གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༧

སྙིང་སྟོབས་དབུལ་སྐྱོར་དང་རིག་སྟོབས་དབུལ་སྐྱོར།

“ང་ཚོས་སྒོ་དབྱེ་རྣམ་པའི་དབུལ་སྐྱོར་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་དེ་ཉིད་དབུལ་སྒྲོལ་གྱི་རྩ་བའི་ཐབས་ལམ་ལ་བརྩི་དགོས། དབུལ་སྐྱོར་བྱེད་པ་ཙམ་མ་ཟད། དབུལ་སྐྱོར་བྱ་ཡུལ་གྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས་ལ་ཁོང་ཚོའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་དང་ནུས་པ་གཙོ་བོ་འདོན་སྤེལ་ཡང་བྱེད་དགོས”

དབུལ་སྐྱོར་ཞེས་པ་དེ་གཙོ་བོ“སྐྱོར”ཞེས་པའི་ཡིག་འབྲུ་དེར་རགས་ལུས་ཡོད། རྒྱུ་དངོས་སྤྲད་པ་དེ་སྐབས་འཕྲལ་གྱི་དཀའ་ངལ་བསལ་བ་ཙམ་ཡིན། དབུལ་སྐྱོར་རྣམ་གྲངས་དང་དབུལ་སྐྱོར་མ་དངུལ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ས་ཁུལ་དབུལ་པོའི“རང་བརྟེན་ནུས་པ”སླར་གསོ་བྱས་ཚེ། གཞི་ནས་དབུལ་པོའི་འབྱུང་རྩ་མེད་པ་བཟོས་ནས་ཕྱུག་པོ་ཆགས་ཐུབ། མི་འབོར་དབུལ་པོ་རྣམས་དབུལ་པོར་གྱུར་དོན་མི་འདྲ་བ་ཡོད་པ་སྟེ། ཁག་གཅིག་སློབ་གྲྭར་བསྐྱོད་མི་ཐུབ་པ་དང་། ཁག་གཅིག་ནད་གཞི་བསྟེན་མི་ཐུབ་པ། ཁག་གཅིག་ཉེན་ཡོད་སྡོད་ཁང་ནང་སྡོད་དགོས་པ། ཁག་གཅིག་ལ་ངལ་རྩོལ་ནུས་ཤུགས་མེད་པ། ཁག་གཅིག་ལ་འཁོར་རྒྱུག་མ་དངུལ་མེད་པ་བཅས་རེད། དེར་བརྟེན“སྨིག་མ་དང་སྨ་ར་མཉམ་དུ་བཟུང”རྒྱུ་མེད་པར“ལྡེ་མིག་གཅིག་གིས་སྒོ་ལྕགས་གཅིག་ཕྱེ”ཐུབ་པ་བྱེད་དགོས། ནོ་པེར་དཔལ་འབྱོར་བྱ་དགའ་ཐོབ་མཁན་ཨན་ཀེ་སི·ཏི་ཏུན་གྱིས་ངོས་འཛིན་བྱས་དོན། རྒྱལ་ཁབ་དང་ཧུར་སེམས་ཆེ་བའི་སྤྱི་དམངས་གཉིས་དབར་སྤེལ་རེས་ནུས་ལྡན་མ་བྱས་ཚེ། གོ་ལ་ཧྲིལ་པོ་དབུལ་པོའི་གནས་ལས་སྒྲོལ་དཀའ་བར་གྱུར། གནད་སྨིན་དབུལ་སྐྱོར་ནི་བཙན་ཤེད་ཀྱིས་དབུལ་སྐྱོར་བྱ་རྒྱུ་དེ་མིན་པར་དབུལ་པོའི་འབྱུང་རྩ་མེད་པ་བཟོ་རྒྱུ་དེ་ཡིན། ཚན་རིག་དང་མཐུན་པའི་ལྟ་སྟངས་ཐོག་ནས་དབུལ་སྐྱོར་དང་། སྙིང་སྟོབས་དབུལ་སྐྱོར། རིག་སྟོབས་དབུལ་སྐྱོར་བཅས་ཀྱི་ལམ་ལུགས་ཁོར་ཡུག་ཅིག་བཏོད་དེ་ས་ཁུལ་ཁག་གཅིག་གི“སྒུག་རྟེན་སློང”གསུམ་གྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ཚེ། གཞི་ནས“མིའི་བྱང་ཚད་རང་བཞིན་གྱི་དབུལ་སྒྲོལ”གནད་དོན་ཐག་གཅོད་ཐུབ་ནས་དམངས་ཚོགས་གྲོང་གསེབ་འཛུགས་སྐྱོང་ནང་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་ཐུབ། མཐར་ཐུག་ནས་བརྗོད་ན། དབུལ་པོ་རྣམས་ལ་རོགས་སྐྱོར་བྱེད་པའི་དམིགས་ཡུལ་ནི་ཁོང་ཚོ་རང་ཚུགས་ཐུབ་པ་བྱ་རྒྱུ་དེ་ཡིན། གནད་སྨིན་དབུལ་སྐྱོར་གྱིས་དེ་སྔའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཁྲོད་གཞན་དབང་དང་དམིགས་ཡུལ་མེད་པའི་སྒོ་ནས་མ་དངུལ་གཏོང་བའི་རྣམ་པར་འགྱུར་ལྡོག་བཏང་སྟེ། སྲིད་གཞུང་གིས་ཁོར་ཡུག་ཅིག་ཧུར་ཐག་བཏོད་ནས་དབུལ་སྒྲོལ་གྱི་ནུས་པ་སྐྱེད་སྲིང་བྱེད་དགོས།

གནད་སྨིན་དབུལ་སྐྱོར་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པར་འགྱུར་བ་བྱེད་དགོས།

དབུལ་སྐྱོར་ལས་དོན་གྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་སྲིད་གཞུང་གཅིག་དང་བྱེད་ཐབས་གཅིག་ཁོ་ནར་བརྟེན་ཏེ་མི་ཁྲི་ཚོ་བརྒྱར་དབུལ་སྐྱོར་བྱ་རྒྱུ་དེ་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པས་དབུལ་སྐྱོར་སྲིད་གཞུང་གི་མཐའ་ནུས་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད། དུས་བབ་དེར་བསྟུན་ནས་དབུལ་པོར་གྱུར་རྐྱེན་མི་འདྲ་བར་གཞིགས་ཏེ་རིགས་དབྱེའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐོན་ལས་དབུལ་སྐྱོར་དང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་གི་དབུལ་སྐྱོར། ལས་རིགས་རྩལ་ནུས་གསོ་སྦྱོང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ། ཡུལ་གཞན་དུ་གནས་སྤོ་བྱེད་པ། འགན་སྲུང་མཐའ་སྐྱོང་སོགས་ཀྱི་བྱེད་ཐབས་དེ་དག་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི“གཙོ་གནད”དུ་འགྱུར་བ་བྱེད་དགོས། བྱེད་ཐབས་དེ་དག་ལག་བསྟར་བྱེད་པ་དེས་གཞི་ཁྱོན་གྱི་ནུས་པ་ཆེན་པོ་ཆགས་ཏེ་ཀྲུང་གོའི་དཔལ་འབྱོར་གྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།