ་ཤས་དེ་ཁྲལ་འཇལ་ལོ་འཁོར་དེའི་འཇལ་དགོས་པའི་ཁྲལ་འབོར་ནང་འཕྲི་གཅོག་བྱེད་མི་ཆོག་མོད།འོན་ཀྱང་རྗེས་ཕྱོགས་ཀྱི་ཁྲལ་འཇལ་ལོ་འཁོར་ནང་གི་ཡོང་ཁུངས་རྒྱལ་ཁབ(ས་ཁུལ)དེ་ཡིན་པའི་ཡོང་སྒོའི་འཕྲི་གཅོག་བཅད་གྲངས་ཀྱི་ལྷག་མའི་ནང་ནས་བཅག་ཆོག གཅོག་པའི་དུས་ཡུན་ཆེས་རིང་ནའང་ལོ་ལྔ་ལས་བརྒལ་མི་རུང་།

དོན་ཚན་ཉེར་གཉིས་པ།གཞིས་དམངས་མི་སྒེར་གྱིས་རྒྱལ་ཁབ་ཕྱི་རོལ་ནས་སྤྲད་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་ཁྲལ་འབབ་འཕྲི་གཅོག་བྱེད་དགོས་པའི་རེ་འདུན་ཞུ་ན།རྒྱལ་ཁབ་ཕྱི་རོལ་གྱི་ཁྲལ་དོན་སྡེ་ཁག་གིས་བཏོན་པའི་ཁྲལ་དངུལ་སྤྲད་པའི་ལོ་དེའི་འབྲེལ་ཡོད་ཁྲལ་འཇལ་དཔང་རྟགས་འདོན་སྤྲོད་བྱེད་དགོས།

དོན་ཚན་ཉེར་གསུམ་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ཁོད་ཚན་གཉིས་པའི་ནང་གཏན་འཁེལ་བྱས་ཡོད་པའི་སྐྱེད་ཀ་དེ།ཁྲལ་དངུལ་ཁོངས་གཏོགས་ཁྲལ་སྒྲུབ་སྙན་ཞུའི་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་དེར་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་སྒྲོག་བྱས་པའི་ཁྲལ་དངུལ་ཁ་གསབ་བྱེད་སྐབས་དང་རིམ་པ་མཚུངས་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་བའི་རྩིས་གཞིའི་སྐྱེད་ཀ་ལྟར་བརྩིས་བརྒྱག་དགོས།ཁྲལ་དངུལ་ཁྲལ་སྒྲུབ་སྙན་ཞུའི་དུས་ཡུན་ལོངས་པའི་ཉིན་དེ་ནས་ཁྲལ་དངུལ་ཁ་གསབ་བྱེད་པའི་དུས་ཡུན་ལོངས་པའི་ཉིན་བར་ཉི་གྲངས་ལྟར་མང་བསྡུ་བྱེད་དགོས་པ་དང་།ཁྲལ་འཇལ་མཁན་གྱིས་ཁྲལ་དངུལ་ཁ་གསབ་བྱེད་པའི་དུས་ཡུན་མ་ལོངས་གོང་ཁྲལ་དངུལ་ཁ་གསབ་བྱས་ཚར་ན།ཁྲལ་དངུལ་ཁ་གསབ་བྱེད་པའི་ཉིན་དེའི་བར་དུ་སྐྱེད་ཀ་མང་བསྡུ་བྱེད་དགོས།

དོན་ཚན་ཉེར་བཞི་པ།ཁྲལ་བསྡུ་མཁན་གྱིས་མི་སྒེར་གྱི་ཁྲལ་འཇལ་གྲོན་དངུལ་བསྡུ་བའི་སྐབས་སུ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁྲལ་དངུལ་སྔོན་འཕྲི་དང་ཡང་ན་ཚབ་འཐེན་བྱས་ཏེ།དུས་ལྟར་མཛོད་འཇུག་བྱེད་དགོས་པར་མ་ཟད།ཆེད་དམིགས་ཐོ་འགོད་བྱས་ཏེ་གྲབས་དཔྱད་དུ་འཇོག་དགོས།

