གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༦

གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་བསྟར་དགོས།    

རང་རྒྱལ་གྱི་ས་ཁོངས་འཕེལ་རྒྱས་ཧ་ཅང་དོ་སྙོམས་མེད་པར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20ལྷག་ཙམ་ལ་མི་འབོར་དབུལ་པོ་ཁྱབ་ཡོད་པས། དབུལ་སྐྱོར་དབུལ་སྒྲོལ་བྱེད་པར་ངེས་པར་དུ་མི་དང་ས་ཁུལ་ལ་བསྟུན་པའི་སྲིད་ཇུས་ལག་ལེན་བསྟར་ནས། ངལ་རྩོལ་ནུས་ཤུགས་ཡོད་མཁན་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ས་ཕྱོགས་གཅིག་གི་རི་ཆུས་ས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་མཁན་ལ་དབུལ་སྐྱོར་གནས་སྤོ་བྱེད་པ། སྣོད་བཅུད་ཧ་ཅང་གལ་ཆེན་དང་ཉམས་ཞན་ལ་སྣོད་བཅུད་སྲུང་སྐྱོབ་ཀྱི་དབུལ་སྐྱོར་བྱེད་པ། ངལ་རྩོལ་ནུས་ཤུགས་མེད་མཁན་ལ་མཐའ་སྐྱོང་རང་བཞིན་གྱི་འགན་སྲུང་སྲིད་ཇུས་ལག་ལེན་བསྟར་བ། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་མཁན་ལ་སྨན་བཅོས་རོགས་སྐྱོབ་ཀྱི་འགན་ལེན་མཁོ་འདོན་བྱེད་པ་བཅས་བྱས་ཏེ། དབུལ་སྐྱོར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས།

1. ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་བྱེད་དགོས། ས་ཁུལ་དབུལ་པོར་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་རོགས་བྱེད་པ་དང་། གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་དེ་ལས་སྣོན་བྱ་རྒྱུར་སྐུལ་ལྕག་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། ལེགས་ཆའི་ནུས་ཁུངས་ཡིན་པའི་གཏེར་ཁའི་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ་བཅས་བྱེད་དགོས། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཤུགས་ཆེར་གཏོང་ཕྱིར། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དབུལ་པོའི་ས་ཁུལ་གྱི་རྫོང་དུ་ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་བཅས་ནོར་སྲིད་ནས་རྫོང་རིམ་པའི་ནོར་སྲིད་ལ་དངུལ་འབོར་གྲངས་ཚང་ཕྱིར་སློག་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཁུལ་ཕྱིའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་དུ་ཀྲུང་དབྱང་ནོར་སྲིད་ནས་རྫོང་རིམ་པའི་ནོར་སྲིད་ལ་དངུལ་འབོར་གྲངས་ཚང་ཕྱིར་སློག་པའི་སྲིད་ཇུས་ལག་ལེན་བསྟར་དགོས།

2. ངལ་ནུས་ཕྱིར་གཏོང་ལ་ཁྲིད་སྟོན་བྱས་ནས་དབུལ་སྒྲོལ་བྱེད་དགོས། ངལ་ནུས་ཕྱིར་གཏོང་གི་གསོ་སྦྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མུ་མཐུད་ལས་རིགས་རྩལ་ནུས་མཐོར་གཏོང་གི་འཆར་གཞི་ལག་ལེན་བསྟར་བ་དང་། ཕྱིར་གཏོང་དང་ནང་འདྲེན་ས་གནས་ཀྱི་ངལ་ནུས་སྦྲེལ་མཐུད་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྱིམ་ལས་དང་། ཟོག་འགྲེམས། རྒན་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས། ས་ཁུལ་དབུལ་པོའི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་འཚོ་བ་བརྟན་པོ་སྐྱེལ་ཐུབ་མཁན་གོ་རིམ་ལྡན་པའི་སྒོ་ནས་གྲོང་མིར་འགྱུར་བ་བྱེད་དགོས།

3. ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་ལག་ལེན་བསྟར་དགོས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་གཞི་སྒྲིག་བཟོ་བྱས་ཏེ། འཚོ་སྡོད་ཆ་རྐྱེན་ཞན་པོ་དང་། སྣོད་བཅུད་ཁོར་ཡུག་ཉམས་ཞན། རང་བྱུང་གནོད་འཚེ་ཡང་སེ་ཐོན་པ་བཅས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་འབོར་དབུལ་པོར་མང་ཚོགས་ཀྱི་རང་མོས་དང་ཧུར་བརྩོན་དང་གཟབ་ནན་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་གནས་སྤོ་བཀོད་སྒྲིག་བྱེད་དགོས། བསྡོམས་རྩིས་རགས་ཙམ་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་གནས་སྤོ་བྱེད་དགོས་པའི་མི་འབོར་དབུལ་པོ་ཁྲི་1000ཙམ་ཡོད། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་དང་ས་གནས་རིམ་ཁག་སྲིད་གཞུང་གི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་བྱ་ཐབས་གསར་གཏོད་བྱས་ཏེ། ཐབས་ལམ་སྣ་ཚོགས་ཐོག་ནས་མ་དངུལ་སྒོར་དུང་ཕྱུར6000གྲབས་གསོག་གིས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡོད་པ། ཕྱུག་འགྱུར་བྱེད་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས།

4. སྤྱི་ཚོགས་འགན་སྲུང་མཐའ་སྐྱོང་གི་སྲིད་ཇུས་ལག་ལེན་བསྟར་དགོས། སྐྱོན་བྲལ་གྱི་དབུལ་སྐྱོར་འདུ་འགོད་ལག་ལེན་བསྟར་ནས་ས་ཁུལ་དབུལ་པོའི་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནད་ཆེན་འགན་བཅོལ་གྱི་འགྲོ་གྲོན་དང་སྨན་བཅོས་རོགས་སྐྱོབ་སོགས་ཟུང་འབྲེལ་བྱས་ནས། ནད་གཞི་ལྕི་པོ་ཕོག་མཁན་ལ་མཐའ་སྐྱོང་འགན་སྲུང་ཐུབ་པ་བྱེད་དགོས་པ་མ་ཟད། དབང་པོ་སྐྱོན་ཅན་དབུལ་པོར་བདེ་ཐང་གི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་ནུས་ལྡན་ངང་སྦྲེལ་མཐུད་བྱས་ཏེ། མི་འབོར་དབུལ་པོར་འགན་བཅོལ་བྱེད་དགོས་རིགས་ལ་འགན་བཅོལ་ཐུབ་པ་བྱེད་དགོས། 

ས་ཁུལ་དབུལ་པོའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ས་ཁུལ་དབུལ་པོ་དང་ཅུང་དར་རྒྱས་ཆེ་བའི་ས་ཁུལ་དབར་གྱི་ཧེ་བག་དེ་སློབ་གསོ་དང་། འཕྲོད་བསྟེན། རིག་གནས། སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐད་ནས་མཚོན་གྱི་ཡོད་པས་ངེས་པར་དུ་ཧེ་བག་ཆུང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།

1.ས་ཁུལ་དབུལ་པོའི་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། “དབུལ་སྐྱོར་བྱེད་པར་རིག་སྟོབས་དབུལ་སྐྱོར་བྱེད་དགོས” སློབ་གསོའི་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པའི་འདུ་འགོད་ལག་ལེན་བསྟར་བར། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚང་མར་དྲང་སྙོམས་དང་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་པ་བྱས་ཏེ་དབུལ་པོ་བུ་རབས་ཚ་རྒྱུད་མི་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་འགྲོ་གྲོན་མུ་མཐུད་ས་ཁུལ་དབུལ་པོ་དང་རྨང་གཞིའི་སློབ་གསོར་ཕྱོགས་དགོས་པ་དང་། “དམིགས་བསལ་ལས་གནས་འཆར་གཞི”དང“རྒྱལ་ཁབ་གསོ་སྦྱོང་འཆར་གཞི”དེ་ས་ཁུལ་དབུལ་པོར་ཕྱོགས་དགོས། ས་ཁུལ་དབུལ་པོར་མཐོ་འབྲིང་དཀྱུས་མའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་སྔོན་ལ་ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་སློབ་ཏུ་བསྐྱོད་ཐུབ་པ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས།

2.གཞིས་ལུས་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་དང་དེ་བཞིན་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི“གཞིས་ལུས་གསུམ”དང་དབང་པོ་སྐྱོན་ཅན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་ཆ་འཕྲིན་དོ་དམ་དང་ཞབས་ཞུའི་མ་ལག་འཛུགས་དགོས། ན་སོ་དར་ལ་མ་འབབ་པའི་མིར་ལྟ་སྐྱོང་དང་དཀའ་ངལ་ཡོད་པའི་བྱིས་པར་ཕན་བདེའི་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་དམིགས་བསལ་ཁྱིམ་ཚང་དབུལ་པོར་དཀའ་གནད་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ལྕིའི་དབང་པོ་སྐྱོན་ཅན་ལ་ནད་སྐྱོང་ཁ་གསབ་ལམ་ལུགས་འཛུགས་མགྱོགས་སུ་གཏོང་དགོས།

