རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བསམ་འཆར།(སྟོད་ཆ)

  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་རབ་དང་རིམ་པའི་བྱེད་ཕྱོགས་དང་སྲིད་ཇུས་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རོང་འབྲོག་ཁུལ་དང་ཞིང་ཕྱུགས་ལས་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་སྤྱི་ཡོངས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད་དང་གོང་འཕེལ་བྱེད་པར་སྐུལ་སྤེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་རྒྱུད་རིམ་ཁྲོད་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཟང་པོ་བྱེད་པ། ཁུར་ཡང་ཞིང་ཕན་སྲིད་ཇུས་དངོས་འབེབས་བྱེད་ཆེད། ད་ལྟ་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་ལེགས་སྒྲུབ་བྱེད་པར་གཞིགས་ཏེ་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

  གཅིག ལྟ་སྐུལ་དོ་དམ་གྱི་གཙོ་གནད་གསལ་པོ་བྱས་ཏེ་རོང་འབྲོག་པའི་ཁེ་དབང་དངོས་གནས་སྲུང་སྐྱོང་ལེགས་པོ་བྱེད་དགོས། 

རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་ཐད་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད་བྱེད་ནུས་ཇེ་ཆེར་གཏོང་བ་དང་ཞིང་ཕྱུགས་ལས་ཀྱི་རྨང་གཞི་བརྟན་པོར་འདིང་བའི་བླང་བྱ་ལྟར། རྩ་ལག་མཉམ་བཅོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཐོག་ཧུར་ཐག་གིས་གཙོ་གནད་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཁུར་ཡང་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་པ། འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། གནས་བབ་གསར་བའི་འོག་རོང་འབྲོག་པའི་ཁུར་པོར་ལྟ་སྐུལ་དོ་དམ་ཡུན་རིང་ཕན་པའི་ནང་རྐྱེན་དང་སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་གྱི་ནུས་ཡོད་ནང་རྐྱེན་རིམ་བཞིན་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ། རོང་འབྲོག་པའི་ཁུར་པོ་བསྐྱར་ལོག་བྱེད་པར་རྦད་ཆོད་ཀྱིས་སྔོན་འགོག་བྱེད་དགོས། དེང་སྐབས། རོང་འབྲོག་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱ་བའི་ཐད་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་ལྟེ་གནས་བྱས་ནས་གཙོ་བོར་ཕྱོགས་བཞིར་ལྟ་སྐུལ་དོ་དམ་བྱེད་དགོས་པ་སྟེ། 

གཅིག་ནི་སྲིད་གཞུང་གིས་འཁུར་དགོས་པའི་རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་འདེགས་གྲོན་དངུལ་དང་མཁོ་བའི་ངལ་ལས་པ་དེ་རོང་འབྲོག་པའམ་སྡེ་བའི་ཐུན་མོང་གིས་འཁུར་བར་སྒྱུར་ཡོད་མེད་དང་། 

གཉིས་ནི་རོང་འབྲོག་པ་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་སྣ་ཚོགས་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་རང་བཞིན་གྱི་གྲོན་དངུལ་དང་གྲོན་དངུལ་གཞན་པ་བསྡུ་བར་སྲིད་ཇུས་གཞི་འཛིན་ས་ཡོད་མེད་དང་། ཚད་གཞི་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་ཡོད་མེད། 

གསུམ་ནི་རོང་འབྲོག་པར་མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱེད་པ་དེ་དོན་རེར་གྲོས་རེ་བྱེད་པའི་མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱེད་པའི་སྤྱད་འཐུས་ཁྱབ་ཁོངས་དང་མཐུནམིན། གཞུང་དོན་གྲོས་མོལ་གོ་རིམ་དང་བཅད་གྲངས་ཚད་གཞི་སོགས་གཏན་ཁེལ་དང་མཐུན་མིན། 

བཞི་ནི་རོང་འབྲོག་པར་འགྲེམ་སྤེལ་བྱེད་པའི་འབྲུ་འདེབས་ཐད་ཀར་ཁ་གསབ་རོགས་དངུལ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་རོགས་དངུལ། སོན་བཟང་གི་ཁ་གསབ་རོགས་དངུལ། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཉོ་བ་སོགས་ཁ་གསབ་རོགས་དངུལ་བཀག་ཉར་དང་འཐེན་འཕྲིའམ་གཞན་སྤྱོད་བྱེད་ཡོད་མེད་དང་། ས་ཞིང་གཞུང་སྡུད་བྱེད་པའི་སྐྱིན་ཚབ་འཇལ་དངུལ་གྱི་ཚད་གཞི་ལུགས་དང་མཐུན་མིན། མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁ་གསབ་རོགས་དངུལ་སྟེར་བ་དྲང་གཞག་ཡིན་མིན་སོགས་ཡིན། རོང་འབྲོག་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དེ་ལམ་ལུགས་འཛུགས་སྐྲུན་སྐུལ་སྤེལ་དང་དོན་དག་མ་བྱུང་གོང་གི་སྔོན་འགོག་དང་དོན་དག་བྱུང་བའི་རྗེས་ཀྱི་ཞིབ་གཅོད་བྱེད་པར་ཟུང་འབྲེལ་བྱས་ཏེ། རོང་འབྲོག་པའི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་དང་རོང་འབྲོག་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་འབྱུང་ས་ནས་ཚོད་འཛིན་བྱེད་དགོས།