ཁོད་ཚན་གོང་མའི་ནང་གི་བསྡུ་བ་ཞེས་པའི་ནང་དུ་དངུལ་སྒོར་བསྡུ་བ་དང་དངུལ་འགྲུལ་བཏང་ནས་བསྡུ་བ།དངུལ་ཁོངས་བསྒྱུར་ཏེ་བསྡུ་བ་བཅས་དང་གཞན་ད་རུང་རིན་ལྡན་དངུལ་འཛིན་དང་དངོས་པོ་སོགས་ཀྱི་རྣམ་པ་གཞན་པ་སྤྱད་དེ་བསྡུ་བ་སོགས་འདུས། 

དོན་ཚན་ཉེར་ལྔ་པ། ཕྱོགས་བསྡུས་ཐོབ་ཆ་བླངས་བར་གཙང་རྩིས་རྒྱག་པའི་རྣམ་པ་ལ་གཤམ་གྱི་འདི་དག་འདུས་པ་སྟེ།

(གཅིག)ཕྱོགས་གཉིས་ཡན་ནས་ཕྱོགས་བསྡུས་ཐོབ་ཆ་བླངས་པར་མ་ཟད།ཕྱོགས་བསྡུས་ཐོབ་ཆའི་ལོའི་ཡོང་སྒོའི་ནང་ནས་ཆེད་དམིགས་འཕྲི་གཅོག་འཕྲི་འཐེན་བྱས་པའི་འཕྲོ་ལྷག་སྒོར་ཁྲི6ལས་བརྒལ་བ།

(གཉིས)ངལ་རྩོལ་གླ་ཆའི་ཡོང་སྒོ་དང་རྩོམ་ཡོན་གྱི་ཡོང་སྒོ།དམིགས་བསལ་དབང་ཆ་ལོངས་སྤྱོད་བྱེད་པའི་ཡོང་སྒོ་བཅས་ཀྱི་ཁྲོད་ནས་གཅིག་དང་ཡང་ན་འགའ་ཐོབ་པར་མ་ཟད།ཕྱོགས་བསྡུས་ཐོབ་ཆའི་ལོའི་ཡོང་སྒོའི་ནང་ནས་ཆེད་དམིགས་འཕྲི་གཅོག་འཕྲི་འཐེན་བྱས་པའི་འཕྲོ་ལྷག་སྒོར་ཁྲི6ལས་བརྒལ་བ།

(གསུམ)ཁྲལ་འཇལ་ལོ་འཁོར་ནང་སྔོན་འཕྲི་བྱས་པའི་ཁྲལ་དངུལ་དེ་འཇལ་དགོས་པའི་ཁྲལ་དངུལ་ལས་ཉུང་བ།

(བཞི)ཁྲལ་འཇལ་མཁན་གྱིས་ཁྲལ་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུས་པ།

ཁྲལ་འཇལ་མཁན་གྱིས་ཁྲལ་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུས་ན།དེའི་ཀྲུང་གོའི་རྒྱལ་ཁོངས་ནང་གསར་འཛུགས་བྱས་པའི་ཐོ་གྲངས་འདོན་སྤྲོད་བྱེད་དགོས་པར་མ་ཟད།གཙང་རྩིས་བརྒྱབ་པའི་ས་གནས་དེ་ནས་ཁྲལ་དངུལ་ཕྱིར་སློག་པའི་འགྲོ་རིམ་བསྒྲུབ་དགོས།

གཙང་རྩིས་བརྒྱག་པའི་བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱེད་དགོས།