3.མང་ཚོགས་དབུལ་པོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ཤིང་། རིག་གནས་དམངས་ཕན་དབུལ་སྐྱོར་རྣམ་གྲངས་ཁག་གཅིག་གཅིག་སྡུད་ཐོག་ལག་ལེན་བསྟར་དགོས་པ་སྟེ། གཙོ་གནད་ནི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུའི་དྲ་རྒྱ་དང་། གྲངས་གཞིའི་རིག་གནས་ཞབས་ཞུ། ཡུལ་དེ་རང་གི་འཇོན་ཐང་ཅན་གསོ་སྐྱོང་། སྐོར་སྐྱོད་རིག་གནས་ཞབས་ཞུ་སོགས་རེད། ས་ཁུལ་དབུལ་པོས་མི་རིགས་དང་དམངས་ཁྲོད་རིག་གནས་ཤུལ་བཞག་དང་ཐོན་ཁུངས་སྔོག་འདོན་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིག་གནས་བྱ་གཞག་འགྲོ་གྲོན་ས་ཁུལ་དབུལ་པོར་གཟིགས་སྐྱོང་དགོས་པ་བཅས་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ།

“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་མི་དམངས་བདེ་སྐྱིད་ཡོང་ཐབས་བྱེད་པ་ཞིག་ཡིན། ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་མོད། འོན་ཀྱང་ཀྲུང་གོ་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱབ་ཁབ་ཆེ་ཤོས་ཤིག་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་གྱི་འཕེལ་རྒྱས་ཧེ་བག་ཆུང་དུ་གཏོང་རྒྱུ་དེ་ང་ཚོར་འཕྲད་དང་འཕྲད་མུས་ཀྱི་འགྲན་སློང་ཆེན་པོ་ཞིག་རེད། ཕྱོགས་ཡོངས་འབྱོར་འབྲིང་ཞེས་པ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་འབྱོར་འབྲིང་ཡིན་པས་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། མ་འོངས་ལོ་5ཡི་ནང་ང་ཚོས་ཀྲུང་གོའི་ད་ཡོད་ཀྱི་ཚད་གཞིའི་ཐོག་མི་འབོར་དབུལ་པོ་ཁྲི7000ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ནི་ཀྲུང་གོས2015ལོའི་རྗེས་སུ་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་བྱས་པའི་གོམ་སྟབས་གལ་ཆེན་ཞིག་རེད”

དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་དཔལ་འབྱོར་ཕྱོགས་སྒྱུར་དང་སྤྱི་ཚོགས་ཡར་ཐོན་གྱི་མེ་ལོང་ལྟ་བུ་ཞིག་ཡིན། དབུལ་པོར་འགྱུར་བའི་རྐྱེན་རྩ་དང་། ཁྱད་ཆོས། ཁྱབ་ཚུལ་ཆོས་ཉིད་བཅས་ཤེས་རྟོགས་དང་སྟངས་འཛིན་བྱེད་པ་ནི་དབུལ་སྐྱོར་འཆར་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་དབུལ་སྐྱོར་གསར་སྤེལ་ནི་ང་ཚོའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཀྱི་ལས་དོན་གལ་ཆེན་ཞིག་རེད་ལ་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཀྱང་རེད། ང་ཚོས་སེམས་ནུས་མང་ཤོས་འདོན་པ་ནི་དབུལ་སྐྱོར་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་རིམ་བཞིན་དགོས་གཏུགས་ཆེ་བའི་སྐབས་སུ་སླེབས་སྐབས“མི་གཅིག་ཀྱང་མི་ལུས་པ་བྱེད་པ”དང“ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི”དམིགས་ཚད་མངོན་འགྱུར་ཐུབ་མིན་དེ་དབུལ་སྐྱོར་ཡག་པོ་བྱས་མིན་དང་འབྲེལ་བ་དམ་ཟབ་ཡོད། “གནད་སྨིན་དབུལ་སྐྱོར”དེ་རྒྱབ་ཁབ་ཀྱི་འཐབ་ཇུས་ལ་གྱུར་ཟིན་པས“རྒྱུན་སྲོལ་ལས་བརྒལ་བའི”བྱ་ཐབས་དང་སྲིད་ཇུས་རབ་དང་རིམ་པ་ཟུང་འབྲེལ་ཐད་མཐོང་ཐུབ་པའི་ཕན་འབྲས་ཐོན་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཁ་གསལ་བཏོན་གནང་ཡོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།