  གཉིས། ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་རང་དགར་གྱིས་བགོ་འགྲེམ་དང་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ལ་ཞིབ་གཅོད་དྲག་པོ་བྱེད་དགོས། 

འབྲེལ་ཡོད་སྡེ་ཁག་གིས་རོང་འབྲོག་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་སུ་རང་དགར་གྱིས་གྲོན་དངུལ་བསྡུ་བའི་གནད་དོན་ཞིབ་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་ཆེད་དོན་བཅོས་སྐྱོང་བྱ་བ་ཟབ་སྤེལ་བྱེད་དགོས།

  གཅིག་ནི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སྐབས་སུ་སློབ་གྲྭས་རང་དགར་གྱིས་གྲོན་དངུལ་བསྡུ་བར་ཞིབ་གཅོད་གཟབ་ནན་བྱེད་དགོས། སྦྱོང་གཞི་དེབ་དངུལ་དང་རང་འཐད་ཀྱིས་སློབ་གྲྭའི་ཟ་མ་ཟ་བའི་སློབ་མར་ཟས་དོད་བསྡུ་བ་ལས་གཞན། གྲོན་དངུལ་གཞན་པ་བསྡུ་བར་གཏན་འགོག་བྱེད་དགོས།

  གཉིས་ནི་སྡེ་བ་དང་ཞང་ལ་གཏོང་བའི་གཞུང་ལམ་བསྐྲུན་སྐབས་སུ་རོང་འབྲོག་པའམ་སྡེ་བའི་ཐུན་མོང་ལ་བགོ་འགྲེམ་དང་མ་དངུལ་རུབ་བསྡུ་བྱེད་པར་ཞིབ་གཅོད་གཟབ་ནན་བྱེད་དགོས། དོན་རེར་གྲོས་རེ་བྱེད་པའི་གོ་རིམ་དང་འགལ་བའམ་ཁྱབ་ཁོངས་དང་ཚད་གཞི་ལས་བརྒལ་ཏེ་རོང་འབྲོག་པར་མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱེད་པར་གཏན་འགོག་བྱེད་པ་དང་། རང་འཐད་ཀྱིས་མ་དངུལ་ཞལ་འདེབས་རྒྱག་པ་སོགས་ཀྱི་མིང་ཐོག་ནས་རྣམ་པ་སྒྱུར་ནས་རོང་འབྲོག་པར་བཙན་ཤེད་ཀྱིས་མ་དངུལ་དང་ངལ་ལས་འདོན་འཇུག་པར་གཏན་འགོག་བྱེད་པ་དང་། སྡེ་བའི་ཐུན་མོང་ལ་མ་དངུལ་རུབ་བསྡུས་བྱེད་པའམ་རྣམ་པ་སྒྱུར་ནས་བགོ་འགྲེམ་དང་མ་དངུལ་རུབ་བསྡུས་བྱེད་པར་གཏན་འགོག་བྱེད་དགོས།

  གསུམ་ནི་རོང་འབྲོག་པས་ཁང་པ་བསྐྲུན་པར་རང་དགར་གྱིས་གྲོན་དངུལ་བསྡུ་བར་ཞིབ་གཅོད་གཟབ་ནན་བྱེད་དགོས། རོང་འབྲོག་པས་ཐུན་མོང་གི་ས་ཞིང་བེད་སྤྱད་དེ་རང་ཉིད་ཀྱི་སྡོད་ཁང་གསར་སྐྲུན་དང་བསྐྱར་སྐྲུན་བྱེད་པའི་སྐབས་སུ་ས་ཞིང་དཔང་ཡིག་གི་མ་གནས་གྲོན་དངུལ་དང་ཁང་པ་བདག་དབང་ཐོ་འགོད་དཔང་ཡིག་གི་མ་གནས་གྲོན་དངུལ་བསྡུ་བ་ལས། སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་གཞན་པ་བསྡུ་མི་རུང་། ཁང་པ་བསྐྲུན་པའི་འགྲོ་ལུགས་སྒྲུབ་སྐབས་ཁང་པ་སྐྲུན་མཁན་ལ་རྣམ་པ་སྒྱུར་ནས་བཙན་ཤེད་ཀྱིས་འདྲི་རྟོག་དང་ཇུས་འགོད། གདེང་འཇོག ཚབ་སྒྲུབ་སོགས་ཞབས་འདེགས་དང་ལེན་བྱེད་པར་འཇུག་པ་མ་ཟད་ད་དུང་གྲོན་དངུལ་ལེན་པར་གཏན་འགོག་བྱེད་དགོས།