དོན་ཚན་ཉེར་དྲུག་པ།མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་པའི་ཁོད་ཚན་གཉིས་པའི་ནང་བཀོད་པའི་མི་ཡོངས་ཀྱི་ཐོབ་ཁྲལ་ཆ་ཚང་འཕྲི་འཐེན་བྱེད་པའི་སྙན་སེང་ཞེས་པ་ནི། ཁྲལ་བསྡུ་མཁན་གྱིས་ཁྲལ་དངུལ་ཚབ་འཐེན་བྱས་པའི་ཟླ་དེའི་ཉིན་བཅོ་ལྔའི་ནང་།གཙོ་གཉེར་ཁྲལ་དོན་ལས་ཁུངས་ལ་སྒེར་གྱི་ཡོང་སྒོའི་འབྲེལ་ཡོད་ཆ་འཕྲིན་དང་སྤྲད་པའི་ཡོང་སྒོའི་གྲངས་འབོར།འཕྲི་འཐེན་བྱས་པའི་རྣམ་གྲངས་དང་གྲངས་འབོར།ཁྲལ་དངུལ་སྤྲད་པའི་བྱེ་བྲག་གི་གྲངས་འབོར་དང་སྤྱི་གྲངས།གཞན་ད་རུང་འབྲེལ་ཡོད་ཁྲལ་འབྲེལ་ཆ་འཕྲིན་གཞན་དག་སོགས་ཀྱི་རྒྱུ་ཆ་ཡོངས་རྫོགས་འདོན་སྤྲོད་བྱེད་དགོས།

དོན་ཚན་ཉེར་བདུན་པ།ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་བའི་ས་གནས་དང་འབྲེལ་ཡོད་རྣམ་གྲངས་གཞན་དག་བསྒྲུབ་པའི་བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ།གཞིས་དམངས་མི་སྒེར་གྱིས་ཟླ་ཕོགས་དང་ཕོགས་ཐོབ་སོགས་བླངས་རྗེས།ཁྲལ་བསྡུ་མཁན་ལ་ཆེད་དམིགས་ཟུར་སྣོན་འཕྲི་གཅོག་གི་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་བྱས་ཏེ།ཁྲལ་བསྡུ་མཁན་གྱིས་ཁྲལ་དངུལ་འཕྲི་གཅོག་བྱེད་པའི་སྐབས་སུ་ཆེད་དམིགས་ཟུར་སྣོན་འཕྲི་གཅོག་འཕྲི་འཐེན་བྱེད་དུ་བཅུག་ཆོག ཁྲལ་འཇལ་མཁན་གྱིས་དུས་ཡུན་གཅིག་གི་ནང་དུ་ཕྱོགས་གཉིས་ཡན་ནས་ཟླ་ཕོགས་དང་ཕོགས་ཐོབ་ལེན་གྱིན་ཡོད་པར་མ་ཟད།ཁྲལ་བསྡུ་མཁན་གྱིས་ཆེད་དམིགས་ཟུར་སྣོན་འཕྲི་གཅོག་འཕྲི་འཐེན་བྱས་ཟིན་ན།ཆེད་དམིགས་རྣམ་གྲངས་ཀྱི་ཟུར་སྣོན་འཕྲི་འཐེན་རྣམ་གྲངས་གཅིག་གི་ནང་ནས།ཁྲལ་འཇལ་ལོ་འཁོར་གཅིག་གི་ཕྱོགས་གཅིག་ནས་བླངས་པའི་ཐོབ་ཆའི་ནང་འཕྲི་འཐེན་བྱེད་དགོས།

གཞིས་དམངས་མི་སྒེར་གྱིས་ངལ་རྩོལ་གླ་ཆའི་ཐོབ་ཆ་དང་རྩོམ་ཡོན་ཐོབ་ཆ།དམིགས་བསལ་དབང་ཆ་བཀོལ་སྤྱོད་བྱེད་པའི་ཐོབ་ཆ་སོགས་བླངས་རྗེས།གཙང་རྩིས་བརྒྱག་པའི་སྐབས་སུ་ཁྲལ་དོན་ལས་ཁུངས་ལ་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་བྱས་ཏེ།ཆེད་དམིགས་ཟུར་སྣོན་འཕྲི་གཅོག་འཕྲི་འཐེན་བྱེད་དུ་བཅུག་ཆོག

དོན་ཚན་སུམ་ཅུ་པ།ཁྲལ་བསྡུ་མཁན་གྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་ལྟར་འཕྲི་འཐེན་སྙན་སེང་བསྒྲུབ་དགོས་པ་ལས།རང་འདོད་ལྟར་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་བསྒྱུར་བཅོས་བྱེད་མི་ཆོག

