གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༤

《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་བསྟན་དོན། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྐྱོར་གསར་སྤེལ་གྱི་སྤྱིའི་བླང་བྱ་སྔར་བས་གསལ་པོ་ཡོང་བ་བྱེད་དགོས།

དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་བཅས་རེད། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་ལ་སྒྲུབ་རྒྱུའི་ཁས་ལེན་ཞིག་ཡིན་ལ་ངེས་པར་དུ་འགག་སྒྲོལ་དམག་འཐབ་དེར་རྒྱལ་ཁ་ལེན་དགོས་པ་དང་། ངེས་པར་དུ་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་མཛུབ་ཁྲིད་བསམ་བློ་འཛུགས་པ་དང་སྤྱིའི་དམིགས་ཚད་གཏན་འཁེལ་བྱེད་དགོས།

(གཅིག)མིག་སྔ་དང་སླད་ཕྱིན་ལོ་འགའི་རིང་གི་དབུལ་སྐྱོར་གསར་སྤེལ་གྱི་མཛུབ་ཁྲིད་བསམ་བློ་ཁ་གསལ་བཟོ་དགོས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབུལ་སྐྱོར་ལས་དོན་ཐད་གསུང་བཤད་གལ་ཆེན་ཐེངས20ལྷག་ཙམ་གནང་བ་དང་། ས་ཁུལ་དབུལ་པོར་བརྟག་ཞིབ་དང་རྟོག་ཞིབ་ཐེངས10ལྷག་ཙམ་གནང་བ། དབུལ་སྐྱོར་གསར་སྤེལ་གྱི་བཞུགས་མོལ་ཚོགས་འདུ་ཆེད་མངགས་ཐེངས་ཁ་ཤས་འཚོགས་ནས2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུའི་སྐུལ་སློང་གི་བཀའ་རྒྱ་བཏང་གནང་བ་རེད། ཙུང་ལི་ལི་ཁེ་ཆང་གིས་ཀྱང་དབུལ་སྐྱོར་གསར་སྤེལ་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་ས་ཁུལ་དབུལ་པོར་ཐེངས་མང་ཕེབས་ཏེ་བརྟག་ཞིབ་དང་རྟོག་ཞིབ་གནང་ནས་ལོ་གཉིས་བསྟུད་མར་དབུལ་པོ་མི་ཁྲི1000ལྷག་ཙམ་ཉུང་དུ་བཏང་བ་དེ་སྲིད་གཞུང་གི་ལོ་འཁོར་གྱི་ལས་ཀའི་དམིགས་ཚད་ནང་བཅུག་ཡོད། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་འཕེལ་རྒྱས་མཉམ་སྤྱོད་ལ་སྐུལ་མ་བཏང་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དེ་གཞི་རྩའི་འཐབ་ཇུས་སུ་བརྩིས་ནས་གནད་སྨིན་རོགས་སྐྱོར་དང་ས་ཁོངས་གསར་སྤེལ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་གལ་ཆེ་མཉམ་འཛིན་བྱེད་པ། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་ལེན་སྦྲེལ་མཐུད་ནུས་ལྡན་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་དམིགས་བསལ་གྱི་བྱེད་ཐབས་སྤྱད་པ་དང་། ཉམས་སད་ཐེག་ཐུབ་པའི་བྱ་ཐབས་སྤེལ་བ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་པ། དབུལ་སྒྲོལ་གྱི་དཀའ་གནད་སེལ་བ་བཅས་བྱེད་དགོས།

(གཉིས)དབུལ་སྐྱོར་ལས་གྲྭ་ལག་བསྟར་བྱེད་པའི་སྤྱིའི་དམིགས་ཚད་ཁ་གསལ་བཟོ་དགོས།

མིག་སྔར། རྒྱལ་ཡོངས་སུ་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་གསལ་དཀའ་ངལ་ཡོད་པའི་ས་ཁུལ14དང་། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང592 གྲོང་ཚོ་དབུལ་པོ་ཁྲི12.8 དུད་ཚང་དབུལ་པོ་ཁྲི2948.5 མི་འབོར་དབུལ་པོ་ཁྲི7017བཅས་ཡོད་པས་ངེས་པར་དུ་རྣག་ཐོག་བཙག་འཁེལ་གྱིས་སྨན་བཅོས་བྱེད་དགོས། 2020ལོར་སླེབས་སྐབས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་བསྟུན་ནས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི(2010ལོའི་རིན་གོང་འགྱུར་མེད་བཞིན་རྩིས་བརྒྱབ་ནས་ཞིང་པ་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར2300ཟིན་པ་གཞིར་བཟུང)ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱེད་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱེད་པ། ས་ཁོངས་རང་བཞིན་གྱི་དབུལ་པོ་ཚང་མ་ཐག་གཅོད་ཐུབ་པ་བཅས་བྱེད་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཟས་གོས་ཐད་སེམས་ཁྲལ་མེད་པ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་བརྟན་པོའི་ངང་འགན་ལེན་ཐུབ་པ་བྱས་ནས་ས་ཁུལ་དབུལ་པོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་སྟོན་གྲངས་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་གནས་ཐུབ་པ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།