  བཞི་ནི་རོང་འབྲོག་ཁུལ་དུ་གཞུང་དངུལ་བཀོལ་ནས་ཚགས་པར་དང་དུས་དེབ་སྔོན་མངག་བྱེད་པར་བགོ་འགྲེམ་བྱེད་པར་ཞིབ་གཅོད་གཟབ་ནན་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་དང་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སྐབས་སུ་སློབ་གྲྭས་གཞུང་དངུལ་བཀོལ་ནས་ཚགས་པར་དང་དུས་དེབ་སྔོན་མངག་བྱེད་ན་ངེས་པར་དུ་རང་འཐད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རོང་འབྲོག་ཁུལ་དུ་གཞུང་དངུལ་བཀོལ་ནས་ཚགས་པར་དང་དུས་དེབ་སྔོན་མངག་བྱེད་པའི་བཅད་གྲངས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་བགོ་འགྲེམ་བྱེད་པ་ལྟར་འགྲེམ་སྤེལ་བྱེད་པར་གཏན་འགོག་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་ལ་ཚགས་པར་དང་དུས་དེབ་བགོ་འགྲེམ་བྱེད་པའི་བྱ་སྤྱོད་འབྱུང་ཁུངས་ནས་ཚོད་འཛིན་བྱེད་པར་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།སྡེ་ཁག་སོ་སོས་ལག་བསྟར་བྱེད་ཆོག་པའི་ཐག་གཅོད་བྱ་ཐབས་དང་ཐབས་ཤེས་སྤྱད་དེ་འབྱུང་ས་ནས་གནད་དོན་ཐག་གཅོད་པར་བརྩོན་ལེན་བྱེད་དགོས་པ་དང་། མང་བསྡུ་དང་ཡང་ན་བསྡུ་མི་རུང་བའི་གྲོན་དངུལ་རོང་འབྲོག་པའམ་སྡེ་བའི་ཐུན་མོང་ལ་རྦད་ཆོད་ཀྱིས་ཕྱིར་སྤྲད་དེ་བཅོས་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་ཐོབ་པ་ཁག་ཐེག་བྱེད་དགོས། དེའི་ནང་དུ་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སྐབས་སུ་སློབ་གྲྭས་རང་དགར་གྱིས་གྲོན་དངུལ་བསྡུ་བར་བཅོས་སྐྱོང་བྱེད་པ་དེ་ཞིང་ཆེན་སློབ་གསོ་ཐིན་གྱིས་བཀོད་སྒྲིག་བྱེད་པའི་འགན་འཁུར་དགོས། སྡེ་བ་དང་ཞང་ལ་གཏོང་བའི་གཞུང་ལམ་བསྐྲུན་པའི་ཆེད་དུ་རོང་འབྲོག་པའམ་སྡེ་བའི་ཐུན་མོང་ལ་རང་དགར་གྱིས་བགོ་འགྲེམ་དང་མ་དངུལ་རུབ་བསྡུས་བྱེད་པར་བཅོས་སྐྱོང་བྱེད་པ་དེ་ཞིང་ཆེན་ཀུན་སྤྱོད་ཡོ་བསྲང་གཞུང་ལས་ཁང་གིས་བཀོད་སྒྲིག་བྱེད་པའི་འགན་འཁུར་དགོས། རོང་འབྲོག་པས་ཁང་པ་བསྐྲུན་པར་རང་དགར་གྱིས་གྲོན་དངུལ་བསྡུ་བར་བཅོས་སྐྱོང་བྱེད་པ་དེ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱེད་པའི་འགན་འཁུར་དགོས། རོང་འབྲོག་ཁུལ་གྱིས་གཞུང་དངུལ་སྤྱད་དེ་ཚགས་པར་དང་དུས་དེབ་སྔོན་མངག་བྱེད་པར་བགོ་འགྲེམ་བྱེད་པར་བཅོས་སྐྱོང་བྱེད་པ་དེ་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་བཀོད་སྒྲིག་བྱེད་པའི་འགན་འཁུར་དགོས། ཞིང་ཕྱུགས་དང་ཀུན་སྤྱོད་ཡོ་བསྲང་། ནོར་སྲིད། རིན་གོང་སོགས་སྡེ་ཁག་དང་སྡེ་ཚན་གྱིས་སྐུལ་འདེད་དང་ཞིབ་བཤེར་བྱེད་པའི་འགན་ཁུར་ཏེ་བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།