ཁྲལ་འཇལ་མཁན་གྱིས་ཁྲལ་བསྡུ་མཁན་གྱིས་འདོན་སྤྲོད་བྱས་པའམ་ཡང་ན་འཕྲི་འཐེན་སྙན་སེང་སྟེང་གི་སྒེར་གྱི་ཆ་འཕྲིན་དང་ཡོང་སྒོ།འཕྲི་འཐེན་བྱས་པའི་ཁྲལ་དངུལ་སོགས་དོན་དངོས་ཀྱི་གནས་ཚུལ་དང་མི་མཐུན་པ་ཤེས་ན།ཁྲལ་བསྡུ་མཁན་ལ་བསྒྱུར་བཅོས་བྱེད་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད།ཁྲལ་བསྡུ་མཁན་གྱིས་བསྒྱུར་བཅོས་མི་བྱེད་ན།ཁྲལ་འཇལ་མཁན་གྱིས་ཁྲལ་དོན་ལས་ཁུངས་ལ་བཤད་དེ།ཁྲལ་དོན་ལས་ཁུངས་ལ་དུས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།

ཁྲལ་འཇལ་མཁན་དང་ཁྲལ་བསྡུ་མཁན་གྱིས་གཏན་འཁེལ་ལྟར་ཆེད་དམིགས་ཟུར་སྣོན་འཕྲི་གཅོག་གི་འབྲེལ་ཡོད་རྒྱུ་ཆ་ཉར་ཚགས་བྱེད་དགོས།ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆེད་དམིགས་ཟུར་སྣོན་འཕྲི་གཅོག་ཆ་འཕྲིན་ལ་བསྐོང་བཤེར་བྱེད་ཆོག་ལ། དེའི་བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་ལོགས་སུ་གཏན་འབེབས་བྱེད་དགོས།ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་ན།བསྒྱུར་བཅོས་བྱེད་དགོས་པའི་བཀའ་འབེབས་དགོས་པར་མ་ཟད་ཁྲལ་བསྡུ་མཁན་ལ་བརྡ་བརྒྱག་དགོས།གནས་ཚུལ་ཛ་དྲག་ཡིན་ན།འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་།ཡིད་རྟོན་ཤོར་བའི་ཆ་འཕྲིན་མ་ལག་གི་ནང་དུ་བཞག་ནས་མཉམ་དུ་ཆད་པ་གཅོད་དགོས།

དོན་ཚན་སོ་གཅིག་པ།ཁྲལ་འཇལ་མཁན་གྱིས་ཁྲལ་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུ་སྐབས།འདོན་སྤྲོད་བྱས་པའི་གཙང་རྩིས་བརྒྱབ་པའི་ཆ་འཕྲིན་ནོར་ཡོད་ན།ཁྲལ་དོན་ལས་ཁུངས་ཀྱིས་དེ་ལ་བཤད་དེ་བསྒྱུར་བཅོས་བྱེད་དུ་འཇུག་དགོས།ཁྲལ་འཇལ་མཁན་གྱིས་བསྒྱུར་བཅོས་བྱས་རྗེས།ཁྲལ་དོན་ལས་ཁུངས་ཀྱིས་ངེས་པར་དུས་ལྟར་ཁྲལ་དངུལ་ཕྱིར་སློག་བྱེད་དགོས།

ཁྲལ་དངུལ་བསྡུ་མཁན་གྱིས་འཕྲི་གཅོག་བྱས་པའི་ཁྲལ་དངུལ་དེ་མཛོད་འཇུག་བྱེད་ཁོམ་མ་བྱུང་བ་དེས་ཁྲལ་འཇལ་མཁན་གྱིས་གཏན་འཁེལ་ལྟར་ཁྲལ་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུ་བར་གནོད་འཚེ་མི་ཐེབས་ལ།ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་འབྲེལ་ཡོད་རྒྱུ་ཆ་ལྟར་ཁྲལ་དངུལ་ཕྱིར་སློག་བྱེད་པའི་འགྲོ་རིམ་བསྒྲུབ་ཆོག

དོན་ཚན་སོ་གཉིས་པ།ཐོབ་ཆ་དེ་མི་དམངས་ཤོག་སྒོར་མ་ཡིན་པའི་ཕྱི་རྒྱལ་གྱི་སྒོར་མོ་ཡིན་ན།ཁྲལ་འཇལ་སྙན་ཞུ་ཕུལ་བའམ་ཡང་ན་འཕྲི་འཐེན་སྙན་ཞུ་ཕུལ་བའི་ཟླ་སྔོན་མོའི་ཆེས་མཇུག་མཐའི་ཉིན་དེའི་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་བར་མའི་རིན་གོང་ལྟར་མི་དམངས་ཤོག་སྒོར་ལ་བཅག་ནས་ཁྲལ་འཇལ་དགོས་པའི་འབོར་གྲངས་བརྩིས་བརྒྱག་དགོས།ལོ་འཁོར་རྫོགས་ཏེ་གཙང་རྩིས་བརྒྱག་དགོས་ན།ཟླ་དང་དུས་ཚིགས།ཐེངས་གྲངས་ལྟར་ཁྲལ་དངུལ་སྔོན་སྤྲོད་བྱས་པའི་མི་དམངས་ཤོག་སྒོར་མ་ཡིན་པའི་ཕྱི་རྒྱལ་གྱི་སྒོར་མོའི་ཡོང་སྒོ་ཡང་བསྐྱར་བརྩིས་མི་བརྒྱག་པ་ཡིན།ཁྲལ་དངུལ་གསབ་སྤྲོད་བྱེད་དགོས་པའི་ཆ་ཤས་དེར།ཁྲལ་འཇལ་ལོ་འཁོར་སྔོན་མའི་ཆེས་མཇུག་མཐའི་ཉིན་མོའི་དངུལ་བརྗེས་འཛའ་ཐང་གི་བར་མའི་རིན་གོང་ལྟར་མི་དམངས་ཤོག་སྒོར་ལ་བཅག་ནས་སྤྲོད་དགོས་པའི་ཁྲལ་དངུལ་འབོར་གྲངས་བརྩི་དགོས།

དོན་ཚན་སོ་གསུམ་པ།ཁྲལ་དོན་ལས་ཁུངས་ཀྱིས་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་གཏན་འཁེལ་ལྟར་ཁྲལ་བསྡུ་མཁན་ལ་འགྲོ་རིམ་བསྒྲུབ་པའི་གྲོན་དངུལ་སྤྲད་རྗེས་ཕྱིར་སློག་ཡི་གེ་འབྲི་དགོས་པ་དང་།ཁྲལ་བསྡུ་མཁན་གྱིས་ཕྱིར་སློག་ཡི་གེ་ལ་བརྟེན་ནས་རྒྱལ་མཛོད་དོ་དམ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་མཛོད་ཁང་ནས་ཕྱིར་སློག་པའི་འགྲོ་རིམ་བསྒྲུབ་དགོས།

དོན་ཚན་སོ་བཞི་པ།མི་སྒེར་གྱི་ཐོབ་ཁྲལ་ཁྲལ་འཇལ་སྙན་སེང་རེའུ་མིག་དང་མི་སྒེར་གྱི་ཐོབ་ཁྲལ་འཕྲི་འཐེན་བྱེད་པའི་སྙན་ཞུའི་རེའུ་མིག མི་སྒེར་གྱི་ཐོབ་ཁྲལ་འཇལ་ཟིན་པའི་དཔང་རྟགས་ཀྱི་རྣམ་པ་བཅས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་སྒོས་གཏན་འབེབས་བྱེད་དགོས།

དོན་ཚན་སོ་ལྔ་པ།དམག་དཔུང་གི་མི་སྣའི་མི་སྒེར་གྱི་ཐོབ་ཁྲལ་བསྡུ་སྟངས་ནི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི2019ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།